རོམ་ཐང་གནས་ཁྲ་མོ།
རྩོམ་པ་པོ་མཁན་པོ་ཨོ་རྒྱན་རིག་འཛིན། (༢༠༢༡། ༤། ༢༥།)
རོམ་ཐང་གནས་ཁྲ་མོ་ (Romthang Neytramo, Wylie: Rom thang gnas khra mo) ནི་སྔ་འགྱུར་རྙིང་མའི་གྲུབ་མཐའ་འཛིན་པའི་དགོན་སྡེ་ཞིག་ཡིན། དགོན་པ་ཆགས་ཡུལ། བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་། གྱང་སྔོན་ཡུལ་ཚོ། (Jang Ngon 觉恩乡) རོམ་ཐང་གྲོང་ཚོའི་ (Romthong 绒通) སྲིབ་ངོས་ཀྱི་ཆུ་རྒྱུད་དུ་ཆགས་ཡོད་ཅིང་སྟེང་ཆེན་རྫོང་ཐོག་ནས་སྤྱི་ལེ་ 52 ཙམ་ཡོད། དགོན་འདིའི་ཤར་ཕྱོགས་རྨིས་ལྔ་བརྒྱ་(mt.500) ཙམ་གྱི་མཚམས་སུ་ཆབ་མདོ་དགོན་ཆེན་གྱི་བུ་དགོན་རབ་རྒྱས་གླིང་དགོན་[༡]པ་དང་། ནུབ་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ཙམ་གྱི་མཚམས་སུ་ཁྱུང་པོའི་རི་བོ་རྩེ་དྲུག་ (Tsedrug Monastery 孜珠寺) དང་། ནུབ་བྱང་ཐད་མུ་གོམ་རི་སྐེད་དུ་སྤྱི་ལེ་དྲུག་ཙམ་གྱི་མཚམས་སུ་རྫ་སྤང་རི་ཁྲོད་བཅས་ཆགས་ཡོད།
དགོན་པའི་བྱུང་རབས་བཤད་པ།
[རྩོམ་སྒྲིག]རྒྱ་མོ་ཀོང་ཇོ་ལ་གཏུགས་ཏེ་བཤད་པ།
[རྩོམ་སྒྲིག]
འདིར་བོད་ཀྱི་ལོ་རྒྱུས་ཁྲོད་གྲགས་ཆེ་བའི་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ། 文成公主Wénchéng Gōngzhǔ (628–680/682) བོད་དུ་བག་མར་འོངས་སྐབས་གནས་འདིར་ཕེབས་པའི་གཏམ་རྒྱུད་ཅིག་ཡོད་པ་སྡེ། བོད་རྒྱལ་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོའི་ (569–649) བཙུན་མོ་གཉིས་པ་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ་བོད་དུ་བག་མར་ཕེབས་ལམ་དུ་ནང་ཆེན་ལྕི་གཞུང་ལ་འབྱོར། ཀོང་ཇོས་རྫུ་འཕྲུལ་གྱིས་ཡི་གེ་དྲུག་པའི་གཟུངས་སྔགས་བྲིས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་སུ་བྱིན་གྱིས་བརླབས་ཅིང་སྨོན་ལམ་བཏབ། སྐབས་དེར་ནམ་མཁའ་ནས་འཇའ་དམར་པོ་ཞིག་ཤར་སྟེ་འཇའ་སྣེ་ས་གནས་དེར་ཕོག་པའི་རྐྱེན་གྱིས་གནས་དེར་འཇའ་དམར་མ་ཎི་ཞེས་ཐོགས་པར་གྲགས། དེ་ནས་ཁོང་རིམ་བཞིན་རོམ་ཐང་གནས་ཁྲ་མོའི་ས་ཆ་འདིར་ཕེབས་སྐབས་རྡོ་ཨ་དཀར་གྱི་རང་བྱོན་བཅུ་གཅིག་ཞལ་མི་ཚད་ཙམ་ཞིག་ཀྲོང་ངེར་བཞུགས་པ་གཟིགས་སྟེ་ཕྱག་སྐོར་བྱས། རྡོ་ཨ་དཀར་ལ་རྫུ་འཕྲུལ་གྱིས་གཟུང་སྔགས་ཡི་གེ་དྲུག་མ་བྲིས་ཏེ་མཎྜལ་གྱི་ཚུལ་དུ་སྤུངས་ཤིང་ཐུགས་སྨོན་བདེན་ཚིག་གནང་། དེའི་སྟོབས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་འཇའ་ཁ་དོག་ལྔ་ལྡན་དང་འཇའ་ཁྲ་བོ་བཅས་མང་པོ་ཤར་བས་གནས་ཁྲ་མོ་ཞེས་པའི་མཚན་གསོལ། དུས་དེ་ནས་བཟུང་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་མཆོག་ཁྱད་པར་ཅན་ཞིག་གྱུར་ཡོད་ཚུལ་བཤད། གོང་གསལ་བཤད་པ་འདི་དག་«ཁྱུང་པོ་རྨེ་རུ་རོམ་ཐང་གནས་ཁྲ་མོ་དགོན་གྱི་ལོ་རྒྱུས་མདོར་བསྡུས་ཙམ་»[༢]ཞེས་པར་གཞི་བྱས་གོ་བདེ་ཁ་གསལ་དུ་བཀོད་པ་ཡིན།
