Jump to content

སྟེང་ཆེན་རྫོང་།

ཡོང་ཁུངས་Wikipedia
སྟེང་ཆེན་རྫོང་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

རྩོམ་པ་པོ་ཁྱུང་པོ་བ་ཨོ་རྒྱན་རིག (༢༠༢༡། ༠༤། ༢༦།

སྟེང་ཆེན་རྫོང་།


སྟེང་ཆེན་རྫོང་ནི་ (Tengchen; Wylie: steng chen rdzong, ZYPY: Dêngqên Zong; simplified Chinese: 丁青县; traditional Chinese: 丁青縣; pinyin: Dīngqīng Xiàn) བོད་རང་སྐྱོང་ལྗོངས་ལྷ་སའི་བྱང་ཤར་དང་ཆབ་མདོ་ས་ཁུལ་གྱི་ནུབ་ཕྱོགས་སུ་ཆགས་པའི་རྫོང་ཞིག་ཡིན། རྫོང་འདིའི་ཤར་ངོས་སུ་རི་བོ་ཆེའི་རྫོང་དང་། ལྷོ་ངོས་སུ་ལྷོ་རོང་རྫོང་དང་དཔལ་འབར་རྫོང་། ནུབ་ངོས་སུ་སྦྲ་ཆེན་རྫོང་དང་སོག་རྫོང་། བྱང་ངོས་སུ་རྫ་སྟོད་རྫོང་དང་ནང་ཆེན་རྫོང་[]བཅས་ལ་ས་འབྲེལ་དུ་ཆགས་ཡོད།

རྫོང་འདིའི་མིང་སྐོར།

[རྩོམ་སྒྲིག]
སྟེང་ཆེན།
[རྩོམ་སྒྲིག]

“སྟེང་ཆེན་”ཞེས་པའི་མིང་དོན་ནི་གྲོང་རོང་ལྟ་བུ་མ་ཡིན་པར་ལུང་པའི་སྒང་ཁོད་ཡངས་པ་ཞིག་ལ་གོ་བ་དང་། སྤྱིར་མིང་འདི་ད་ལྟའི་རྫོང་གི་སྲིབ་ངོས་སུ་གནས་པའི་སྟེང་ཆེན་ཡུལ་ཚོ་ཆགས་སའི་ས་གནས་དེའི་མིང་ཡིན་ཞིང་། སྤྱི་ཚོགས་རྙིང་པའི་སྐབས་དཀར་རུ་དཔོན་ཚང་ས་གནས་དེར་ཆགས་ཡོད། ད་ལྟའི་རྫོང་ཆགས་ས་དེ་ལ་“འཇའ་མོ་ཐང་”[]ཟེར་ཞིང་“འཇའ་མོ་”ནི་སོག་པའི་སྐད་དུ་ས་ཚུགས་ལ་གོ་ཞིང་དེ་ནི་སྤྱི་ཚོགས་རྙིང་པར་སོག་པོས་དབང་བསྒྱུར་བྱས་སྐབས་བྱུང་། འོན་ཏེ་མིང་མཐའི་“ཐང་”ནི་བོད་སྐད་རང་ཡིན་པར་ངེས།

ཁྱུང་པོ།
[རྩོམ་སྒྲིག]

“ཁྱུང་པོ་”ཞེས་པ་ནི་རྫོང་ཆགས་ཡུལ་ས་གནས་བྱེ་བྲག་པའི་མིང་ཙམ་མ་ཡིན་པར་རྫོང་ཡོངས་ཀྱི་ས་ཁྱོན་ཧྲིལ་པོའི་མིང་ཡིན་ཞིང་མིང་འདི་སྤྱི་ཚོགས་གསར་རྙིང་གཉིས་ཀར་གྲགས། འོན་ཀྱང་ཐ་སྙད་འདི་བོད་ཀྱི་སྔ་རབས་ལོ་རྒྱུས་ཕལ་མོ་ཆེར་མངའ་རིས་ཞང་ཞུང་དང་གཙང་ཁུལ་གྱི་རུས་རྒྱུད་ཅིག་གི་མིང་ཡིན་པ་«ཏུན་ཧོང་ཡིག་རྙིང་»དང་།[] «ཉང་རལ་ཆོས་འབྱུང་»[]དང་«མཁས་པའི་དགའ་སྟོན་»[] «བློན་པོ་བཀའ་ཡི་ཐང་ཡིག་»[] སོགས་སུ་གསལ་བ་ལས་ཁམས་སྟོད་སུམ་པ་རླངས་ཡུལ་གྱིམ་ཤོད་ལ་“ཁྱུང་པོ་”ཞེས་པའི་ཐ་སྙད་བྱུང་བ་མཐོང་དཀའ། འོན་ཀྱང་ཡུལ་འདིར་བོད་གནའ་བོའི་རིག་གནས་གཡུང་དྲུང་བོན་ཤུགས་ཆེར་དར་རྒྱས་ཕྱིན་པ་དང་། བར་སྐབས་ནས་ཡུལ་མིང་ལ་“ཁྱུང་པོ་”ཞེས་ཐ་སྙད་འཇུག་ཚུལ་ལ་དཔགས་ན། སྟོད་ཀྱི་ཁྱུང་པོའི་མི་རྒྱུད་ཁག་གཅིག་ཡུལ་འདིར་འོངས་ནས་གཞིས་ཆགས་པར་བཤད་ཚུལ་དེ་ལ་རྒྱུ་མཚན་ཡོད་པར་སེམས་ཏེ། གཡུང་དྲུང་བོན་གྱི་«མ་ཡིག་གཡུ་མགོ་མ་»[]ལས། ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་མི་རྒྱུད་དག་ལ་ཉམས་ཉེས་ཆེན་པོ་བྱུང་སྐབས། བལ་ཡུལ་དུ་བྲོས་པ་ལ་བལ་ཁྱུང་།  མོན་ཡུལ་དུ་བྲོས་པ་ལ་མོན་ཁྱུང་།  སྟོང་རྒྱུང་རིང་མོའི་སྲས་རྒྱུད་མང་རབས་ཅིག་མངའ་རིས་ནས་གཙང་བརྒྱུད་དེ་ཀོང་པོ་དང་། དེ་ནས་སྤུ་བོ། དེ་ནས་ཁྱུང་འཐོར་ལ་[]ནས་ཁྱུང་པོའི་མི་རྒྱུད་འཐོར་ཏེ་རྒྱུད་པ་བྱུང་རབས་ཡོད། འོན་ཏེ་ཡིད་མ་ཚིམས་པ་ཞིག་ལ་ཁྱུང་འཐོར་ལ་ནས་ཁྱུང་པོའི་རྒྱུད་པ་འཐོར་སོང་བ་ཙམ་ལས་“གྱིམ་ཤོད་”དུ་དངོས་སུ་གནས་ཆགས་པའི་ལོ་རྒྱུས་ཁ་གསལ་མི་སྣང་། འོན་ཏེ་«ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་»ལས་དུས་སྐབས་དེར་ཁྱུང་པོ་མུ་ལངས་ཀྱི་སྐུ་མཆེད་ཁྱུང་འཕགས་ཁྲ་བོ་སྤུ་བོ་ལ་ནག་(ཁྱུང་འཐོར་ལ་)ནས་ཆས་ཏེ་ལྷོ་ཡི་རོང་ལྷ་རྒྱལ་མཚན་ཟུར་ནས་ཚུར་ཡོང་ནས་སུམ་པ་གླང་གི་གྱིམ་ཤོད་དུ་ཕེབས་ཚུལ་འཁོད་ཡོད་པར་བཤད།

སུམ་པ་རླངས་ཡུལ་གྱིམ་ཤོད།
[རྩོམ་སྒྲིག]

དམིགས་བསལ་ཏུ་སྔར་དུས་ཡུལ་འདིར་“སུམ་པ་རླངས་ཡུལ་གྱིམ་ཤོད”ཅེས་ཡོངས་སུ་གྲགས་པ་སྟེ། བོད་བཙན་པོའི་དུས་དང་སིལ་བུའི་དུས་ནས་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་བར་རིམ་པར་བརྩམས་ཏེ་གྲུབ་པའི་«རླངས་ཀྱི་པོ་ཏི་བསེ་རུ་»[]ལས། “རུ་དཔོན་གྱིས་སུམ་པ་རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་བཟུང་།” ཞེས་སོགས་ལས་ཤེས་ནུས། ལར་ནས་«རླངས་ཀྱི་པོ་ཏི་བསེ་རུ་»འདི་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་རྩོམ་སྒྲིག་དང་ཁ་སྣོན་བྱས་ཡོད་པ་ལས། དེབ་འདིའི་ནང་གི་ཁམས་ཁུལ་གྱི་ཡུལ་ལུང་དང་། མི་རྒྱུད། གོམས་གཤིས་སོགས་ཞིབ་ཕྲ་འདི་ལྷ་བུ་ཤེས་པར་མི་ནུས་ཏེ། གཅིག་ནས་ཁོང་དང་ཁོང་ཡན་གྱི་བོད་ཀྱི་རྩོམ་རིག་གྲས་སུ་ཁམས་ཁུལ་ཀྱི་ལོ་རྒྱུས་ཡོད་པའི་དཔྱད་གཞིའི་ཡིག་ཆ་ལ་ཁ་གསལ་མེད་པ་དང་། གཉིས་ནས་ཁོང་རང་ཉིད་ཁམས་ཁུལ་དུ་དངོས་སུ་ཕེབས་ཏེ་ཉམས་མྱོང་དང་རྒྱུས་ལོན་བྱས་པའི་ལོ་རྒྱུས་ཀྱང་མེད་པས་སོ། །དེ་ན་ཡིག་ཆ་འདིར་ཁམས་ཁུལ་གྱི་ལོ་རྒྱུས་ཞིབ་མོར་འགོད་མཁན་དེ་གདོན་མི་ཟ་བར་ཨ་མྱེ་བྱང་ཆུབ་འདྲེ་བཀོལ་ཡིན་པར་སེམས།

ས་བབ་དང་གནམ་གཤིས།

[རྩོམ་སྒྲིག]

རྫོང་གི་ཤར་མཐའ་ནས་ནུབ་མཐའི་བར་སྤྱི་ལེ་ 152 དང་དེ་བཞིན་ལྷོ་བྱང་བར་སྤྱི་ལེ་ 146 ཡོད་ཅིང་ཁྱོན་བསྡོམས་སྤྱི་ལེ་གྲུ་བཞི་མ་ 11562 ཡོད། ས་བབས་ཆགས་ཚུལ་ཐད་བོད་ཤར་ཕྱོགས་ཀྱི་ས་ཁུལ་ཕལ་མོ་ཆེ་ལྟར་ལུང་པ་འབུར་གཤོང་གི་རྣམ་པར་ཆགས་ཤིང་ས་བབ་ནི་ནུབ་བྱང་མཐོ་ཞིང་ཤར་ལྟོ་དམའ། སྤྱིར་ཡུལ་འདིར་རི་ཆུ་མཚོ་གསུམ་གྱི་མཛེས་ལྗོངས་ལྟ་བས་ཆོག་མི་ཤེས་པ་མང་པོ་ཡོད་པ་སྟེ། སྤུལ་རྒྱལ་གངས་རི་གཙོས་པའི་མཐོ་ཚད་རྨིད་ 5000 ལས་བརྒལ་བའི་རི་བོ་བཅུ་ཕྲག་ཡོད། སྤུ་ཐོག་མཚོ་ཆེ་ཆུང་གི་མཚོན་པའི་མཚོ་དང་མཚེའུ། རྟ་ཆུ་དང་། ཞེ་ཆུ། ག་ཆུ་སོགས་ཀྱིས་མཚོན་པའི་གཙང་ཆུ་དྭངས་མོ་ཇི་སྙེད་ཅིག་ཡོད།