འདིར་ནན་བཤད་དགོས་པ་ཞིག་ལ་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་རྫུ་འཕྲུལ་གྱི་བཀོད་པ་བསྟན་ཚུལ་ནི་རྒན་ཨ་དྷིཿམ་སོགས་ཀྱིས་རྟོག་བཟོ་བྱས་པ་མ་ཡིན་པར་བོད་ཀྱི་ལོ་རྒྱུས་«མ་ཎི་བཀའ་འབུམ་»དང་། «རྒྱལ་རབས་གསལ་བའི་མེ་ལོང་»སོགས་ལས་ཆོས་ལུགས་པའི་རྒྱུན་ལྡན་གྱི་བཤད་སྲོལ་བཞིན་ངོ་མཚར་པའི་གཏམ་རྒྱུད་སྣ་ཚོགས་་ཡོད་པ་བཞིན་བཀོད་པར་ངེས། འོན་ཏེ་བོད་དང་རྒྱའི་ལོ་རྒྱུས་དང་རྒྱལ་རབས་ཚད་ལྡན་«སྦ་བཞེད་»ཁག་དང་། «ཉང་རལ་ཆོས་འབྱུང་» «དེབ་ཐེར་དཀར་པོ་» དག་ལས་ཀོང་ཇོས་རྫུ་འཕྲུལ་བསྟན་ཚུལ་བཤད་པ་ཉུང་ཉུང་ཡིན།
སྤྱིར་ན་སྒ་སྐྱེ་རྒུ་མདོའི་རྒྱ་ནག་མ་ཎི་དེ་རྒྱ་བཟའ་ཀོང་ཇོས་བཞེངས་པར་གྲགས་ཆེ་ཡང་། གནས་ཁྲ་མོ་དང་འཇའ་དམར་མ་ཎི་གཉིས་ཀྱང་བྱུང་ཚུལ་གཅིག་མཚུངས་ཡིན་མི་ཆོག་པ་མེད་པར་སྙམ་སྟེ། རྒྱ་བཟའ་ལ་རྡོ་འབུམ་བཞེངས་པའི་དད་གུས་སམ་སྤྲོ་བ་དང་ཉམས་མྱོང་ཡོད་པས། རྒྱ་ནག་མ་ཎི་བཞེངས་པ་ལྟར་དུ་རྡོ་འབུམ་འདི་གཉིས་ཀྱང་བཞེངས་སྲིད་པས་སོ། །ཡང་དུ་བཤད་ན་ཆོས་ཀྱི་བྱེད་སྒོ་དང་། ཆས་ཆ་ལུགས། གླུ་གཞས་སྒྱུ་རྩལ་སོགས་གཙོ་ཆེ་བ་དུས་རབས་ཀྱི་དར་སྲོལ་དང་བསྟུན་ནས་དུས་ཚོད་གཅིག་ལ་འཕེལ་རྒྱས་འགྲོ་བ་ཆོས་ཉིད་ཡིན་པས། རྒྱ་ནག་མ་ཎི་སྲོལ་གཏོད་ནས་དར་རྒྱས་སོང་བ་བཞིན་འདི་གཉིས་ཀྱང་དེ་ལྟར་བྱུང་ཞེས་བཤད་ཆོག་གམ་སྙམ། གང་ལྟར་གནས་ཁྲ་མོ་དང་འཇའ་དམར་མ་ཎི་གཉིས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་གཡམ་གཡོན་གཉིས་ཡིན་ཞེས་ཀུན་གྲགས་ཀུན་དར་གྱུར་ཡོད།
གླིང་གེ་སར་ལ་གཏུགས་ཏེ་བཤད་པ།
[རྩོམ་སྒྲིག]
ཁ་རྒྱུན་དུ་གླིང་གེ་སར་ (b. 1038)[༣] བདུད་གླུ་བཙན་འདུལ་དུ་ཕེབས་སྐབས་བྱང་གི་མུན་པ་ཆུ་འཁྲིགས་ལ་ཁར་ཕེབས་ནས་གཟིགས་པ་ན། ད་ལྟའི་རྟ་ཤོད་ཀྱི་ཡུལ་ལྗོངས་འདི་ཡོངས་སུ་རྫོགས་པ་ཆུས་ཁེངས་ཏེ་མཚོ་ནང་གི་སྲོག་ཆགས་རྣམས་གཅིག་ཟ་གཅིག་གསོད་ཀྱི་སྡུག་བསྔལ་བཟོད་གླགས་མེད་པར་གཟིགས་ནས། རྟ་རྐྱང་པོ་རུས་སྦལ་དུ་སྤྲུལ་ནས་མཚོ་དེའི་ཤར་ནས་ནུབ་ཏུ་གཤགས། རྟ་ཤོད་ལེ་ཤེ་རྒྱ་གར་ (ཁྱུང་པོའི་རི་བོ་རྩེ་དྲུག) གྱི་མར་གཤམ་ཆུ་མདོ་འགག་ནས་རལ་གྲི་བཏབ་པ་ལེན་ཀྱིས་མཚོ་ཁ་ཕྲལ་ཏེ་མཚོ་ཆུ་རྒྱ་མོ་དངུལ་ཆུ་དང་བསྲེས་ཤིང་ཆུ་གནས་རྣམས་དག་ཞིང་དུ་སྤར། རལ་གྲིས་གཤགས་པའི་ཉིན་སྲིབ་ཀྱི་བྲག་ངོས་ཕར་ཚུར་ལ་ཕུག་གུ་རེ་དོད་ཅིང་། ཉིན་གྱི་ཕུག་གུ་དེར་ཐེའུ་རང་ཞིག་གབ་ནས་བརྟུལ་མ་ཐུབ་པས་གེ་སར་གྱིས་དེ་མ་ཐག་འབྲུག་མོ་དང་འདོད་རྩེད་རོལ་བར་བསྟན་པས། ཐེའུ་རང་ཧ་དགོད་ཤོར་བཞིན་ཕྱིར་ཐོན་པ་དང་སོར་རྡེལ་ཞིག་གིས་དམ་བཏག་པར་མཛད། དེ་ནས་རིམ་བཞིན་རྟ་ཆུ་བརྒྱུད་ནས་ཡར་ཕེབས་ཏེ། ད་ལྟ་རོམ་ཐང་དགོན་གྱི་ས་གནས་དེར་འབྱོར་སྐབས་བྱེ་མའི་ཕུང་པོ་ཞིག་སྤུང་ངེར་ཡོད་པ་དེར་སྦ་ལྕག་བསམ་པའི་དོན་འགྲུབ་ཀྱིས་བསྣུན་དེ་ཕར་བསལ་བ་ན། འོག་ནས་ཤེལ་གྱི་སྤྱན་རས་གཟིགས་གྲུ་གང་པ་ཙམ་ཞིག་མཇལ་བ་དང་། གེ་སར་གྱིས་འདི་ལྟར། [༤]
ཧཱུྃ༔ མ་སྐྱེས་སྟོང་པའི་རང་ཚུལ་ལས། །མ་འགག་སྙིང་རྗེ་ཆེན་པོའི་མདངས། །
མ་གྱུར་འགྲོ་བའི་མགོན་པོ་མཆོག །མ་བཅོས་རང་བྱུང་ངོ་མཚར་ཆེ། །
ཞེས་བསྟོད་པ་མཛད་པས། ཐུགས་རྗེ་ཆེན་པོས།
ཉོན་ཅིག་ལྷ་སྲས་གེ་སར་ལགས། །ཁྱོད་དང་ང་གཉིས་སྤྲུལ་གཞི་གཅིག །
འོད་དཔག་མེད་ཀྱི་ཐུགས་ལས་འཁྲུངས། །གོང་མ་ལྟ་ནས་མཉམ་ཆས་ཡིན། །
བར་མ་མི་ཡུལ་མཉམ་འཛོམས་ཡིན། །
ཞེས་སོགས་གསུང་བྱོན་པས་གེ་སར་མངོན་པར་དད་དེ་རྡོ་ཨ་དཀར་གྱི་མཎྜལ་དེའུ་འབུར་ཙམ་ཞིག་སྤུངས་སྟེ་དགོངས་པ་མཛད་པས་ཐམས་ཅད་ཡིག་དྲུག་རང་བྱོན་འབའ་ཞིག་ཏུ་གྱུར། རྒྱལ་བའི་བསྟན་པ་ཇི་སྲིད་གནས་པ་དེ་སྲིད་དུ་ལུང་རྟོགས་གཉིས་ཀྱི་བསྟན་པ་དང་བསྟན་འཛིན་རྒྱུན་མི་འཆད་པའི་སྨོན་ལམ་རླབས་པོ་ཆེས་འཚམས་སྦྱར་བར་གྲགས། དུས་དེ་ནས་བཟུང་ས་གནས་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པར་ངོས་འཛིན་བྱུང་བ་དང་ཕྱོགས་མཚུངས་གནས་ཁྲ་མོའི་རྡོ་འབུམ་ཆེན་མོ་འདི་ཡང་རིམ་གྱིས་བྱུང་བར་གྲགས།
བཤད་ཚུལ་འདི་ལྟར་ན། དུས་རབས་བཅུ་གཅིག་པའི་ནང་ས་གནས་འདི་ཆོས་ཀྱི་བསྟི་གནས་ཤིག་ཏུ་ངོས་བྱས་ཡོད་པར་བཤད་ཆོག སྤྱིར་ན་ལྷ་སྒྲུང་འདྲེས་མའི་གཏམ་རྒྱུད་ཀྱི་བྱེ་རྡུལ་ཁྲོད་ནས་དངོས་བྱུང་ལོ་རྒྱུས་ཀྱི་རིན་ཆེན་སྣ་ཚོགས་འཚོལ་དུ་ཡོད་པ་ནི་ཆོས་ཉིད་ཡིན་པས། བཤད་རྒྱུན་འདི་དག་གི་ཟ་ཟུར་ནས་ཀྱང་བདེན་ཆ་ཇི་སྙེད་ཅིག་རྙེད་དུ་ཡོད་པར་སེམས་ཏེ། ཡུལ་འདིའི་ཉིན་སྲིབ་གཉིས་ཀའི་རི་སྐེད་ཙམ་དུ་ཆུ་འཁྱིལ་ཤུལ་གྱི་བྱེ་མ་དང་། ཆུ་གནས་སྲོག་ཆགས་ཀྱི་འབུ་སྐོག་སོགས་རྙེད་དུ་ཡོད་པས་གནའ་སྔ་མོ་ཡུལ་འདི་མཚོ་ཡི་རྣམ་པར་ཡོད་པ་ནི་དོན་དངོས་ཡིན།
འདིར་དཔྱད་ཞིབ་དགོས་པ་ཞིག་ལ་གེ་སར་གྱིས་མཚོ་གཤགས་ཚུལ་གྱི་གཏམ་རྒྱུད་དང་བལ་ཡུལ་གྱི་གནའ་བོའི་བཤད་སྲོལ་ཞིག་ལ། སྔར་རྒྱལ་ས་ཀཱ་ཐ་མཱ་ཌཻྃ་ (Kathmandu / kāṭmāḍauṃ काठमाडौँ) ཆགས་ཡུལ་འདི་ཆུས་ཁེངས་ནས་ཡོད་པར་འཕགས་པ་འཇམ་དཔལ་དབྱངས་ཀྱི་རལ་གྲིས་མཚོ་ཁ་ཕྲལ་བའི་ཤུལ་ལ་ཆུ་ཉུང་ངུ་ཞིག་ལྷག་མར་ལུས་པ་དེ་ལ་མཚོ་རལ་གྲིའམ་ཏཽ་ད་ཧར་ (Taudaha Lake/ ṭauḍāhā टौडाहा) ཞེས་པ་དེ་བྱུང་བར་གྲགས། དེང་སང་གནས་མཇལ་འགྲོ་ས་གལ་ཆེན་ཞིག་ཏུ་བརྩི་སྲོལ་ཡོད། གཏམ་རྒྱུད་དེ་གཉིས་ཧ་ཅང་འདྲ་བས་བལ་ཡུལ་གྱི་གནའ་གཏམ་དེ་ལ་དཔེ་བླངས་ནས་བཤད་སྲོལ་འདི་དག་བྱུང་སྲིད་དམ་སྙམ།
ལོ་རྒྱུས་ཀྱི་གྲུབ་དོན།
[རྩོམ་སྒྲིག]
གང་ལྟར་གླིང་གེ་སར་གྱིས་མཚོ་ཆེན་རལ་གྲིས་གཤགས་པ་སོགས་ངོ་མཚར་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དག་ནི་སྐབས་དེའི་སྤྱི་ཚོགས་དད་མོས་ཀྱི་དབང་གིས་བྱུང་བས་དངོས་བྱུང་ཡིན་མིན་ལ་བརྒལ་བརྟག་དགོས་དོན་མེད། དངོས་དོན་བཤད་ཐུབ་པ་ནི་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་ངོས་འཛིན་བྱས་པ་ལྟར་ན། གླིང་གེ་སར་ཞེས་པ་ནི་དུས་རབས་བཅུ་གཅིག་གཡས་གཡོན་ལ་བྱུང་བའི་མདོ་ཁམས་ཡུལ་གྱི་ཚོ་པའི་དཔའ་རྒོད་ཅིག་ཏུ་ངོས་འཛིན་བྱས་པ་ལྟར་ན། གེ་སར་ཁོང་དམག་དོན་དང་། ཆབ་སྲིད། གནས་སྐོར་སོགས་ཀྱི་ཆེད་དུ་ཕྱོགས་གང་སར་ཕེགས་ཡོད་པ་རིགས་པས་དཔོགས་ནུས་པས། སྐབས་དེ་ཤེད་ཅིག་ཏུ་ཁོང་རྟ་ཤོད་གནས་ཁྲ་མོར་ཕེབས་ཤིང་ཀོང་ཇོས་བཞེངས་པའི་མ་ཎི་རྡོ་འབུམ་ཆེན་མོ་ལ་ཉམས་གསོ་དང་གསོལ་འདེབས་སོགས་གནང་ཡོད་ཆོག་པར་སེམས།