ཡུལ་འདིའི་གནམ་གཤིས་ནི་དགུན་དུས་གྲང་ཞིང་སྐམ་ཤས་ཆེ་བ་དང་། དབྱར་དུས་ཚ་གྲང་སྙོམ་ཞིང་གཤེར་ཚད་མཐོ། ལོ་འཁོར་མའི་ཚ་གྲང་གི་འགྱུར་བ་ཆུང་ཡང་ཉིན་གཅིག་གི་ཚ་གྲང་གི་འགྱུར་བ་ཧ་ཅང་ཆེ། ལོ་འཁོར་མོ་གཅིག་གི་ནང་ཆུ་ཚོད་ 2457 རིང་ཉི་མ་འཆར་བས་འཆར་ཡུན་རིང་བ་དང་། ལོ་འཁོར་ཆར་ཞོད་ཀྱི་ཚད་ནི་ 641 mm ཡིན་ཞིང་སད་འབྱུང་བའི་དུས་ཚོད་མངོན་གསལ་མེད།

ལོ་འཁོར་ཆ་སྙོམ་ཚ་གྲང་གི་ཚད་ནི་ 3.4℃ ཡིན་ཞིང་ཚ་ཤོས་ 27℃ དམའ་ཤོས་ཀླད་ཀོར་འོག་གི -25℃ ཡིན་པ་དང་། ས་འཁྱགས་པའི་གཏིང་ཚད་མཐོ་ཤོས་ལ་སོར་ 111 cm. ཡིན།

མི་འབོར་དང་མི་རིགས།

[རྩོམ་སྒྲིག]

སྤྱི་ལོ་ 2020.6 པར་མི་འབོར་བསྐྱར་ཞིབ་ལྟར་ན་མི་གྲངས་ 92,900 སྟེ་འབུམ་ལ་ཉེ་བ་ཡོད་ཅིང་། དེ་དག་ལས་བརྒྱ་ཆ་ 95%བོད་རིགས་དང་། གཞན་དག་ནི་ཧན་རིགས་ (Han 汉族) དང་། ཁ་ཛག་རིགས། (Kazak 哈萨克族) ན་ཤིའི་རིགས། (Naxi 纳西族) ཧུའི་རིགས། (Hui 回族) བའི་རིགས། (Bai 白族) མན་ཆུའི་རིགས། (Manchu,满族) ཡིའི་རིགས། (Yi 彝族) ཏུ་ཇི་ཡ་ཡི་རིགས་Tujia 土家族) སོགས་ཡོད།

གྲགས་ཅན་ས་གནས།

[རྩོམ་སྒྲིག]
ཁྱུང་པོ་རི་བོ་རྩེ་དྲུག Ri-tse-drug (Six Peaks Mountain)

ཁྱུང་པོའི་རི་བོ་རྩེ་དྲུག་ (孜珠寺 Zizhu) ནི་སྟེང་ཆེན་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ 17 གྱི་ས་སྟེ་[༡༠]རྟ་ཆུ་དང་ཞེ་ཆུ་འདྲེས་མཚམས་ཆུ་མདོ་འགག་གི་ཤར་ངོས་ཀྱི་རི་རྒྱུད། རྟ་ཤོད་དང་ལྗང་ཤོད་གཉིས་ཀྱི་བར་དུ་ཆགས་པའི་བྲག་སྤང་འདྲེས་མའི་རི་བོ་དེ་ཡིན། འདི་ལ་གནའ་དུས་སུམ་པ་གླང་གི་གྱིམ་ཤོད་[]ཅེས་པ་དེ་ཡིན་ཞིང་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིས་ 4850 ལྷག་ཙམ་ཡོད། རི་རྒྱུད་འདིའི་ནུབ་མཐའ་རི་རྩེ་དྲུག་རང་ནས་མཚམས་ཆད་ཡོད་ཀྱང་། ཤར་ནས་རིམ་བཞིན། རྟ་རྒྱལ། ཇོ་རྒྱལ། རོམ་རྒྱལ། ཅོ་ཧོ་དགེ་མ། རྟ་ཤོད་ཟལ་མོ་རི་རྒྱུད་ནས་ཚ་བ་སྒང་བར་དུ་ཐུག་ཡོད། རི་རྒྱུད་འདི་དག་རི་རྩེ་མཐོ་ཤོས་ནི་ཅོ་ཧོ་དགེ་མ་སྟེ་བཤད་ཚུལ་ལ་རི་འདིའི་རི་རྩེ་མོ་ནས་བལྟས་ན། རྒྱ་གར་གྱི་རི་རྟ་སྟན་ཙམ་དང་རྒྱ་ནག་གི་རི་བལ་སྟན་མཐོང་ཟེར་སྲོག་ཡོད། དེ་ནས་“རྟ་ཤོད་ཟལ་མོ་རི་”ནི་སྙན་གྲགས་ཅུང་ཆེ་བའི་རྒྱུད་ཅིག་ཡིན་པ་གླིང་སྒྲུང་སོགས་ལས་ཤེས་ཐུབ།

བོན་ལུགས། རི་འདི་གཙོ་བོ་གཡུང་དྲུང་བོན་གྱི་གནས་རི་རྩ་ཆེན་ཞིག་ཏུ་བརྩི་བ་སྟེ། བླ་ཆེན་དྲན་པ་སོགས་རིག་འཛིན་གྲུབ་ཆེན་བརྒྱད་ཅུས་བྱིན་གྱིས་བརླབས་པ་འི་གནས་དང་། ཁྱད་པར་དུ་དབུས་སུ་དབལ་ཆེན་གེ་ཁོད་ཀྱི་གནས་ཤེལ་ལེ་རྒྱ་གར། གཡས་ཕྱོགས་སུ་ཁྲོ་བོ་དབང་ཆེན་གྱི་གནས་རི་རྒོད་ཚང་དང་སུམ་པ་མུ་སྤུངས་གསལ་སྟང་གི་བཞུགས་གནས། གཡོན་ཕྱོགས་སུ་མ་རྒྱུད་གསང་མཆོག་མཐར་ཐུགས་ཀྱི་ངོ་ཐི་སེང་གདོང་ཁྲ་མོ་དང་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་བཞུགས་གནས་སོགས་ངོ་མཚར་བའི་བཀོད་པ་ཇི་སྙེད་གཅིག་ཡོད། གནས་གནས་འདིར་བོན་པོའི་དགོན་ཆེན་ཞིག་ཀྱང་ཡོད།

བན་ལུགས། དུས་རབས་བཅུ་བདུན་པར་བྱོན་པའི་རྙིང་མའི་གཏེར་ཆེན་གནས་ལྩགས་རྩ་གསུམ་གླིང་པས་ (1694–1738) གནས་འདི་ནས་«རྟ་ཕག་ཡིད་བཞིན་ནོར་བུའི་»ཆོས་སྐོར་དང་བོན་ཆོས་«དབལ་སྲས་གསང་བ་ཐ་ནག་»གི་སྐོར་གཏེར་ནས་བཞེས་པའི་ལོ་རྒྱུས་ཡོད། གང་ལྟར་བན་དེ་ཚོས་ཀྱང་གནས་འདིར་རྩ་ཆེན་དུ་བརྩི་ཞིང་གནས་མཇལ་དང་རི་སྐོར་དུ་འགྲོ་སྲོལ་ཡོད། མ་ཟད་བོད་ཀྱི་གླིང་སྒྲུང་ཤོད་མཁན་རྣམ་པས་ཀྱང་རི་འདི་ལ་ཆེ་མཐོང་ཧ་ཅང་ཆེ་བ་སྟེ། «མོན་གླིང་གཡུལ་འགྱེད་»ལས་དཔའ་གཡུ་ལྷས་རི་རྩིས་བྱེད་སྐབས། “མ་མཁའ་འགྲོའི་ཚོགས་འཁོར་བཤམས་འདྲ་དེ། །ཁྱུང་པོ་རི་བོ་རྩེ་དྲུག་རེད། །”ཅེས་སོགས་ཀྱིས་མཚོན།

ཪོང་ཐང་གནས་ཁྲ་མོ། Romthang Neytramo

གནས་ཁྲ་མོའི་རྡོ་འབུམ་ནི་བོད་ཁམས་ཀྱི་མ་ཎི་རྡོ་འབུམ་ཆེ་གྲས་དཔེར་ན་ནང་ཆེན་མ་ཎི་འཇའ་དམར། སྐྱེ་དགུའི་རྒྱ་ནག་མ་ཎི། རྫ་ཆུ་ཁའི་དཔལ་དགེ་མ་ཎི་སོགས་དང་དོ་མཉམ་པའི་མ་ཎི་རྡོ་འབུམ་ཆེན་མོ་ཞིག་ཡིན། གོང་ཞུས་ལྟར་གནས་འདི་ཉིད་གླིང་གེ་སར་ཕེབས་ཏེ་གནས་སྒོ་ཕྱེ་བ་ནས་བཟུང་སྤྱན་རས་གཟིགས་གྱི་གདན་སར་གྱུར་ཏེ་མ་ཎི་རྡོ་འབུམ་ཆགས་ཚུལ་ལྟར་ན་དུས་རབས་བཅུ་གཅིག་པའི་ནང་རྡོ་འབུམ་འདི་བྱུང་ཟིན་པ་དང་།

ཡང་རྒྱ་མོ་བཟའ་ཀོང་ཇོ་ལ་ཡར་གཏུགས་ན་དེའི་སྔོན་ཏེ་དུས་རབས་བརྒྱད་པར་དེད་སོང་ན་ཆོག འོན་ཏེ་ཁ་རྒྱུན་དུ་སེ་རྒྱལ་དབང་བདེ་ཆེན་རྡོ་རྗེས་ཡུལ་ལུང་གང་སར་མ་ཎི་རྡོ་འབུམ་བཞེངས་བའི་ཁྲོད་ཀྱི་གཅིག་ཡིན་པར་གྲགས་ཀྱང་། «སེ་ཕུ་རིག་འཛིན་བདེ་ཆེན་རྡོ་རྗེ་མ་བྱོན་གོང་དང་བྱོན་ཚུལ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་»ནང་ལྷ་ཁང་དང་དགོན་པ་བཞེངས་ཚུལ་ལས་རྡོ་འབུམ་གསར་དུ་བཞེངས་པའི་ལོ་རྒྱུས་མ་འཁོད་པས། གཏམ་རྒྱུད་དེ་དག་ལྷ་ཁང་དང་རྡོ་འབུམ་ནོར་ཏེ་བཤད་ཡོད་པར་སེམས།

རྡོ་འབུམ་ཆགས་ཡུལ་ནི་རྨེ་རུ་རོམ་ཐང་གྲོང་གི་ཆུ་འགྲམ་དང་། མ་ཎི་བརྐོ་སའི་རྡོ་ཕལ་མོ་ཆེ་ནི་ཆུ་རྡོ་གྲོ་དཀར་གྱི་རིགས་“བྱ་རྡོ་”ཞེས་པ་ཞིག་ཡིན་ཞིང་རྡོ་དེ་དག་ཉེ་འཁོར་གྱི་བྱ་ཆུ་དང་རྟ་ཆུའི་རྒྱུད་དུ་ཡོད། བརྐོ་བྱའི་གསུང་རབ་ནི་གཙོ་བོ་མ་ཎི་དང་། བཛྲ་གུ་རུ། ཚེ་མདོ། རྡོ་གཅོད། ལྟུང་བཤགས། ཐར་མདོ། གསེར་འོད། གདུགས་དཀར། བརྒྱད་སྟོང་པ། རྡོ་བརྐོས་ལྟ་སྐུ། ཆེ་ས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡང་ཚར་གྲངས་མི་ཉུང་བ་ཡོད་པར་ངེས།