འོན་ཏེ་དྲང་མོར་བཤད་ན། གནས་ཁྲ་མོའི་རྡོ་འབུམ་ཆེན་མོ་འདི་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་གསར་གཏོད་བྱས་ཚུལ་ནི། རེ་ཞིག་དགོན་པའི་རྒན་རབས་དང་མི་དམངས་ལ་ཡོངས་གྲགས་ཡིན་པའི་ཆ་ནས་བཀོད་པ་ཙམ་ལས། ཕྱོགས་གཞན་ནས་བཤད་ན། ཀོང་ཇོའི་སྔོན་དུ་བོད་འདི་ཆོས་ལུགས་དང་། རིག་གཞུང་། དམག་དོན། ཚོང་དོན་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས། མ་ཎི་རྡོ་ལ་རྐོ་བའི་ལམ་སྲོལ་ཙམ་མེད་མི་སྲིད་ལ། ད་རུང་གལ་ཆེ་ཤོས་ཤིག་ནི་དེའི་སྔོན་དུ་རྒྱ་ནག་ལ་མ་ཎི་རྡོ་འབུམ་བཞེངས་སྲོལ་ཡོད་པ་གོ་མྱོང་མེད་འདི་ཙམ་གྱིས་ཀྱང་དོགས་གཞིའི་གནས་སུ་གྱར་ཡོད། དེར་བརྟེན་ད་རུང་ང་ཚོས་གནད་འདིར་དཔྱད་ཞིབ་ནན་མོ་བྱ་དགོས་པར་སྣང་།
དགོན་པ་དངོས་སུ་ཕྱག་འདེབས་པ་པོ།
[རྩོམ་སྒྲིག]གནས་འདིར་དགོན་ས་ཐོག་མར་འདེབས་མཁན་ནི་ཆབ་མདོ་ལྷོ་རོང་རྫོང་ཁང་གསར་ཡུལ་ཚོའི་ཁོངས་སུ་ཡོད་པའི་སེ་ཐུབ་བསྟན་འཕེལ་རྒྱས་གླིང་ (色寺土登培杰林) གི་བླ་མ་རྒྱལ་དབང་བདེ་ཆེན་རྡོ་རྗེ་ཞེས་པ་དེ་ཉིད་ཡིན། དེ་ཡང་«སེ་ཕུ་རིག་འཛིན་བདེ་ཆེན་རྡོ་རྗེ་མ་བྱོན་གོང་དང་བྱོན་ཚུལ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་»[༥] སུ། རྒྱལ་དབང་བདེ་ཆེན་རྡོ་རྗེས་སེ་ཕུ་དགོན་སོགས་དགོན་པ་བརྒྱ་རྩ་བརྒྱད་ཕྱག་བཏབ་པའི་ཁྲོད་དུ། རོམ་ཐང་གནས་ཁྲ་མོ་དང་། གྱང་སྔོན་དཀྱིལ་འཁོར་ཐང་སོགས་གསལ་བར་འཁོད་ཡོད།
དེས་ན་ཁོང་དུས་ནམ་ཞིག་ལ་ཕེབས་པ་ཡིན་ཞེ་ན། གོང་དུ་དྲངས་མ་ཐག་པའི་«བདེ་ཆེན་རྡོ་རྗེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་»[༦] ལྟར་ན། རབ་བྱུང་བདུན་པའི་མེ་སྤྲེལ་སྤྱི་ལོ་ 1416 ལོ་ལ་སྐུ་འཁྲུངས། ཡབ་སྤྱན་ལྔ་དབང་པོ་དང་། ཡུམ་མཛེས་ལྡན་ཨ་ཆོས། སྒྲུབ་ཁང་བྲག་མགོ་ལྷ་ཁང་། རྟེན་གཙོ་བྲག་མགོ་ཇོ་བོ། བསྟན་སྲུང་ཨ་ཕྱི་སྒྲོལ་མ། སྦྱིན་བདག་བོད་ཡུལ་ཚང་། རྒྱ་ནག་གོང་མའི་དབུ་བླ་མཛད་ཅིང་ཧོ་ཐོ་ཐུ་ཡི་གོ་གནས་ཐོབ་པ་སོགས་འགྲོ་དོན་རྒྱ་ཆེར་བསྐྱངས་ཤིང་དགུང་ལོ་དྲུག་ཅུ་ཙམ་ (1470s) བཞུགས་ཏེ་མཐར་མདོ་ཁམས་རི་བོ་ཆེར་སྐུ་གཤེགས་ཚུལ་སོགས་གསལ་བ་ལས། སྦྱིན་བདག་གི་མཚན་དེ་ཅུང་མི་བདེན་པའི་ཟོལ་འདྲ་ཞིག་དང་རྒྱ་ནག་གོང་མའི་དབུ་བླ་ཧོ་ཐོ་ཐུ་གནང་བ་སོགས་ལ་དཔྱད་དགོས་པར་སྣང་། དེ་མིན་བསྟན་སྲུང་ཨ་ཕྱི་སྒྲོལ་མ་ཡིན་ཚུལ་ལ་བསམས་ན་ཁོང་གི་ཆོས་རྒྱུད་དེ་འབྲི་གུང་བཀའ་བརྒྱུད་དང་འབྲེལ་བ་གང་འཚམ་ཡོད་པར་ངེས། སྐབས་དོན་ཁོང་ཕེབས་པའི་དུས་ཚོད་ལ་བསྟུན་ཏེ་དཔྱད་ན། གནས་ཁྲ་མོའི་དགོན་པ་འདི་སྤྱི་ལོའི་དུས་རབས་བཅོ་ལྔ་པར་དགོན་པའི་རྣམ་པ་ཅན་གྱི་ཆོས་སྡེ་ཞིག་ཏུ་གྲུབ་ཀྱང་གནས་འདིའི་མ་ཎི་རྡོ་འབུམ་ནི་དེའི་སྔོན་དུ་ཡོད་པར་སེམས།
འོན་ཀྱང་ཁོང་ཕེབས་པའི་དུས་ཚོད་ལ་དཔྱད་དགོས་པ་ཞིག་ནི། གོང་གསལ་«བདེ་ཆེན་རྡོ་རྗེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་»སུ་ཁོང་དུས་རབས་ 15 པའི་ནང་ཕེབས་པར་གསལ་ཡང་། ལོ་རྒྱུས་དེ་ཉིད་ཀྱི་ཤོག་གྲངས་བཅུ་གཉིས་པའི་རྒྱབ་ངོས་[༧]སུ། ཁོང་དང་དུས་མཉམ་པའི་རྡོ་རྗེ་ཐོག་པའི་སྤུན་གསུམ་མམ། རྡོ་རྗེ་ཐོད་བདུན་བརྩི་སྲོལ་ལ། རྒྱལ་དབང་བདེ་ཆེན་རྡོ་རྗེ། སྟག་ཤམས་ནུས་ལྡན་རྡོ་རྗེ་ (1655–1708)[༨] ཡོང་དགེ་མི་འགྱུར་རྡོ་རྗེ་ (1628/1641–1708) གནམ་ལྕགས་ཐོག་གི་རྡོ་རྗེ། (1694–1738) གནས་ཆོས་མི་འགྱུར་རྡོ་རྗེ་ (1645–1667) སོགས་གཏེར་སྟོན་ལྔ་ཙམ་བརྩིས་འདུག་པ་དག་ནི་ཚང་མ་དུས་རབས་བཅུ་བདུན་དང་བཅོ་བརྒྱད་པའི་བླ་མ་རྐྱང་རྐྱང་ཡིན་པས། ཁོང་ཕེབས་པའི་དུས་རབས་དེ་བཅུ་བདུན་པའི་སྐོར་ཡིན་སྲིད་དམ། འོན་ཀྱང་བདེ་ཆེན་རྡོ་རྗེ་སྐུ་ཕྲེང་དགུ་པོའི་དགུང་གྲངས་རྣམས་ཕྱོགས་བསྡོམས་བྱས་ན་ལོ་ལྔ་བརྒྱ་ཙམ་ལོངས་པས། ལྷག་མ་ལོ་དྲུག་བཅུ་དེ་སྤྲུལ་སྐུ་འཁྲུངས་འདས་བར་གྱི་ལོ་ཚིགས་ལ་བརྩིས་ན་མི་འོས་པ་ཆེར་མེད་པས་ཁོང་དུས་རབས་བཅོ་ལྔ་པར་མ་བྱུང་ཞེས་ཁ་ཚོན་སུས་གཅོད་ནུས།
རྒྱལ་དབང་བདེ་ཆེན་རྡོ་རྗེའི་རིང་ལུགས་དེ་བར་ཁམས་འདིར་ཅུང་དར་རྒྱས་སོང་ཡོད་པ་སྟེ། རྗེ་དྲུང་འཇམ་དཔལ་ལུང་རྟོགས་ཀྱིས་བརྩམས་པའི་«སྟག་ལུང་བཀའ་བརྒྱུད་ཀྱི་དེབ་ཐེར་རྒྱལ་མཚོའི་ཉིང་བཅུད་»[༩]ལས། ཡང་རི་བོ་ཆེའི་ཁྲི་རབས་བཅུ་གཉིས་པ་རྗེ་དྲུང་གྲགས་པ་ལེགས་གྲུབ་(1646–1711) སྐབས་སུ་རྙིང་པ་གྲྭ་ཚང་དུ་རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་གྱི་གར་འཆམ་དང་སྒྲུབ་མཆོད་དང་བཅས་པ་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་རྒྱུད་བཙུགས་ཡོད་པར་གསལ་བས་སོ། །
སྤྱི་ཚོགས་རྙིང་པའི་སྐབས།
[རྩོམ་སྒྲིག]སྤྱི་ཚོགས་རྙིང་པའི་སྐབས་གནས་ཁྲ་མོའི་དགོན་པ་འདི་གཙོ་ཆེར་སེར་ཁྱིམ་པས་འཛིན་སྐྱོང་བྱེད་པའི་དགོན་སྡེ་ཞིག་ཡིན་ཞིང་ཡུལ་མི་རྣམས་ཀྱིས་སྒོམ་པ་གྲྭ་ཚང་ཞེས་འབོད། རྨེ་རུ་ཤོག་གསུམ་གྱི་ས་གནས་ཡུལ་མི་རྣམས་ལས་དུད་ཚང་ཕལ་མོ་ཆེའི་ལུགས་སྲོལ་ལ་བུ་གཅིག་རབ་ཏུ་བྱུང་སྟེ་སྐྱིད་མཁར་དགོན་དང་བསམ་འགྲུབ་དགོན་གང་རུང་དུ་གྲྭ་སར་གཏོང་ཤིང་། བུ་གཞན་དག་གིས་ཁྱིམ་གཞིས་འཛིན་ཞོར་དགོན་འདིར་ཞུགས་ཏེ་སྔོན་འགྲོ་གསག་སྦྱོང་དང་དབང་ལུང་མན་ངག་ཞུ་བ་སོགས་ཆོས་ཉམས་ལེན་གྱི་རིམ་པ། མཆོད་དབུ་དགེ་བསྐོས་སོགས་དགོན་སྡེའི་ཞབས་ཞུའི་ལས་རིམ། འབུད་རྡུང་དཀྲོལ་གསུམ་སོགས་ཆོ་ག་ཕྱགས་ལེན་གྱི་རིམ་པ་དང་བཅས་རབ་བྱུང་དང་དགེ་བསྙེན་གྱི་ཁྱད་པར་ཙམ་ལས་བོད་ནང་པའི་དགོན་སྡེ་ཞིག་གི་ཆ་རྐྱེན་འགྲོ་ཚུལ་ཡོངས་རྫོངས་ཚང་ཡོད།