རྡོ་འབུམ་འདིའི་རིང་ཚད་ལ་སྐུམ་ཁྲུའམ་མེ་ཊར་ 80 ཞིང་ཚད་ལ་ 65 ཙམ་ཡོད། ས་ངོས་ནས་ཡར་འཕགས་པའི་མཐོ་ཚད་ལ་ཆ་སྙོམ་ཐོག་བརྩེགས་གཉིས་ཙམ་དང་། ས་འོག་ཏུ་ནུབ་ཟིན་པའི་ཚད་ལ་ཐོང་གཤོལ་གྱི་གཤོལ་མདའ་ཞིག་གི་ཚད་ལས་རིང་བར་གྲགས་པས་ཐོག་བརྩེགས་གཅིག་ལས་མཐོ་བར་སེམས། མདོར་ན་གནས་ཁྲ་མོའི་མ་ཎི་རྡོ་འབུམ་ཆེན་མོ་འདི་ནི་ཁྱུང་པོའི་ཡུལ་གྱི་བཀའ་བན་བོན་གཉིས་ལས་བནྡེའི་གནས་རྩ་ཆེ་ཤོས་དང་སྙན་གྲགས་ཆེ་ཤོས་ཤིག་ཡིན།

རྟ་ཤོད་ཟལ་མོ་རི་རྒྱུད། Tashod Zalmori

རྟ་ཤོད་ཟལ་མོ་རི་ནི་སྟེང་ཆེན་དང་རི་བོ་ཆེ་རྫོང་གཉིས་ཀྱི་མཚམས་སུ་ཁེལ་ཡོད་ཅིང་སྟེང་ཆེན་ནས་སྤྱི་ལེ་ 80 ཙམ་གྱི་སར་ཡོད་ཅིང་། ཁྱུང་པོ་རྨེ་རུ་གློག་ཐང་ (麦日村 Mairicun) གི་མདུན་ཐད་ཏག་ཏག་ལ་ཁེལ་གྱི་ཡོད། གནས་འདི་རྙིང་མའི་ལུགས་ཀྱི་གནས་རི་རྩ་ཞིག་ཏུ་བརྩི་བ་སྟེ། གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེས་ (1655–1708) རྟ་ཤོད་ཟལ་མོའི་རི་སྒྲོལ་མ་ལ་ཁའི་བྲག་ནས་«གུ་རུ་སྣང་སྲིད་ཟིལ་གནོན་གྱི་བསྐང་བཟློག་»སྐོར་ཁྲོམ་གཏེར་དུ་བཞེས་པར་གྲགས། ཡུལ་མི་ཚོས་དབྱར་དུས་སུ་ནོར་ལུག་དེད་དེ་གནས་སྐོར་དུ་འགྲོ་སྲོལ་ཡོད། ཡང་གེ་སར་གྱི་སྒྲུང་ཡིག་དུ་མའི་ནང་། “རྟ་ཤོད་ཟལ་མོའི་རི་རྒྱུད་ལ། །རྟ་སྒབ་མའི་སྒབ་མ་ཁྲིད་འདྲ་ཡོད། །”ཅེས་པ་གྲགས་ཆེན་རི་བོ་ཞིག་ཏུ་བརྩི་བ།

སྤུ་རྒྱལ་གངས་རི། Purgyal Snow Mountain

ཁྱུང་པོའི་ཡུལ་གྱི་གངས་རི་མཐོ་ཤོས་ནི་སྤུ་རྒྱལ་གངས་རི་ཡིན་ཞིང་སྟེང་ཆེན་རྫོང་ག་ཐ་ (嘎他乡) ཡུལ་ཚོའི་ཁོངས་སུ་གཏོགས། འདི་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་རྨིས་དྲུག་སྟོང་སུམ་བརྒྱ་ཉེར་བརྒྱད་ཡོད་ཅིང་། རི་འདི་སྟེང་ཆེན་རྫོང་དང་། སྦྲ་ཆེན་རྫོང་། སོག་རྫོང་བཅས་འབྲེལ་མཚམས་སུ་ཆགས་ཡོད། འདི་ཡོད་སར་འགྲོ་དགོས་ན། སྟེང་ཆེན་རྫོང་ཐོག་ནས་སྤྱི་ལེ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད། གཞུང་ལམ་ཨང་སུམ་བརྒྱ་དང་བཅུ་བདུན་པའི་རྒྱུད་ན་ཡོད་པའི་མ་རུ་གྲོང་ཚོའི་ལམ་རྟགས་ཡོད་ས་ནས་བལྟས་ན། སྤུ་རྒྱལ་གངས་རིའི་ཟུར་ཆ་ཅུང་མཐོང་ཐུབ། དེ་ནས་རླངས་འཁོར་ཆུ་ཚོད་གཅིག་ཙམ་གྱིས་བགྲོད་ཐུབ་ཀྱང་འགྲོ་ལམ་སྣུམ་ལམ་མེད་པས་དཀའ་ངལ་ཡོད། རི་འདིར་དུས་བཞིར་འགྱུར་བ་མེད་པར་རང་བྱུང་དུང་གི་མཆོད་རྟེན་ཞིག་ཏུ་ལྷུན་གྱིས་གྲུབ། མ་ཟད་རི་འདི། གཡུང་དྲུང་བོན་གྱི་གནས་རི་རྩ་ཆེན་ཞིག་ཏུ་ཡང་བརྩི་སྲོལ་ཡོད། ཞིབ་ཕྲ་ཤེས་འདོད་ན་སྤུ་རྒྱལ་གངས་རིའི་གནས་ཡིག་སོགས་ལ་བལྟ་བར་འོས།

སྤུ་ཐོག་མཚོ། Puthog lakes

སྤུ་ཐོག་མཚོ་ནི་སྟེང་ཆེན་རྫོང་སྟེང་ཆེན་ཡུལ་ཚོའི་ཁོངས་སུ་ཡོད་ཅིང་བྱང་ངོས་ནས་ལ་ཞིག་བརྒལ་ན་སླེབས་ཐུབ་ལ་རྫོང་ཐོག་ནས་སྤྱི་ལེ་ 25 ཙམ་གྱི་ལམ་ཐག་ཡོད། སྤྲུ་ཐོག་མཚོ་ཞེས་པ་དེ་མཚོ་གཅིག་རང་མ་ཡིན་པར་རྒྱ་ཁྱོན་མི་འདྲ་བའི་ས་བབ་མཐོ་བའི་མཚེའུ་གཉིས་ལས་གྲུབ་ཡོད། དེ་ཡང་ཤར་ངོས་སུ་ཡོད་པ་དེར་སྤུ་ཐོག་མཚོ་ཆུང་ཟེར་ཞིང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་གཉིས་ (2 square kilometers) ཡོད་པ་དང་། ནུབ་ངོས་སུ་ཡོད་པ་དེར་སྟོད་མཚོ་ཆེན་ཟེར་ཞིང་སྤྱི་ལེ་གྲུ་བཞི་མ་གསུམ་ (3 square kilometers) གྱི་རྒྱ་ཁྱོན་ཡོད་པ་དང་། མཚོ་གཉིས་ཀྱི་བར་དུ་སྤྱི་ལེ་ 5 ཙམ་གྱི་བར་ཐག་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་གཞུ་འདོམ་(རྨིས་) 4000-4600 བར་ཙམ་ཡིན།་མཚོ་ཆུའི་འབྱུང་ཁུངས་ནི་ཉེ་འཁོར་དུ་ཡོད་པའི་གངས་རི་དག་ཡིན། ས་གནས་དེ་ནི་རི་བོ་ཆེའི་ཁོངས་གཏོགས་རྡོ་ཤུལ་བ་དང་ནང་ཆེན་འབྲོག་པ་སོགས་དང་ས་འབྲེལ་དུ་ཆགས་ཡོད།

རང་བྱུང་ཆུ་ཚན།
[རྩོམ་སྒྲིག]

གཞུང་ལམ་ཨང་ 317 པའི་ཕྱོགས་གཡས་གཡོན་གཉིས་ཀར་རང་བྱུང་ཆུ་ཚན་ཆེ་ཆུང་བཅུ་གྲངས་ཡོད་ཅིང་ཆུའི་དྲོད་ཚད་ 38 ནས་ 50 ℃ བར་ཡིན། ཚུ་ཚན་དེ་དག་ཏུ་ཉལ་ན་ལྤགས་ནད་དང་གྲང་བ་སོགས་ལ་ཧ་ཅང་ཕན།

གྲགས་ཅན་མི་སྣ།

[རྩོམ་སྒྲིག]

སྤྱིར་ན་བོད་འདིར་གྲགས་ཆེ་བའི་ཁྱུང་པོའི་མི་རྒྱུད་བརྗོད་ཀྱིས་མི་ལང་ཡོད་པ་སྟེ། དུས་རབས་བདུན་པར་བྱུང་བའི་བོད་བཙན་པོའི་བཀའ་བློན་“ཁྱུང་པོ་སྤུངས་སད་ཟུ་ཙེ”དང་། མེ་ཨག་ཚོམ་སྐབས་སྨན་གཞུང་བོད་ལ་སྒྱུར་མཁན་“ཁྱུང་པོ་ཙེ་ཙེ།” དུས་རབས་དགུ་པ་ཙམ་ལ་བྱུང་བའི་ཡིག་མཁན་གྲགས་ཅན་“ཁྱུང་པོ་གཡུ་ཁྲི།” བསྟན་པ་ཕྱི་དར་སྐབས་ཀྱི་ཤངས་པ་བཀའ་བརྒྱུད་སྲོལ་འབྱེད་པ་པོ་“མཁས་གྲུབ་ཁྱུང་པོ་རྣལ་འབྱོར།” ལོ་ཙཱ་བ་“ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་”དང་“ཁྱུང་པོ་གྲགས་སེ།” དེ་ཙམ་མ་ཟད་དག་པོ་བཀའ་བརྒྱུད་པའི་བསྟན་པའི་སྲོང་ཞིང་“རྗེ་མི་ལ་རས་པའི”རུས་རྒྱུད་ཁྱུང་པོ་ཡིན་པོ་ཡིན་ལ། ཕྱིས་བྱོན་རིས་མེད་ཀྱི་སྐྱེས་ཀོང་སྤྲུལ་བློ་གྲོས་མཐས་ཀྱི་གདུང་རིགས་ནི་ཁམས་ཁྱུང་པོའི་མི་རྒྱུད་ཁྱུང་པོ་བླ་མ་གཡུང་དྲུང་ཡིན་ཚུལ་གསལ་བས་སོ། །

འོན་ཀྱང་འདི་བརྗོད་པར་འོས་པ་ནི་ཁམས་ཁྱུང་པོའི་མི་རྒྱུད་དུ་སྐྱེས་ཤིང་རང་ཡུལ་ཁྱུང་པོའི་ཡུལ་དུ་གྲགས་པ་ཐོབ་པའི་མི་སྣ་སུ་བྱུང་ཡོད་མེད་ཅུང་ཙམ་བཤད་ན།

Tara in the Indian Museum

དམངས་ཁྲོད་དུ་སྙན་གྲགས་ཆེ་བའི་ལྟོ་རྟ་ཤོད་བུ་མོ་པདྨ་མཚོ་ནི་སྤྱི་ལོའི་དུས་རབས་ 13 པའི་ནང་ཁྱུང་པོ་རྟ་ཤོད་རྨེ་རུ་ཐལ་རྫོང་ཚང་དུ་སྐུ་འཁྲུངས།