«གནས་ཁྲ་མོའི་དགོན་པའི་ལོ་རྒྱུས་»ལྟར་ན། ཡུལ་འདི་བར་སྐབས་ནས་ཆབ་མདོའི་ཁོངས་གཏོགས་ཡིན་པའི་ཆ་ནས་ཆབ་མདོ་འཕགས་པ་ལྷ་རིམ་བྱོན་ནས་བདག་གཅེས་དང་གཟིགས་སྐྱོང་རྒྱ་ཆེར་གནང་མཛད་དེ། «གནས་ཁྲ་མོའི་གནས་ཡིག་»ཅེས་འཕགས་ཆེན་ཉིད་ནས་བརྩམས་པ་ཡོད་འདུག་ཀྱང་རིག་གསར་སྐབས་རྩ་བརླགས་སོང་། གཞན་ལྷ་ཁང་ལ་གསེར་འཕྲུ་བུམ་གཟུགས་མ་དང་རྒྱལ་མཚན། མ་མགོན་གཉིས་ཀྱི་རྔ་ཐུག་སོགས་འཛུགས་ཚོག་པ་དང་། ཆོས་རྒྱུད་དང་འཚོགས་རྒྱུན་སྔར་སྲོལ་ཉམས་མེད་དགོས་རྒྱུ་དང་། ཆོས་སྡེ་གཞན་གྱིས་མཐོང་ཆུང་བརྙས་སྨོད་མི་ཆོག་རྒྱུའི་ཤེ་བམ་(གཞུང་གི་སྲིད་ཐམ་བརྒྱབ་པའི་ཡིག་ཆ།)གཙང་བཙན་གནང་བས་ལྷ་མི་ཚང་མས་བརྩི་སྲུང་དགོས་པར་མཛད།
གཞན་ཡང་གནས་འདིར་གནས་མདོ་ཀརྨ་ཆགས་མེད་རིམ་བྱོན་རྣམས་ཀྱང་གནས་འདིར་ཕེབས་སྟེ་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། ཁྱད་པར་དུ་ཆགས་མེད་ཨ་རཱ་ག་སྐུ་དངོས་ཀྱིས་རོམ་ཐང་གནས་ཁྲ་མོར་མཛད་པའི་གནས་ཡིག་ཀྱང་ཡོད་པར་གསལ། འོན་ཏེ་དེང་སང་བཞུགས་པའི་ཆགས་མེད་ཨ་རཱ་གའི་«གསུམ་འབུམ་» སྤྱི་ལོ་ 2010 ལོར་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་ནས་ནང་ཆེན་རྫོང་ལ་པར་སྐྲུན་བྱས་པ་པོད་དྲུག་ཅུ་བྱས་པ་དང་། སྤྱི་ལོ་ 1999 ཙམ་ལ་ཁྲིན་ཏུའུ་ལ་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་སུའོ་བོད་ཀྱི་རིག་གནས་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་པ་པོད་ 49 བྱས་པ། སྤྱི་ལོ་ 1974–1984 བར་ཙམ་རྒྱ་གར་བྱང་ཕྱོགས་ཀང་ར་ལ་པར་སྐྲུན་བྱས་པ་པོད་དགུ་བྱས་པ་སོགས་ཀྱི་དཀར་ཆག་ཆ་ཚང་དང་རང་རྣམ་པོད་གཉིས་ཡོངས་སུ་རྫོགས་པ་བཀླགས་ཀྱང་གནས་ཡིག་དེ་འདྲ་ཞིག་ཡོད་ཚུལ་མ་མཇལ།
ཡིན་ཡང་ད་རུང་ཁོང་གི་གསུང་ཐོར་བུ་དང་འབྲེལ་ཡོད་ཡིག་ཆ་ཁག་བཀླག་ན་གནས་ཡིག་དེའི་སྐོར་རྙེད་ཀྱང་སྲིད། གང་ལྟར་ཆགས་མེད་ཨ་རཱ་ག་དབུས་ལ་ཕེགས་དུས་རྡོ་ཤུལ་བརྒྱུད་ནས་ཕེབས་པ་དང་། ཕྱིས་འགྲོ་དོན་ཆེད་ནང་ཆེན་ཕྱོགས་ལ་ཕེབས་པ་མང་ཡང་ལས་ཁྱུང་པོའི་ཁུལ་དུ་མ་ཕེབས་པ་ནི་མིན་ཏེ། «ཆགས་མེད་རང་རྣམ་དགུང་ལོ་ལྔ་བཅུ་ནས་ལྔ་དྲུག་བར་གྱི་ཕྱི་ཡི་རྣམ་ཐར་»ལས། (པོད་གཉིས་པ།་ཤོག་ངོས།10): “ཁྱུང་པོ་རྟ་ཤོད་ཡུལ་ཡིན་སྙམ་པ། །མ་འོངས་ང་ཡི་ཆོས་རྒྱུད་ཀྱིས། །དེ་རུ་འགྲོ་དོན་འབྱུང་ངམ་སེམས། །”ཞེས་གསུངས་པས་སྐབས་དེར་ཁོང་རྟ་ཤོད་གཞུང་དུ་འགྲོ་དོན་ལ་ཕེབས་པ་ཙམ་ཟད་ཐུགས་ཀྱི་རེ་སྨོན་ཡང་ཆེན་པོ་མཛད་ཡོད་པ་གསལ་པོ་རེད། དེར་བརྟེན་ཁོང་ཁྱུང་པོ་རྟ་ཤོད་དུ་ཕེབས་སྐབས་རོམ་ཐང་གནས་ཁྲ་མོའི་གནས་ཡིག་བརྩམས་ཡོད་སྲིད་པ་སྟེ། ཁོང་ཉིད་གནས་རི་གྲགས་ཅན་ལ་སོགས་ཕེབས་སྐབས་གནས་ཡིག་དང་། གནས་བསྟོད། ཐ་ན་ཡང་རྨི་ལམ་ཟིན་ཐོ་ཙམ་འབྲི་བའི་གོམས་སྲོལ་ཡོད་པ་དཔེར་ན་སྤོམ་ཎི། རྟ་རྣ་སོགས་ལ་གནས་བསྟོད་བརྩམས་པ་ལྟ་བུའོ། །
ཡང་«གནས་ཁྲ་མོའི་ལོ་རྒྱུས་»ནང་། “སྟག་ཤམ་སྤྲུལ་སྐུ་རིམ་བྱོན་རྣམས་ཀྱིས་གསང་ཆེན་སྔ་འགྱུར་སྙིང་མའི་བཀའ་གཏེར་གྱི་ཆོས་རྣམས་དང་། ཁྱད་པར་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་འཆད་སྤེལ་སོགས་ཀྱི་སྲོལ་རྒྱུན་རྒྱ་ཆེན་པོ་ཚུགས་ཡོད་འདུག”ཅེས་པའི་དཔེ་མཚོན་གཅིག་ནི། སྤྱི་ལོ་ 1949 ས་གླང་ལོ་བོད་ཟླ་དྲུག་པའི་ཚེས་ཤར་ལ་ཁྱུང་པོ་རྨེ་རུ་རོམ་ཐང་སྒོམ་པ་གྲྭ་ཚང་ནས་གོ་སྒྲིག་ཞུས་ཏེ་སྟག་ཤམ་སྐུ་ཕྲེང་དྲུག་པ་ཀརྨ་གསང་སྔགས་བསྟན་འཛིན་རྡོ་རྗེའི་(1899–1949) ཞལ་སྔ་ནས་འཇའ་ཚོན་པོད་དྲུག་གི་དབང་ལུང་བསྩལ། སྐབས་དེར་རི་པ་བླ་མ་རིག་འཛིན་ཆོས་རྒྱལ་རིན་པོ་མཆོག་དང་ཞབས་གྲྭ་གསུམ་བཅས་དབང་ལུང་གསན་སར་ཕེབས་པའི་ལོ་རྒྱུས་«གཏེར་ཆེན་ནམ་མཁའ་དྲི་མེད་ཀྱི་རྣམ་ཐར་ངོ་མཚར་རྒྱ་མཚོས་རླབས་ཕྲེང་»[༡༠] ནང་འཁོད་ཡོད།
སྤྱི་ཚོགས་རྙིང་པའི་སྐབས“དགོན་འདིར་རྒྱུན་དུ་གཟིགས་རྟོགས་མཛད་མཁན་ནི། རྒྱ་གར་གྱི་གྲུབ་ཐོབ་ལྭ་ཝ་པའི་བྱིན་གྱིས་རླབས་པའི་གནས་ལ་ཝ་རི་ཁྲོད་ཀྱི་བླ་རབས་རིམ་བྱོན་དང། ཁྱད་པར་སྤོ་ཡོ་དཔོན་རིམ་བྱོན་རྣམས་ཀྱིས་བདག་གཅེས་འཛིན་སྐྱོང་སྤྲེལ་གསུམ་ཉམས་མེད་གནང”ཚུལ་«གནས་ཁྲ་མོའི་ལོ་རྒྱུས་»ནང་འཁོད་ཡོད།
ལ་བ་རི་ཁྲོད་ཀྱི་གསེར་པ་བླ་རབས་རིམ་བྱོན་གྱི་ལོ་རྒྱུས་ཀྱི་འགོ་ཁུངས་འདི་ནས་བྱུང་ཞེས་བཤད་ཐུབ་པར་དཀའ་ཡང་། གདུང་རབས་དང་སྤུལ་རབས་གཞན་དང་མི་འདྲ་བར། བླ་མའི་ཡང་སྲིད་གསེར་པ་བླ་བྲང་རང་ནས་ངོས་འཛིན་ཆོག་པའི་ལམ་ལུགས་ཡིན་པ་སྟེ། དཔེར་ན་གསེར་པ་བླ་མ་སྐུ་གོང་མ་དེ་བླ་མ་ངག་དབང་བློ་གྲོས་ཀྱི་ཡབ་ཡིན་པ་དང་། ཁོང་གི་སྲས་པོ་བླ་མ་ཕྲིན་ལས་མཆོག་ཁོང་གི་ཡབ་ཀྱི་སྐུ་སྐྱེ་ཡིན། ཡང་ད་ལྟའི་བླ་གུ་རུའི་སྐུ་མཆེད་ཀྱི་སྲས་གང་རུང་ཞིག་གསེར་བླ་མའི་ཡང་སྲིད་དུ་ངོས་གནང་སྲོལ་ཡོད་པ་རེད།
སྤོ་ཡོ་དཔོན་ཚང་ནི་ཁྱུང་པོ་རྨེ་རུ་ཡུལ་གྱི་དཔོན་ཚང་ཆེ་ཤོས་དང་ལོ་རྒྱུས་རིང་བ། དམ་པའི་སྐྱེས་ཚེན་དུ་མ་འཁྲུངས་མྱོང་བའི་དཔོན་ཚང་ཡིན་པ་སྟེ། མདོ་ཁམས་རི་བོ་ཆེའི་དགོན་ཆེན་གྱི་ཁྲི་རབས་བཅོ་ལྔ་པ་འཕགས་མཆོག་སྤྲུལ་སྐུ་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་མཆོག་(1724–1785)སྤོ་པོ་ཚང་ལ་འཁྲུངས་པ་དང་། མ་ཟད་ཁོང་གི་སྐུ་མཆེན་རྒན་པ་ངག་དབང་རིན་ཆེན་ནི་ཞག་གཅོད་དགོན་ཆེན་གྱི་སྤྲུལ་རབས་ཡིན་ཚུལ་«སྟག་ལུང་ཆོས་འབྱུང་ལས་རི་བོ་ཆེའི་ལོ་རྒྱུས་ཁ་སྐོང་»དུ་གསལ་ཡོད་པ་དང་། ཡང་དུས་ཕྱིས་གཏེར་ཆེན་གནམ་ལྕགས་རྩ་གསུམ་གླིང་པ་སྐུ་ཕྲེང་དྲུག་པ་འཕགས་པ་རྒྱ་མཚོ་རིན་པོ་ཆེ་(1950–2020)དང་ཁོང་གི་གདུང་སྲས་ཞག་གཅོད་སྤྲུལ་སྐུ་ཕྲིན་ལས་ཉི་མ་སོགས་དམ་པའི་སྐྱེས་ཆེན་དུ་མ་ཕེབས་མྱོང་བའི་དཔོན་ཚང་ཞིག་ཡིན།
རྩ་ཆེའི་རིག་དངོས་གནས་ཁྲ་མོའི་རྡོ་འབུམ་ཆེན་མོ།