དེང་སང་ལྟར་ན། སྟེང་ཆེན་རྫོང་གྱང་སྔོན་ཤང་རོམ་ཐང་གྲོང་སྡེ་ (Tibet, Dengqen, Rongtongcun 西藏丁青县觉恩乡绒通村) ཁོངས་སུ་གཏོགས། ཁོང་སྐུ་འཁྲུངས་སའི་ཕ་ཁྱིམ་ད་དུང་ཡང་ཡོད་ཅིང་ཡུལ་མི་ཚོས་བརྩི་མཐོང་བྱེད། འོན་ཀྱང་ཁོང་སྐུ་འཁྲུངས་ཡུལ་ངོས་འཛིན་ཐད་ལ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པ་སྟེ། ཀོང་པོ་ཚོས་ཁོང་ཚོའི་ཡུལ་དུ་འཁྲུངས་པར་འདོད་དེ། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོ་ (1880–1925) ཀོང་པོ་བྲག་དཀར་ལྷ་ཆུའི་ཕྱོགས་སུ་གནས་གཟིགས་ལ་ཕེབས་སྐབས་[༡༡]“རྟ་ཤོད་བུ་མོ་པདྨ་མ་མཚོའི་འཁྲུངས་ཁྱིམ་མཁར་སུ་ལུ་མ་ཧྲལ་”མཇལ་བའི་སྐོར་འཁོད་ཡོད་ཅིང་། ས་གནས་དེ་ནི་དེང་སང་ལྟར་ན་ཀོང་པོ་རྒྱ་མདའ་རྫོང་། ཉང་པོ་ཤང་། མི་རུ་གྲོང་ཚོའི་ཁོངས་སུ་གཏོགས། དེ་བཞིན་དུ་ཁྱུང་པོ་གྱང་སྔོན་ཟླ་བཟའ་ཐང་ (Dasha 达沙) གི་དཀར་འཇའ་ཚང་དུ་འཁྲུངས་རབས་ཀྱང་བཤད་སྲོལ་ཡོད་མོད། འཁྲུངས་ས་ངོ་མ་དེ་རྨེ་རུ་ཐལ་རྫོང་ཚང་རང་ཡིན་པར་སེམས་ཏེ་ཡུལ་མི་ཚོས་ད་རུང་ཁྱིམ་ཚང་དེར་ཆེ་མཐོང་བྱེད་ཅིང་འདི་ཚང་གི་བུ་མོ་རྣམས་མཁའ་འགྲོ་མའི་རིགས་རྒྱུད་དུ་བརྩི་བ་དང་། དེང་སང་ཡང་ཁོང་བག་མར་ཕེགས་སའི་ཡུལ་སྡེ་དེ་དག་གིས་ཀྱང་དུས་བརྩི་མཐོང་དང་དད་གུས་ཡོད་ཚུལ་འདུག་པ་དང་། ལྷག་དོན་དུ་ཡུལ་འདིར་བྱུང་བའི་ཁོང་གི་རྣམ་ཐར་ནི་གཞན་རྣམས་ལས་ལོ་རྒྱུས་གོ་རིམ་འགྲིག་ཤོས་དང་རྒྱས་ཤོས་ཡིན་པས་སོ། །

དམངས་ཁྲོད་རིག་གནས་གྲགས་ཅན།

[རྩོམ་སྒྲིག]

རལ་པ་ཞེས་པ་ནི་འཁྲབ་སྟོན་ཚོགས་པ་གང་ཞིག་གིས་འཁྲབ་ཐུན་གཅིག་ལ་གཏམ་རྒྱུད་དང་། གླུ་གཞས། ཞབས་བྲོ། བཞད་གད། ལུས་རྩལ་བཅས་སྣེ་འཛོམས་ཀྱི་འཁྲབ་སྟོན་བྱེད་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན། འཁྲབ་ཆས་ལ་ཕོ་རྣམས་ཀྱི་ལག་གཡས་གཡོན་ན་སིལ་སྙན་དང་རྔ་མ་དམར་པོ། སྐེད་པར་ཐིག་གུ་ཁྲ་བོའི་འཛར་ལོ་དཔྱངས། མོ་རྣམས་ཀྱི་ལག་གཡས་གཡོན་ན་རྔ་དབྱུག་དང་རྔ་ཆུང་བཟུང་སྟེ་འཁྲབ་སྲོལ་ཡོད། རལ་པ་འཁྲབ་སྟོན་ནི་སྤྱིར་བོད་ཁམས་ཡོངས་དང་ལྷག་པར་ཁམས་ལ་དར་ཁྱབ་ཆེ། ཁྱད་པར་དུ་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ལ་རལ་པའི་ཕ་ཡུལ་ཞེས་མིང་གྲགས་ལྡན་ཡོད་པ་དང་།  སྲོལ་རྒྱུན་ཉམས་འགྱུར་གྱིས་ཕྱུག་པའི་སྟེང་ཆེན་རལ་པར་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་མ་ཟད་ད་ལྟ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད་པ་དང་། སྤྱི་ལོ་2002 ལོར་བོད་རང་སྐྱོང་ལྗོངས་དབུས་གཞུང་ནས་སྟེང་ཆེན་རྫོང་ལ་“རལ་པའི་ཕ་ས་”ཞེས་པའི་གཟེངས་རྟགས་ཀྱང་གནང་ཡོད།སད།

རལ་པའི་ཐ་སྙད།
[རྩོམ་སྒྲིག]

རལ་པའི་ཐ་སྙད་ལ་མི་འདྲ་དུ་མ་ཡོད་པ་སྟེ། “རལ་པ་”དང་། “རད་པ།” “རས་པ་”སོགས་འབྲི་མི་འདྲ་བ་དུ་མ་ཡོད་ཀྱང་། “རལ་པ་”ཞེས་འཐད་པར་སེམས་ཏེ། དེ་ཡང་སྤྱིར་གནའ་བོའི་བོད་ཀྱི་སྐྱེས་ཕོ་མོ་ཚང་མ་སྐྲ་རིང་པོ་འཇོག་མཁན་ཤ་སྟག་ཡིན་ཡང་རལ་པ་འཁྲབ་སྐབས་སྐྲ་ཆིངས་ཀྱིས་མ་བཅིངས་བར་ཀློད་དེ་རལ་པ་ཟིང་ཟིང་གིས་ལྟད་མོ་འཁྲབ་པས་དེ་ལྟར་ཐོགས་པར་སེམས། གཞན་“རས་པ་”ནི་རལ་པའི་རྗེས་འཇུག་ལ་སྒྲ་གསལ་པོ་མ་ཐོན་པའི་དབང་གིས་བྱུང་བར་སེམས་ཏེ། “ཤེལ་”ལ་“ཤེས་”དང་། “བལ་”ལ་“བས་“སོགས་ཀློག་སྟངས་དེའི་དབང་གིས་བྱུང་བར་སེམས་ལ། ཡང་“རད་པ་”ནི་རལ་པའི་“རལད་”ལ་ཡངས་འཇུག་ད་དྲག་ཡོད་པའི་དབང་གིས་བྱུང་བར་བཤད་ཚུལ་འདུག་པ་དེ་ཡིད་སྲིད་ལ། སྒྲ་ཟུར་ཆག་པའི་དབང་གིས་ཀྱང་ཡིན་སྲིད།

རལ་པའི་ལོ་རྒྱུས།
[རྩོམ་སྒྲིག]

ཁྱུང་པོའི་རལ་པ་བྱུང་རབས་ཅུང་བཤད་ན། ད་ལྟ་འཁྲབ་ཀྱིན་པའི་རལ་པའི་སྐྱུ་རྩལ་ཇི་བཞིན་པ་དེ་གནའ་རབས་ནས་ཡོད་ཅེས་བཤད་མི་སྤོབས་ཀྱང་། འཁྲབ་ཆས་དང་། རོལ་མོ། འཁྲབ་སྟངས་ཕྱོགས་འདྲ་བ་ཙམ་ནི་བོད་བཙན་པོའི་དུས་ཙམ་ནས་ཡོད་པར་མངོན་དེ། དུས་རབས་ 14 ཕེབས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་«མདོ་དྲི་མེད་གཟི་བརྗིད་»ལས། རོལ་མོ་དང་འཁྲབ་སྟངས་སྣ་ཚོགས་ཞིག་བསྟན་པ་དང་། ཁྱད་པར་དུ་ཉེ་ལམ་རྒྱ་གར་མངའ་ཁོངས་མོན་རྟ་དབང་ནས་རྙེད་པའི་དཔེ་རྙིང་«ལྷ་གཞུང་གཏེར་མ་ཡིད་བཞིན་ནོར་བུ་»[༡༢]ལས། “ཕ་ཇོ་སྟོན་པ་གཤེན་རབ་ཁོང་། སྐུ་ནི་ལྷ་དང་གསས་ཀྱི་བརྒྱན། གསུང་ནི་སྨྲང་དང་བོན་གྱི་བརྒྱན། ཐུགས་ནི་ལྟོ་དང་སྤྱད་ཀྱི་བརྒྱན། སྐུ་ལ་ཞེ་ཐུལ་སྲམ་ཐུལ་གསོལ། དབུ་ལ་སྟག་ཞྭ་ཁྲ་མོ་གསོལ། ཞབས་ལ་གཟིག་ལྷམ་ཡུ་ཐུང་གསོལ།” ཞེས་དང་། “ཇོ་[=ཇུ་]ཐིག་ཐག་པ་སློ་[=གློ་]ལ་རྟགས་[=བཏགས།] རྔ་གྲམ་པོ་གཞུང་རྒྱལ་རྒྱབ་ལ་ཁུར། གཤང་མཁར་མོ་འཁྲོལ་ཆེན་ཕྱག་ན་བསྣམས།” ཞེས་སོགས་ཀྱིས་རལ་པའི་རྒྱན་གོས་སྤྱི་དང་ལྷག་པར་ཉྭ་རྒྱ་དེ་དོན་དུ་གང་གི་མཚོན་དོན་ཡིན་པ་བཅས་གསལ་བར་འཁོད་ཡོད།

དེ་བཞིན་བན་དེའི་ཕྱོགས་ཀྱི་ལོ་རྒྱུས་ཁག་ལས་ཀྱང་འབྱུང་བ་སྟེ། ས་སྐྱ་བ་བསོད་ནམས་རྒྱལ་མཚན་ (1312–1375) གྱིས་མཛད་པའི་«རྒྱལ་རབས་གསལ་བའི་མེ་ལོང་»[༡༣] དང་། དཔའ་བོ་གཙུག་ལག་ཕྲེང་བའི་(1504-1564/1566) «ཆོས་འབྱུང་མཁས་པའི་དགའ་སྟོན་»[༡༤] ཏཱ་ལའི་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་«རང་རྣམ་དུ་ཀཱུ་ལའི་གོས་བཟང་»[༡༥]དང་། དེ་བཞིན་ཉེ་ཆར་བརྩམས་པའི་«བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་»[༡༦]བཅས་པ་ལས། “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབྲུག་དང་སེང་ཕྲུག་གར་མཁན་དང་། །དཔལ་མཛེས་རྔ་ཐོགས་འཆམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”ཞེས་སོགས་ཀྱིས་རལ་པའི་རྣམ་པ་ཕྱོགས་ཙམ་བསྟན་ཡོད། གོང་གསལ་ལོ་རྒྱུས་རྩོམ་པ་པོ་རྣམ་པས་ལུང་ཚིག་འདི་དག་རིམ་པས་དྲངས་ཡོད་ཀྱང་ཕུགས་ཀྱི་ལུང་ཁུངས་ནི་«རྒྱལ་རབས་གསལ་བའི་མེ་ལོང་»ཡིན་པར་ངེས་ཤིང་། དེ་ལས་དཔའ་བོ་གཙུག་ལས་ཕྲེང་བ་དང་རྒྱལ་དབང་ལྔ་པས་དྲངས་ནས་རིམ་བཞིན་ཚིག་དོན་ལའང་འགྱུར་བ་ཕྱིན་པར་མངོན། དེ་ལས་ཅུང་མི་འདྲ་ཞིང་གར་འཆམ་གྱི་རྣམ་པ་ཞིབ་ཕྲ་འཁོད་ཡོད་ས་ནི་ཨོ་རྒྱན་གླིང་པའི་ (b.1323) «རྒྱལ་པོ་བཀའ་ཐང་»[༡༧] འདི་ཉིད་ཡིན་ཏེ་དེ་ལས། “མཛེས་པའི་ཁྱེའུས་ལག་ན་རྔ་མ་ཐོགས། །གར་སྟབས་བྲོ་བརྡུང་ཤོན་རྩེད་བྱེད་པ་དང་། །རྒྱལ་པོའི་སྐྱོ་སངས་འབག་དང་སེང་གེ་དང་། །སྔགས་བོན་རྔ་ཐོགས་འཆམས་པོ་བྱེད་པ་དང་། །རྒྱལ་པོ་མཉེས་པ་བཙུན་མོ་མཛེས་མ་ཀུན། །རྒྱལ་པོའི་སྤྱན་སྔར་སྤྲིན་ལྟར་གཏིབས་ནས་བཞུགས། །བུ་མོ་མཛེས་མས་གཡུང་དྲུང་ཤོན་གྲ་བཅས། །གསུང་སྙན་ཟོར་ཁུགས་འཐེན་ཅིང་རྐང་བྲོ་བརྡུང་། །རྫུ་འཕྲུལ་རྟ་ཞོན་བརྒྱ་དང་འཆམས་པོ་དང་། །དོམ་འདྲ་སྤྲེལ་འདྲ་སྐྱུས་མོ་ལང་མ་ལིང་། །ཟངས་དུང་ཆ་ལང་འཁར་རྔ་གླིང་བུ་དང་། །རྫ་རྔ་པི་ཝང་ཕེག་རྡོབ་རོལ་མོའི་ཚོགས། །རྒྱལ་མཚན་བ་དན་ཕུར་མ་ཟུར་འཕན་དང་། །དར་ཁྲ་བསིལ་གཡབ་རླུང་བསྐྱོད་པུ་རུ་རུ། །”ཞེས་སོགས་འཁོད་ཡོད། དེས་ན་གོང་འཁོད་«རྒྱལ་རབས་གསལ་བའི་མེ་ལོང་»དང་«རྒྱལ་པོ་བཀའ་ཐང་»གཉིས་སུ་སྔ་མིན་དང་གཅིག་གིས་གཅིག་ལས་དྲངས་ཡོད་མེད་བཤད་མི་ཐུབ།

གང་ལྟར་གོང་གསལ་ལོ་རྒྱུས་ཁག་དཔགས་ཏེ་མིང་ལ་“རལ་པ་”ཞེས་འབོད་སྲོལ་ཡོད་མེད་ཇི་ལྟར་ཡང་། རལ་པ་དང་རྣམ་པ་ཕྱོགས་འདྲ་བའི་ལྟད་མོ་འཁྲབ་སྟོན་ཞིག་གནའ་ནས་ཡོད་པར་དཔོག་ནུས་ལ། «ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་»ལས་ཀྱང་། “ལོ་རབས་ལྔ་བཅུ་པའི་ནང་ལྷ་མོ་དང་རལ་བྲོ་ཆེད་དུ་ཞིབ་འཇུག་གནང་མཁན་བོད་ཀྱི་སྒྱུ་རྩལ་ཉམས་ཞིབ་ཆེན་མོ་ཞོལ་ཁང་བསོད་ནམས་དར་རྒྱས་ལགས་ཀྱིས་བོན་གྱི་དཔེ་རྙིང་<མཆོད་ཆས་>ཟེར་བ་ཞིག་ལག་སོན་བྱུང་བའི་ནང་རྩལ་རྩེད་དང་། རྔ་འཆམ། རླུང་སྒོ། གྲི་རྩེད་སོགས་རལ་པའི་སྒྱུ་རྩལ་རང་དུ་འདུག། རལ་པའི་སྒྱུ་རྩལ་འདི་ནི་བོན་གྱི་འཆམ་ལས་བྱུང་བ་བསྙོན་མེད་རེད། ཅེས་གསུངས་པ་དེ་ཡང་མཁས་པ་ཆེན་པོའི་བདེན་དོན་གཡོ་མེད་རི་འདྲ་བ་ཞིག་ཡིན་པར་འཁུམས།” ཞེས་གསུངས་པ་འདིར་བདེན་ཆ་ཅུང་ཡོད་པར་སེམས།

མི་རས་ལ་དང་རལ་པ་སྒྱུ་རྩལ།
[རྩོམ་སྒྲིག]

ཡང་རལ་པ་འཁྲབ་སྟོན་འདི་རྗེ་མི་ལས་གསར་གཏོད་བྱས་ཚུལ་ནི་ཆོས་ལུགས་དད་མོས་ཅན་རྣམས་ཀྱིས་སྒྲ་འདྲ་བའི་གཞི་ཙམ་ལ་བརྟེན་ནས་རྟོག་བཟོ་བྱས་པ་ལས་དངོས་ཡོད་ལོ་རྒྱུས་རིག་པའི་ཁུངས་སྐྱེལ་གང་ཡང་མེད་ཚུལ་བཤད་པ་ཧ་ལམ་བདེན་མོད། བོད་འདིར་བར་སྐབས་ཤིག་ནས་རྗེ་མི་ལའི་སྙན་གྲགས་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་རྐྱེན་གྱིས། རལ་པ་སྒྱུ་རྩལ་ཚོགས་པ་དེ་དག་གིས་ཀྱང་གཟིགས་མོ་བའི་དགོས་མཁོ་སྐོང་ཆེད། འཁྲབ་གཞུང་རྗེ་མི་ལའི་རྣམ་ཐར་བྱས་པའི་རལ་པའི་འཁྲབ་སྟོན་གཙོ་ཆེར་བྱས་པའི་ཤུགས་རྐྱེན་ལས། བདེན་མིན་ལ་མ་ལྟོས་པར་མི་རས་ལ་དང་རལ་པ་སྒྱུ་རྩལ་བར་གྱི་གཏམ་རྒྱུད་འདི་དག་བྱུང་བར་སེམས།

འཁྲབ་སྟོན་འདིར་“རལ་པའི་”མིང་དངོས་བྱུང་ཚུལ།
[རྩོམ་སྒྲིག]

ཆེས་མ་མཐའ་ཡང་སྤྱི་ལོ་ 1277 ཙམ་ནས་བྱུང་ཡོད་པར་མངོན་ཏེ་སྔོན་དུས་རི་བོ་ཆེའི་ལྷ་ཁང་ཁྲ་འཁྱིལ་མ་གསར་དུ་བཞེངས་སྐབས་ཁྱུང་པོ་ཨོ་ཐོ་རལ་པའི་ཞབས་བྲོ་ཚོགས་པ་བོས་ཏེ་རལ་པ་གཟིགས་འབུལ་ཞུས་པའི་བཤད་རྒྱུན་ལྟར་ན། ད་བར་དུ་ལོ་ངོ་ 744 ཕྱིན་ཡོད། དེ་མིན་ཡིག་ཐོག་ལ་འཁོད་པའི་ལོ་རྒྱུས་ཁ་གསལ་མ་རྙེད།

ཁྱུང་ཡུལ་རལ་པའི་རྒྱུད་འཛིན།
[རྩོམ་སྒྲིག]

ཡང་«ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་»ལས། “གཅིག ཐག་རྒྱུག་རལ་པ། ཆེས་དར་སྔ་བའི་རལ་བྲོ་ཞིག་ཡིན་པར་གྲགས། དེང་སང་རྒྱུན་ཆད་ནས་མེད་པར་སྣང་། གཉིས། ཨོ་ཐོ་རལ་པའམ་དབུ་མདོ་རལ་པ། ཁྱུང་ཡུལ་དཀར་སྨད་གྱང་སྔོན་ཁུལ་དུ་དར་སྲོལ་ཆེ་བ་འདུག བརྒྱུད་འཛིན་པ་ཨོ་ཐོ་ཚང་། སྔོན་དུས་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མ་གསར་བཞེངས་སྐབས་ཆེད་དུ་རལ་བྲོ་འཁྲབ་མཁན་དེ་ཨོ་ཐོ་རལ་པ་ཡིན་པ་དང་དེང་སང་ཡང་དེའི་ལུགས་སྲོལ་མ་ཉམས་པར་དམིགས་བསལ་དུས་སྟོན་སྐབས་ཁྱུང་པོ་སྟེང་ཆེན་ནས་རལ་པའི་སྒྱུ་རྩལ་བ་ཆེད་ཕེབས་ཀྱིས་འཁྲབ་སྟོན་དགོས་པ་ཡིན་འདུག གསུམ། ལྡོང་ལུགས་རལ་པ། ཁྱུང་ཡུལ་ནག་རུའི་སྡེ་ཁོངས་ས་མདོ་ཤང་དུ་དར་ཁྱབ་ཆེ་བའི་རལ་པ་ཞིག བརྒྱུད་འཛིན་པ་ས་མདོ་ལྡོང་ལུགས་ཚང་ངམ་རལ་པ་ཚང་བཀྲ་ཤིས་ཆོས་སྒྲོན་འཁོར་དང་བཅས། བཞི། ཁྲ་ག་གཟི་རལ་པའམ་རྡོ་བཅངས་རལ་པ། ཁྲ་ག་གཟི་ནས་རལ་རྒན་བསོད་ནམས་མགོན་པོ། དེས་རལ་པ་སྐྱ་བདག་རྡོ་རྗེ། དེས་རལ་རྒན་ཚུལ་ཁྲིམས་རྡོ་རྗེ། དེས་རལ་རྒན་ག་ཁྲོ། དེས་བསྟན་འཛིན་ནོར་བུ་བར་བརྒྱུད་ཅིང་སྤྱི་ཚོགས་ཁྲོད་བསྟན་འཛིན་ནོར་བུའི་རལ་བྲོའི་སྒྱུ་རྩལ་ཁྱད་ཆོས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་མང་ལ་རལ་བྲོ་དེ་ནི་ཁྱུང་ཡུལ་སེར་ཚའི་ཡུལ་དུ་དར་སྲོལ་ཆེ་བ་ཞིག་ཡིན་འདུག ལྔ། མཛོ་པ་རལ་པ། ཁྱུང་སེར་གསེར་གཡུ་མདོ་སྐོར་དུ་དར་མྱོང་ཡོད་པའི་རལ་བྲོ་ཞིག་ཡིན་སྐད་ཐོས། དེ་ལ་སོགས་པ་ཁྱུང་ཡུལ་ས་གནས་མང་པོར་རལ་བྲོའི་སྒྱུ་རྩལ་འདི་དག་གནའ་ནས་ད་བར་ཤོག་བུ་ལ་སྣུམ་གྱིས་འཚོས་པ་བཞིན་དང་ཆུ་བོ་ལམ་དུ་ཞུགས་པ་ལྟར་རྒྱུན་མ་ཆད་པར་དར་སྲོལ་བྱུང་བ་ཡིན་འདུག མིང་མི་འདྲ་བར་ཐོགས་པའང་རལ་པའི་སྒྱུ་རྩལ་གྱི་སྲོལ་འབྱེད་མཁན་ངོས་ནས་མ་ཡིན་པར་བརྒྱུད་འཛིན་པའི་དུད་མིང་དང་རུས་མིང་བྲོ་ལ་སྦྱར་ནས་དེ་ལྟར་ཐོགས་པ་དཔྱད་པའི་ལམ་ནས་ཡོངས་སུ་བརྟགས་ཐུབ་པ་འདུག་གོ །”ཞེས་པར་བཤད་ལ་ལྟར་རོ། ། ད་དུང་རལ་པའི་སྐོར་ཤེས་འདོད་ན་ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་ཞེས་པ་འདིར་གཟིགས།

མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐད་ནས་ཐགས་འཐག་པ། རྫ་མ་བཟོ་བ། རུམ་གདན་འཐག་པ། གྱོན་པ་འཚེམ་པ། ལྷམ་གྲུབ་པ། རྟ་སྒ་ཆས་བཟོ་བ། གསེར་མགར་དངུལ་མགར། ཤིང་བཟོ་སོགས་ཡོད།

དྲ་ཐག་འདི་ལ་བསྒྱུར་བ་ཡིན།

དགོན་སྡེ་ཁག

[རྩོམ་སྒྲིག]

ཆོས་ལུགས་ཁག་གི་དགོན་པའི་ཐོ་གཞུང་རེའུ་འདི་«ཁྱུང་པོ་སྟེང་ཆེན་»དེབ་ཕྲེང་དང་པོ། ༢༠༠༥ ནང་བཀོད་པ་བཞིན་བྲིས་པ་ལས། རེ་རེ་བཞིན་ཞིབ་འཇུག་སོན་མེད། དོན་དངོས་ཐོག་དེབ་འདིར་དགོན་པའི་ལོ་རྒྱུས་ཕར་ཞོག་མིང་གི་བརྡ་དག་ཙམ་ལའང་ནོར་བ་ཚབས་ཆེན་བྱུང་ཡོད་པ་ཞུ་མ་དགོས་པ་ཞིག་རེད། ལར་དགོན་པ་རེ་རེའི་ལོ་རྒྱུས་ནི་ལོ་རྒྱུས་རིག་པའི་ཆེད་མཁས་པ་ཚོས་ཀྱང་གཏན་ལ་འབེབས་པར་དཀའ་བ་ཞིག་ན། དགོན་གནས་སླར་གསོའི་སྐབས་དགོན་པའི་འཛིན་སྐྱོང་འགོ་པ་ཚོས་འོས་མེད་ཀྱི་རེའུ་མིག་བཀང་བ་ཙམ་དེར་ཡིད་གཏན་འཕེར་བ་ཞིག་ཇི་ལྟར་ཡོང་སྟེ་ཡོང་ཐབས་མེད་པ་ཤེས་དགོས། ཐོ་གཞུང་སྔ་ཕྱི་ལོ་རབས་དང་མཐུན་པར་བཀོད་ཡོད།

བོན་པོ།

[རྩོམ་སྒྲིག]
མིང་། ས་གནས། ཕྱག་འདེབས་མཁན། ཕྱག་བཏབ་ལོ། ཟུར་བརྗོད།
1 དམུ་ཡད(ཡག)ལྷ་ཁང་། ཤེལ་སྐུ་ཀུན་དགའ་རྒྱལ་མཚན། 794 (ནོར) ཁོང་གི་འཁྲུངས་འདས་ལོ་ཚིགས་ (1299–1327) ལ་དཔགས་ན་དུས་རབས་བཅུ་གསུམ་བཅུ་བཞི་པར་བྱོན་པའི་བླ་མ་ཞིག་ཡིན་པས་794 ལོར་དགོན་པ་འདེབས་ཐབས་གཏན་ནས་མེད་པས་ལོ་རྒྱུས་ནོར་བར་ངེས།
2 སྟེང་ཆེན་དགོན། སྟེང་ཆེན་ཤང་། ཁྱུང་པོ་ཤེས་རབ་རྒྱལ་མཚན། ལྕགས་གླང་། 1061
3 ནག་རུ་བསམ་གཏན་གླིང་དགོན་པ། ཁྱུང་པོ་གྲགས་པ་རྒྱལ་མཚན། དུས་རབས། 11
4 གནམ་སྟེང་དགོན་པ། སྨོན་ལམ་འོད་ཟེར། ས་སྟག 1278
5 བྱ་ཟེ་ཡང་རྫོང་དགོན། སེར་ཚ་ཤང་། སྤྲུལ་སྐུ་བློ་ལྡན་སྙིང་པོ། ཆུ་སྦྲུལ། 1354
6 ཝ་དགེ་དགོན་པ། སྤྲུལ་སྐུ་བློ་ལྡན་སྙིང་པོ། ལྕགས་སྤྲེལ། 1380
7 དཀར་ལེགས་དགོན། སྟེང་ཆེན་ཤང་། ཡག་སྙ་བསོད་ནམས་རྒྱལ་མཚན། ལྕགས་བྱ། 1381
8 རྩེ་དྲུག་དགོན་པ། སྤྲུལ་སྐུ་བློ་ལྡན་སྙིང་པོ། ཆུ་ཁྱི། 1382
9 ལྗོངས་(ལྗང་)ཤོད་བོན་དགོན། སྤྲུལ་སྐུ་བློ་ལྡན་སྙིང་པོ། ཆུ་ཁྱི། 1382
10 སྤྲ་ཁོ་དགོན་པ། གྱང་སྔོན་ཤང་། སྤྲུལ་སྐུ་བློ་ལྡན་སྙིང་པོ། ཤིང་བྱི། 1384
11 བདའ་གཤིས་དགོན་པ། སྤྲུལ་སྐུ་བློ་ལྡན་སྙིང་པོ། ཤིང་བྱི། 1384
12 ཀོ་རྒྱལ་དགོན་པ། ཀོ་རྒྱལ་ཡེ་ཤེས་རྒྱལ་མཚན། ས་བྱི་། 1408
13 ཕུག་ལེབ་དགོན་པ། དབང་ཆེན་གྲགས་པ། དུས་རབས། 15
14 གཡུ་མཚོ་ལྷ་ཁང་། སངས་རྒྱས་གླིང་པ་བྱང་ཆུབ་རྡོ་རྗེ། ལྕགས་བྱ། 1441
15 གཡུང་དྲུང་དཔལ་རི་དགོན། འགྲུ་བླ་མ་གཡུང་དྲུང་དབང་གྲགས། ཤིང་སྟག 1434
16 ག་ཤེལ་དགོན་པ། ཤེལ་ཞིག་སྐལ་བཟང་གྲགས་པ། ལྕགས་སྟག། 1530
17 རི་དམར་དགོན་པ། ཤེལ་ཞིག་དབུ་དཀར། ལྕགས་རྟ། 1570
18 ཞུ་ཚང་དགོན། ཞུ་བསྟན་འཛིན་གྲགས། ཆུ་འབྲུག 1652
19 རྒྱལ་སྒོ་དགོན། བཀྲ་ཤིས་རྒྱལ་མཚན། ས་རྟ། 1678
20 བེ་སྒོ་དགོན། སངས་རྒྱས་གླིང་པ། མེ་རྟ། 1726
21 རེ་ནེ་ལྷ་ཁང་། ཟླ་བ་རྒྱལ་མཚན། མེ་འབྲུག 1796
22 དར་རྒྱས་དགོན། དགེ་རིན་ཆེན་ཚུལ་ཁྲིམས། ཤིང་རྟ། 1834
23 མཁར་སྤུངས་ལྷ་ཁང་། ཚུལ་ཁྲིམས་མཚོ་མོ། ཤིང་གླང་། 1745
24 ལྡོང་རྫོང་དགོན་པ། ཁྲི་འོད་རྒྱལ་མཚན། ས་སྤྲེལ། 1788
25 མང་རྫོང་དགོན། ཁྱུང་པོ་རྨ་སྐུ་ཞབས། ས་རྟ། 1794
26 ཚ་ནེ་རི་ཁྲོད། ཨ་ལུང་མཚམས་པ། དུས་རབས། 19
27 མར་ཁུ་ལྷ་ཁང་། ཕུན་ཚོགས་བློ་གྲོས། ཤིང་རྟ། 1834
28 རི་ཁྲོད་དགོན། མེ་སྟོན་ཉི་མ་རྒྱལ་མཚན། ཤིང་འབྲུག 1844
29 སྨོན་རྒྱལ་དགོན། ནམ་མཁའ་དབང་རྒྱལ། ས་རྟ། 1876
30 ངང་རྫོང་དགོན། གོ་སྤྲུལ་རིན་ཆེན་རྒྱལ་མཚན། ས་རྟ། 1918
31 བྱ་ཆེན་ལྷ་ཁང་། ཤེལ་ཞིག་ཚུལ་སྐལ་བཟང་གྲགས་པ།? ལྕགས་འབྲུག 1940
32 སྔོ་ཕུག་རི་ཁྲོད། སེམས་ཉིད་རྒྱལ་མཚན། ཤིང་བྱ། 1945
33 ལྷ་ལུང་དགོན། ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། ས་འབྲུག 1948
34 གཡུ་བཀྲ་ལྷ་སྟེང་དགོན། xxx xxx

རྙིང་མ།

[རྩོམ་སྒྲིག]
མིང་། ས་གནས། ཕྱག་འདེབས་མཁན། ཕྱག་བཏབ་ལོ། ཟུར་བརྗོད།
1 སེངྒེ་ལྷ་ཁང་། གྱང་སྔོན་ཤང་། སེངྒེ་ལྕགས་མདུད་བླ་མ། དུས་རབས། 11 སེངྒེ་ལྷ་ཁང་འདི་སྟག་ཤམས་པའི་ཆོས་བརྒྱུད་ཡིན་ཞིང་ཆོས་བརྒྱུད་འདི་དུས་རབས་བཅུ་བདུན་པར་བྱུང་བའི་གཏེར་ཆོས་ཤིག་ཡིན་པས། དུས་རབས་ 11 པར་བྱུང་བ་བཤད་དཀའ་བ་ཞིག་རེད། ཡང་ན་དེའི་སྔོན་དུ་ལྷ་ཁང་འདི་ཆོས་རྒྱུད་གཞན་གྱི་ཡིན་པའི་ཁུངས་ཡོད་ན་མ་གཏོགས།
2 རོང་མཐོང་(རོམ་ཐང་)དགོན། གྱང་སྔོན་ཤང། བདེ་ཆེན་རྡོ་རྗེ། (1416–1470s) མེ་ཡོས། 1027 སྤྱི་ལོ་1027 ལོ་ནི་བོད་རབ་བྱུང་འགོ་བཙུགས་པའི་ལོ་ཡིན་པས། སྐབས་དེའི་གཡས་གཡོན་དུ་གླིང་གེ་སར་བྱོན་པར་ཆ་འཇོག་བྱས་པ་ཡིན་ངེས། འོན་ཏེ་«བདུད་འཇོམས་རྒྱལ་རབས་»སུ་གླིང་གེ་སར་ 1038 ལ་གཞི་ནས་འཁྲུངས་པར་བཤད་པའང་ཡོད། ལར་ནས་གླིང་གེ་སར་འཁྲུངས་མ་ཐག་དགོན་པ་ཇི་ལྟར་འདེབས་ནུས། གང་ལྟར་དགོན་པ་དགོན་པ་དངོས་སུ་ཕྱག་འདེབས་པ་པོ་བདེ་ཆེན་རྡོ་རྗེ་ནི་དུས་རབས་བཅོ་ལྔ་པར་བྱོན་པ་ཤེས་པར་བྱའོ། །
3 གླེགས་བམ་དགོན། རྒྱ་སྟོན་བླ་མ་ནམ་མཁའ་རྡོ་རྗེ། ཆུ་ཡོས། 1423
4 གནམ་ལྕགས་རི་ཁྲོད། གྱང་སྔོན་ཤང་། གར་དབང་གནམ་ལྕགས་རྡོ་རྗེ། (1694–1738) ཆུ་སྟག 1542 དགོན་པ་ཕྱག་བཏབ་ལོ་དེ་ཕྱག་འདེབས་པ་པོ་མ་འཁྲུངས་སྔོན་གྱི་ལོ་ 152 བཀོད་འདུག་པས་ངེས་པར་དུ་ནོར་ཡོད།
5 པ་ཊཾ་དགོན། ཀུན་དགའ་རབ་འཕེལ། ས་སྟག། 1698
6 རི་བུ་(གུ)ལྷ་ཁང་། གྱང་སྔོན་ཤང། རི་བུ་(གུ)བླ་མ། མེ་སྤྲེལ། 1956 དགོན་འདི་ཀཿཐོག་སི་ཏུའི་གནས་ཡིག་ཏུ་འཁོད་ཡོད་པས་ཕྱག་བཏབ་ལོ་ནོར་བར་སེམས
7 པད་གདན་དགོན། ནག་པོ་རྒོད་འཕུར། xxx

བཀའ་བརྒྱུད།

[རྩོམ་སྒྲིག]
མིང། ས་གནས། ཕྱག་འདེབས་པ་པོ། ཕྱག་བཏབ་ལོ། ཟུར་བརྗོད།
1 ངང་བཟོ་དགོན། གྱང་སྔོན་ཤང་། སྟག་ལུང་བཀྲ་ཤིས་དཔལ། ཆུ་ཕག 1203
2 ནེ་ཁྲབ་དགོན་པ། གྱང་སྔོན་ཤང་། སྟག་ལུང་བཀྲ་ཤིས་དཔལ། ཆུ་ཕག 1203
3 ལ་ཐོག་དགོན། ས་སྒང་ཤང་། ཞག་གཅོད་བཀྲ་དཔལ་བཟང་། ལྕགས་སྟག 1530 ༡༥༣༣ ཞེས་ལོ་རྒྱུས་གཞན་དུ་གསལ།
4 གསལ་སྟོང་དགོན། གསལ་སྟོང་སྒོམ་ཤྭོ། ས་སྤྲེལ། 1908

དགེ་ལུགས།

[རྩོམ་སྒྲིག]
མིང་། ས་གནས། ཕྱག་འདེབས་པ་པོ། ཕྱག་བཏབ་ལོ།
1 ཚ་འབྲོང་དགོན། (ཀར་ལུགས) ཁྲི་རྡོ་ཤང་། གྲུང་དང་པོ་དཔལ་ལྡན་བཟང་པོ། (དགེ་འདུན་གྲུབ་པའི་ཞབས་སློབ། བཻ་སེར་ཁ་པ། ཤོག ༢༦༣) ས་བྱི། 1048?[༡༨]
2 སྒང་ནེ་དགོན། ཞེ་གསུང་།? བྱང་སེམས་ཤེས་རབ་བཟང་པོ། (འབའ་རུ་བ་དགེ་འདུན་བཟང་པོ། བཻ་སེར་ཁ་པ། ཤོག ༢༦༣) ལྕགས་བྱ། 1441
3 མོང་རོང་དགོན། ཞེ་གཞུང་། བྱང་སེམས་ཤེས་རབ་བཟང་པོ། (མཁན་ཆེན་བསོད་ནམས་པ།) (བཻ་སེར་ཁ་པ། ཤོག ༢༥༧) ལྕགས་བྱ། 1441
4 རག་རིག་དགོན། ས་སྒང་། མཁན་ཆེན་བསོད་ནམས་དཔལ་ལྡན། ལྕགས་བྱ། 1441
5 དགོན་གསར་དགོན། ས་སྒང་། མཁན་ཆེན་བསོད་ནམས་དཔལ་ལྡན། ལྕགས་བྱ། 1441
6 ཇོ་དགོན། གྱང་སྔོན། ཇོ་པ་ཤེས་རབ་ཕུན་ཚོགས། (ཇོ་གྲོང་པ་བྱམས་མགོན།) (བཻ་སེར་ཁ་པ། ཤོག ༢༥༧) ཤིང་བྱ། 1445
7 དིལ་མགོ་དགོན། ས་མདོ། བྱང་སེམས་ཤེས་རབ་བཟང་པོ། (མཁན་ཆེན་ཆོས་ལེགས་པ།) (བཻ་སེར་ཁ་པ། ཤོག ༢༥༧) ཤིང་སྦྲུལ། 1485
8 འཆམ་རྫོང་དགོན།(rdzong hung) ལྗང་ཤོད། མཁན་ཆེན་བསོད་ནམས་དཔལ་ལྡན། (མཁན་ཆེན་ཆོས་ལེགས་པ།) (བཻ་སེར་ཁ་པ། ཤོག ༢༥༧) མེ་ལུག 1487
9 བུམ་དགོན། (བོང་དགོན།) གྱང་སྔོན། བྱང་སེམས་ཤེས་རབ་བཟང་པོ། (ཇོ་གྲོང་པ་བྱམས་མགོན།) (བཻ་སེར་ཁ་པ། ཤོག ༢༥༧) ཤིང་ལུག 1535
10 དཀྱིལ་(སྐྱིད)མཁར་དགོན་པ། གྱང་སྔོན། བྱང་སེམས་ཤེས་རབ་བཟང་པོ། (བཀའ་བཅུ་པ་བསམ་གཏན་སེངྒེ།) (བཻ་སེར་ཁ་པ། ཤོག ༢༥༧) ས་ཕག 1539[༡༩]
11 བསམ་འགྲུབ་དགོན། གྱང་སྔོན། བསམ་གཏན་སེངྒེ། ས་སྤྲེལ། 1548
12 གྲྭ་འཕེལ་དགོན། རྗེ་དྲུང་ཤེས་རབ་དབང་པོ། མེ་ཡོས། 1567
13 བཀྲ་ཤིས་གླིང་དགོན་པ། སེར་ཚ་ཤང་། རྡོ་རྗེ་དྲིལ་ཆུང་། ཤིང་སྟག 1674
14 གླིང་རྫོང་དགོན། གསེར་? ཀརྨ་པ་རང་བྱུང་རྡོ་རྗེ། (1284-1339) དུས་རབས། 16[༢༠]?
  1. མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།
  2. ཁྱུང་པོ་སྟེང་ཆེན། 2005: p. 1.10–12: “འཇའ་མོ་’ཞེས་པ་ནི་སོག་སྐད་ཡིན་ལ། དེའི་གོ་དོན་ནི་‘རྟ་ཚུགས་སམ་’འགྲིམ་འགྲུལ་སྐྱེལ་འདྲེན་འབབ་ཚུགས་ཀྱི་མིང་ཡིན་པས།”
  3. «ཏུན་ཧོང་ཡིག་རྙིང་» (PT1287.0198–0199) ལས་བྱུང་བ་ལྟར་ན། “ཙང་[=གཙང་]བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་[=བཅད་]དེ། ཙང་[=]གཙང་བོད་ཀྱི་ཁྱིམ་ཉི་གྲི།[=ཁྲི།] བཙན་པོའི་ཕྱག་དུ་པུལ་[=ཏུ་ཕུལ་]ཏེ། ཟུང་ཙེ་གློ་བ་ཉེའོ། ། འུང་ནས། བཙན་པོ་སློན་བཙན་གྱྀས། ཙང་[=]གཙང་བོད་ཁྱིམ་ཉི་གྲྀ།[=ཁྲི།] ཟུ་ཙེ་གློ་བ་ཉེ་བའི་བྱ་དགའར་སྩལ་[=དགར་བསྩལ་]ཏོ། །འུང་གྀ་འོག་དུ་ཏུ་བཙན་པོ་མཆེད་གཉིས་ལ། མོང་སྔོན་པོས་གློ་བ་རྀངས་པ། ཟུ་ཙེ་གློ་བ་ཉེ་བས་དཀུའ་བེལ་ནས། བཙན་པོ་མཆེད་གཉྀས་ཀྱི་སྐུ་ལ་མ་དར་པར། མོང་སྔོན་པོ་བཀུམ་བཀུབས་ཏེ། །ཟུ་ཙེ་གློ་བ་ཉེའོ། །” ཞེས་པའི་ཟུ་ཙེ་ནི་ཁྱུང་པོ་སྤུངས་སད་ཟུ་ཙེའོ།་།
  4. «ཉང་རལ་ཆོས་འབྱུང་» (p. 169.22–170.6) “ཕུང་གཡག་ཐལ་ཁ་རུ་རིངས་སུ་གྲགས་པ་དེ་འདུལ་བ་ལ་རྟ་ཅང་ཤེས་དགོས་པས། ཀོང་པོའི་ཡུལ་བྲེ་སྣ་ནས། རྟ་བྱ་མ་ཞུར་རུ། དམུ་ཏེ་ལོང་བས་རྙེད་དོ། །དེ་ཡང་འབྲས་ལྗང་ཕོར་ཆུས་སོས་ཏེ། བྱང་གངས་ལ་རོང་དུ་བྱོན་ཏེ། རྟ་ཞོན་ནས་གཡག་དེད་ནས། དགོང་མོ་མཚོ་ཁུག་གཅིག་ཏུ་ཚུད་པས། རྟ་ཀ་འཐེན་པའི་དྲུང་དུ་འབྲོང་ཤོར་བ། ཁྱུང་པོ་སྤུ་ཐང་གཟུང་རྩེ་ལངས་ནས། རྟ་ཀ་ལ་འཇུས་ཏེ་རྫ་རར་ཁྲིད་ནས། རྒྱལ་པོ་ལ་རྒོད་ཤ་གྲངས་དྲངས་སོ། །དེ་ལ་ཁྱེད་ཀྱིས་ཕུང་གཡག་འདུལ་རོགས་གྱིས་གསུངས་པས། ངོས་ཀྱི་གྲོགས་པོ་འབོད་ཟེར་ནས་སོང་སྟེ། དམུ་དཔུང་རྒྱང་རིང་པོ་བྱ་བའི་མི་གཟུགས་ཆེན་པོ་ཞིག་ཁྲིད་བྱུང་ངོ༌། །”
  5. «ཆོས་འབྱུང་མཁས་པའི་དགའ་སྟོན་» (p. 187.4–5) ལས། “གཙང་སྟོད་གཙང་སྨད་འབྲོ་དང་ཁྱུང་པོའི་ཡུལ། །”
  6. «བློན་པོ་བཀའ་ཐང་་» (p. 438.3–17) ལས། “རུ་ལག་སྨད་ཀྱི་སྟོང་སྡེ་བཞི། །ཉང་རོ་འདྲེ་ཡི་སྟོང་སྡེ་ཡིན། །ཁྲི་ཐཁྱུང་པོའི་སྟོང་སྡེ་ཡིན། །གད་བཀྲམ་འགོས་ཀྱི་སྟོང་སྡེ་ཡིན། །མཁར་པ་ཤུ་གུའི་སྟོང་སྡེ་ཡིན། །འཚོང་མ་སྟོང་བུ་ཆུང་སྒོའི་སྟོང་སྡེ་ཡིན། །རུ་ལག་སྨད་ཀྱི་དམག་དཔོན་ནི། །འདྲེ་རྒྱལ་ཏོ་རི་ཁྲི་ལོད་ཡིན། །རུ་རྟ་ངང་པ་རྡོག་ནག་ཡིན། །རུ་དར་དར་དཀར་ཐང་འགེབས་ཡིན། །རུ་སྒབ་ཁྱུང་པོ་སྤུ་སྣ་ཟུང་། ཡིག་ཚངས་གཡུ་ཡི་ཡི་གེ་ཡིན། །དམག་བཞེད་ཐང་ལ་སེར་བ་བབ་པ་འདྲ། །དེ་ཡང་སུམ་འབུམ་དྲུག་ཁྲི་སྟེ། །སྟོད་སྨད་གཉིས་ཀའི་མགོ་གྲངས་ནི། །བདུན་འབུམ་ཉི་ཁྲི་ཡོད་དོ་སྐད། །གཡས་རུའི་སྟོང་སྡེ་བརྒྱད་ལ་ནི། །སྟོད་ཡོངས་ཤངས་སྟེང་ཁྱུང་པོའི་སྟོང་སྡེ་ཡིན། །ལང་མི་ཕོད་དཀར་པ་ཚབ་སྟོང་སྡེ་ཡིན། །དྲང་མཚམས་གཉན་དཀར་ལངས་པའི་སྟོང་སྡེ་ཡིན། །ཡེལ་རབ་ཟོམ་སྟེང་འགོས་ཀྱི་སྟོང་སྡེ་ཡིན། །ཤངས་ཀྱི་སྟོང་བུ་ཆུང་རིང་སླེ་བྱའི་སྟོང་སྡེ་ཡིན། །གཡས་རུ་སྟོད་ཀྱི་དམག་དཔོན་ནི། །རྒྱལ་བ་ཡེ་ཤེས་དེ་དྲུག་མེས་པོ། །ཁྱུང་པོ་སྟག་ཟངས་ཉང་སྟོད་བྱས། །རུ་རྟ་ནི་མཚའ་[= མཚལ་]ལུ་མ་སྟག །རུ་དར་ནི་ནག་པོ་མཚོ་འདྲ། །རུ་སྒབ་ནི་པ་ཚབ་མཚོ་བཞེར། །ཡིག་ཚངས་ནི་ཟངས་ཀྱི་ཡི་གེ །དམག་བཞེད་ནི་བྱུ་རུའི་སྡོང་པོ་བཀྲམ་པ་འདྲ། །མགོ་གྲངས་ནི་སུམ་འབུམ་ལྔ་ཁྲི། །”
  7. གྱིམ་ཤོད་ཡུལ་དུ་ཁྱུང་པོའི་གདུང་རབས་བྱུང་ཚུལ་ལ་དཔྱད་པ།ལས། “དེ་ནས་སྤུ་བོ་ལ་ནག་དུ་བྱོན།  ལ་ཁའི་གངས་མ་ཤོག་ནས་ལ་ཁ་ལ།  འགའ་རེ་ཕར་སོང་དབུས་གཙང་དུ་བཞུགས།  མུ་ལངས་ཡབ་སྲས་ཚུར་བྱོན།  དེར་ཐམས་ཅད་འཐོར་བའི་ཁྱུང་འཐོར་ལ་ཁ་འདི་དགུང་བའི་མཐོ་བྱ་བ་ལགས་སོ། །”
  8. “ཁྱུང་འཐོར་ལ”འམ་“ཁྱུང་ཐོ་ལ་”ནི་སྤོ་སྟོད་དང་ཤོ་རྟ་ལྷོ་གསུམ་བར་དུ་ཡོད་པའི་ལ་མཐོན་པོ་ཞིག་སྟེ། སྤྱི་ཚོགས་རྙིང་པར་གནས་སྐོར་བ་མང་པོ་ཞིག་ལ་དུག་ཕོག་ནས་ཤི་བའི་ལོ་རྒྱུས་ཡོད།
  9. ༩.༠ ༩.༡ «རླངས་ཀྱི་པོ་ཏི་བསེ་རུ་» (A, fol. 31b3; B, p, 30.18–18) ལས།“རུ་དཔོན་གྱིས་(1)སུམ་(2)པ་རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་བཟུང་།” (1) གྱི་] A, གྱིས་ B; (2)སུམ་] em., སུམ་ཅུ་] B, སུམ་བཅུ་ A.
  10. གཞུང་ལམ་ཨང་ 317
  11. «ཀཿཐོག་སི་ཏུའི་གནས་ཡིག་» (p. 488.14–15).
  12. https://www.himalayabon.com/review/comment/2020-02-12/1641.html
  13. «རྒྱལ་རབས་གསལ་བའི་མེ་ལོང་»ལས། (p. 215.5–11) “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབྲུག་དང་སེང་ཕྲུག་གར་མཁན་དང་། །དཔལ་མཛེས་རྔ་ཐོགས་འཆམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”
  14. «ཆོས་འབྱུང་མཁས་པའི་དགའ་སྟོན་» (vol. Ka, pp. 355.21–336.1) “ཁྱེ་འུ་བུ་མོ་ཐམས་ཅད་ཀྱང་། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་སྒྱུ། །གཡག་གསེང་དར་གསེང་སྟག་གསེང་དང་། །འབག་དང་སེང་ཕྲུག་གར་མཁན་དང་། །སྤ་[=དཔའ]མཛེས་རྔ་ཐོགས་འཕྱམ་[=འཆམ་]པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པར་འབུལ། །”
  15. «རང་རྣམ་དུ་ཀཱུ་ལའི་གོས་བཟང་» (vol. 3, p. 95.13–15) “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབག་དང་སེང་ཕྲུག་གར་མཁན་དང་། །དཔའ་མཛེས་རྔ་ཐོགས་འཆམས་པ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”
  16. «རྒྱལ་རོང་ལོ་རྒྱུས་» (p. 39.8–9).
  17. «རྒྱལ་པོ་བཀའ་ཐང་» (p. 139.23–140.9).
  18. སྐབས་དེར་དགེ་ལུགས་པའི་བསྟན་པ་བྱུང་མེད་པས་ཆོས་རྒྱུད་གཞན་ཞིག་ཡིན་དགོས།
  19. བྱང་སེམས་ཤེས་རབ་བཟང་པོས་དགོན་འདི་ཕྱག་བཏབ་ན། ཁོང་སྤྱི་ལོ་ ༡༤༥༧ ལོར་ཁོང་གཤེགས་ཟིན་པས་དེའི་རྗེས་ཀྱི་ལོ་བརྒྱད་ཅུའི་མཚམས་ནས་(༡༥༣༩)གཞི་ནས་དགོན་པ་འདེབས་མི་སྲིད་པས་སོ།
  20. དགོན་འདི་ཕྱག་འདེབས་པ་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ཡིན་ན་དུས་རབས་བཅུ་གསུམ་པའི་སྨད་དང་བཅུ་བཞི་པའི་སྟོད་ཀྱི་བར་ཡིན་དགོས་ཀྱང་། འདིར་དུས་རབས་བཅུ་དྲུག་བཀོད་འདུག་པས་ནོར་བར་སེམས།

ཁུངས་འདྲེན་ཡིག་ཆ།

[རྩོམ་སྒྲིག]
«ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག་» ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། «སི་ཏུ་པ་ཆོས་ཀྱི་རྒྱ་མཚོའི་གངས་ལྗོངས་དབུས་གཙང་གནས་སྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་གྱི་སེ་མོ་དོ་». ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001. [BDRC: W27524].
«ཁྱུང་པོ་སྟེང་ཆེན་» གཡང་དགེ་སོགས་སྟེང་ཆེན་རྫོང་སྲིད་གྲོས། «ཁྱུང་པོ་སྟེང་ཆེན་». སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2005 [BDRC: W29563].
«རྒྱལ་པོ་བཀའ་ཐང་» པདྨ་གླིང་པ། «རྒྱལ་པོ་བཀའ་ཡི་ཐང་ཡིག་». In «བཀའ་ཐང་སྡེ་ལྔ་» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986, 1997, vol. 1, pp. 87–227 [BDRC: W17319].
«རྒྱལ་རབས་གསལ་བའི་མེ་ལོང་» ས་སྐྱ་བ་བསོད་ནམས་རྒྱལ་མཚན། «རྒྱལ་རབས་གསལ་བའི་མེ་ལོང་». པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2002 [BDRC:

W00KG09730].

«རྒྱལ་རོང་ལོ་རྒྱུས་» བྲག་བར་དཔལ་ལྡན། «བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་». ཀྲུང་པོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་འབར་ཁམས་རྫོང་ཨུ་ཡོན་ལྷན་ཁང་། 2002 [BDRC: W1GS66375].
«ཆོས་འབྱུང་མཁས་པའི་དགའ་སྟོན་» དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན་». པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986 [BDRC: W7499].
«ཉང་རལ་ཆོས་འབྱུང་» ཉང་རལ་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྦྲང་རྩིའི་སྙིང་པོའི་བཅུད་» ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988 [BDRC: W7972].
«ཏུན་ཧོང་ཡིག་རྙིང་» PT1287 «ཏུན་ཧོང་ཡིག་རྙིང་» (Pelliot Tibetain T1287, International Dunhaung Project Silk Road Online
«དུ་ཀཱུ་ལའི་གོས་བཟང་» ངག་དབང་བློ་བཟང་རྒྱ་མཚོ། «རང་རྣམ་དུ་ཀཱུ་ལའི་གོས་བཟང་» In «ལྔ་པའི་གསུམ་འབུམ་» vol. Ja (dukūla’I gos bzang vol. 3) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།        2009 [BDRC: W1PD107937].
«བློན་པོ་བཀའ་ཐང་» པདྨ་གླིང་པ། «བློན་པོ་བཀའ་ཡི་ཐང་ཡིག་». In «བཀའ་ཐང་སྡེ་ལྔ་» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986, 1997, vol. 1, pp. 427–539 [BDRC: W17319].
«རླངས་ཀྱི་པོ་ཏི་བསེ་རུ་» བྱང་ཆུབ་རྒྱལ་མཚན། «རླངས་ཀྱི་པོ་ཏི་བསེ་རུ་». A = New Delhi: T. Tsepal Taikhang, 1974 [BDRC: 30165]; B = {གངས་ཅན་རིག་མཛོད། 3} བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986 [BDRC: W18579].
བོད་རང་སྐྱོང་ལྗོངས།
ལྷ་ས། ཁྲིན་ཀོན་ཆུས།‎ | ལྷུན་གྲུབ་རྫོང་།‎ | འདམ་གཞུང་རྫོང་།‎ | སྙེ་མོ་རྫོང་།‎ | ཆུ་ཤུར་རྫོང་།‎ | སྟོད་ལུང་བདེ་ཆེན་རྫོང་།‎ | སྟག་རྩེ་རྫོང་།‎ | མལ་གྲོ་གུང་དཀར་རྫོང་།
ནག་ཆུ། ནག་ཆུ།‎ | ལྷ་རི་རྫོང་། | འབྲི་རུ་རྫོང་། | གཉན་རོང་རྫོང་། | ཨ་མདོ་རྫོང་།‎ | ཤན་རྩ་རྫོང་། | སོག་རྫོང་། | དཔལ་མགོན་རྫོང་། | སྦྲ་ཆེན་རྫོང་།། | ཉི་མ་རྫོང་། | མཚོ་གཉིས་དོན་གཅོད་ཁྲུའུ།*
ཆབ་མདོ། ཆབ་མདོ་རྫོང་། | འཇོ་མདའ་རྫོང་། | གོ་འཇོ་རྫོང་།‎ | རི་བོ་ཆེ་རྫོང་།‎ | སྟེང་ཆེན་རྫོང་། | བྲག་གཡབ་རྫོང་།‎ | [[དཔའ་ཤོད་རྫོང་]།] | མཛོ་སྒང་རྫོང་།‎ | སྨར་ཁམས་རྫོང་།‎ | ལྷོ་རོང་རྫོང་།‎ | དཔལ་འབར་རྫོང་།‎
ཉིང་ཁྲི། ཉིང་ཁྲི་ས་རྫོང་།‎ | ཀོང་པོ་རྒྱ་མདའ་རྫོང་།‎ | སྨན་གླིང་རྫོང་། | མེ་ཏོག་རྫོང་། | སྤོ་མེས་རྫོང་།‎ | རྫ་ཡུལ་རྫོང་།‎ | སྣང་རྫོང་།‎
ལྷོ་ཁ། སྣེ་གདོང་རྫོང་།‎ | གྲ་ནང་རྫོང་།‎ | གོང་དཀར་རྫོང་།‎ | ཟངས་རི་རྫོང་།‎ | འཕྱོངས་རྒྱས་རྫོང་།‎ | ཆུ་གསུམ་རྫོང་། | མཚོ་སྨད་རྫོང་། | ལྷོ་བྲག་རྫོང་།‎ | རྒྱ་ཚ་རྫོང་།‎ | ལྷུན་རྩེ་རྫོང་།‎ | མཚོ་སྣ་རྫོང་།‎ | སྣ་དཀར་རྩེ་རྫོང་།‎
གཞིས་ཀ་རྩེ། གཞིས་ཀ་རྩེ།‎ | རྣམ་གླིང་རྫོང་།‎ | རྒྱལ་རྩེ།‎ | དིང་རི་རྫོང་།‎ | ས་སྐྱ་རྫོང་།‎ | ལྷ་རྩེ་རྫོང་།‎ | ངམ་རིང་རྫོང་།‎ | བཞད་མཐོང་སྨོན་རྫོང་།‎ | པ་སྣམ་རྫོང་།‎ | རིན་སྤུངས་རྫོང་།‎ | ཁང་དམར་རྫོང་།‎ | གདིང་སྐྱེས་རྫོང་།‎ | འབྲོང་པ་རྫོང་།‎ | གྲོ་མོ་རྫོང་།‎ | སྐྱིད་གྲོང་རྫོང་།‎ | གཉའ་ལམ་རྫོང་།‎ | ས་དགའ་རྫོང་།‎ | གམ་པ་རྫོང་།‎
མངའ་རིས། སྒར་རྫོང་།‎ | སྤུ་ཧྲེང་རྫོང་།‎ | རྩ་མདའ་རྫོང་།‎ | རུ་ཐོག་རྫོང་།‎ | དགེ་རྒྱས་རྫོང་།‎ | སྒེར་རྩེ་རྫོང་།‎ | མཚོ་ཆེན་རྫོང་།‎