[རྩོམ་སྒྲིག]གནས་ཁྲ་མོའི་རྡོ་འབུམ་ནི་བོད་ཁམས་ཀྱི་མ་ཎི་རྡོ་འབུམ་ཆེ་གྲས་དཔེར་ན་ནང་ཆེན་མ་ཎི་འཇའ་དམར། སྐྱེ་དགུའི་རྒྱ་ནག་མ་ཎི།[༡༡] རྫ་ཆུ་ཁའི་དཔལ་དགེ་མ་ཎི།[༡༢]སོགས་དང་དོ་མཉམ་པའི་མ་ཎི་རྡོ་འབུམ་ཆེན་མོ་ཞིག་ཡིན། གོང་ཞུས་ལྟར་གནས་འདི་ཉིད་ཀྱི་ལོ་རྒྱུས་ནི་རྒྱ་མོ་བཟའ་འུན་ཤིང་ཀོང་ཇོ་ལ་ཡར་གཏུགས་ན་དུས་རབས་བདུན་པའི་ནང་བྱུང་བར་བཤད་ཆོག་ལ། གླིང་གེ་སར་ཕེབས་ཏེ་གནས་སྒོ་ཕྱེ་བ་ནས་བཟུང་སྤྱན་རས་གཟིགས་གྱི་གདན་སར་གྱུར་ཏེ་མ་ཎི་རྡོ་འབུམ་ཆགས་ཚུལ་ལྟར་ན་དུས་རབས་བཅུ་གཅིག་པའི་ནང་རྡོ་འབུམ་འདི་བྱུང་ཟིན་པར་ཆ་འཇོག་རུང་བ་ཡིན།
དུས་རབས་བཅུ་དྲུག་ཡར་སྔོན་དུ་ཕེབས་པའི་རྟ་ཤོད་བུ་མོ་པདྨ་མཚོའི་ལོ་རྒྱུས་ལྟར་ན་པདྨ་མཚོའི་སྐུ་དུས་སུ་རྡོ་འབུམ་ཆེན་མོ་འདི་གྲུབ་ཟིན་ཡོད་པ་སྟེ། བཤད་རྒྱུན་ལ་ཉིན་ཞིག་མཁའ་འགྲོ་པདྨ་འཚོས་ཨ་ཕྱི་ཞི་བ་སྒྲོན་དམ་ལ་འདོགས་སྐབས། གསོན་འདྲེ་དེ་ཉིད་ལྗང་ཤོད་ནས་རྒྱ་མོ་དངུལ་ཆུ་བརྒྱུད་དེ་རོམ་ལ་ཚུར་བརྒལ། དེ་ནས་རོམ་འགག་བརྒྱུད་དེ་མར་བྲོས་ཡོང་སྐབས་གནས་ཁྲ་མོའི་རྡོ་འབུམ་ཆེན་མོ་འདི་མཇལ་བའི་སར་སླེབས་པ་དང་གནས་འདིའི་གཟི་བྱིན་གྱིས་འདྲེ་མོ་འབྲོ་བའི་ནུས་པ་ཉམས་པར་གྱུར། དེ་ནས་པདྨ་མཚོས་གདོན་འདྲེ་དམ་བ་བཏགས་ཤིང་ཕ་བོང་ཁང་ཆེན་འདྲ་བ་ཞིག་གི་འོག་ཏུ་མནན་པ་མཛད་པས་དུས་དེང་སང་ཡང་ཕ་བོང་དེའི་མིང་ལ་“ཞི་བ་སྒྲོན་”ཞེས་འབོད་སྲོལ་ཆགས་ཡོད། པདྨ་མཚོའི་ལོ་རྒྱུས་ཞིབ་ཕྲ་མཇལ་འདོད་ན་ཁོ་བོས་བྲིས་པའི་«རྟ་ཤོད་བུ་མོ་པདྨ་མཚོའི་རྣམ་ཐར་»ལ་གཟིགས་པར་ཞུ།
ཡང་ཁ་རྒྱུན་དུ་སེ་རྒྱལ་དབང་བདེ་ཆེན་རྡོ་རྗེས་ཡུལ་ལུང་གང་སར་མ་ཎི་རྡོ་འབུམ་བཞེངས་བའི་ཁྲོད་ཀྱི་གཅིག་ཡིན་པར་གྲགས་ཀྱང་། «སེ་ཕུ་རིག་འཛིན་བདེ་ཆེན་རྡོ་རྗེ་མ་བྱོན་གོང་དང་བྱོན་ཚུལ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་»ནང་ལྷ་ཁང་དང་དགོན་པ་བཞེངས་ཚུལ་ལས་རྡོ་འབུམ་གསར་དུ་བཞེངས་པའི་ལོ་རྒྱུས་མ་འཁོད་པས། གཏམ་རྒྱུད་དེ་དག་ལྷ་ཁང་དང་རྡོ་འབུམ་ནོར་ཏེ་བཤད་ཡོད་པར་སེམས།
རྡོ་འབུམ་ཆགས་ཡུལ་ནི་རྨེ་རུ་རོམ་ཐང་གྲོང་གི་ཆུ་འགྲམ་དང་། མ་ཎི་བརྐོ་སའི་རྡོ་ཕལ་མོ་ཆེ་ནི་ཆུ་རྡོ་གྲོ་དཀར་གྱི་རིགས་“བྱ་རྡོ་”ཞེས་པ་ཞིག་ཡིན་ཞིང་རྡོ་དེ་དག་ཉེ་འཁོར་གྱི་བྱ་ཆུ་དང་རྟ་ཆུའི་རྒྱུད་དུ་ཡོད། བརྐོ་བྱའི་གསུང་རབ་ནི་གཙོ་བོ་མ་ཎི་དང་། བཛྲ་གུ་རུ། ཚེ་མདོ། རྡོ་གཅོད། ལྟུང་བཤགས། ཐར་མདོ། གསེར་འོད། གདུགས་དཀར། བརྒྱད་སྟོང་པ། རྡོ་བརྐོས་ལྟ་སྐུ། ཆེ་ས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡང་ཚར་གྲངས་མི་ཉུང་བ་ཡོད་པར་ངེས།
རྡོ་འབུམ་འདིའི་རིང་ཚད་ལ་སྐུམ་ཁྲུའམ་མེ་ཊར་ 80 ཞིང་ཚད་ལ་ 65 ཙམ་ཡོད། (ས་ཁྲ་ནས་ཚོད་ཀྱིས་འཇལ་བ་ཙམ་ཡིན།) ས་ངོས་ནས་ཡར་འཕགས་པའི་མཐོ་ཚད་ལ་ཆ་སྙོམ་ཐོག་བརྩེགས་གཅིག་ལྷག་ཙམ་དང་། ས་འོག་ཏུ་ནུབ་ཟིན་པའི་ཚད་ལ་ཐོང་གཤོལ་གྱི་གཤོལ་མདའ་ཞིག་གི་ཚད་ལས་རིང་བར་གྲགས་པས་ཐོག་བརྩེགས་གཅིག་ལས་མཐོ་བར་སེམས། མདོར་ན་གནས་ཁྲ་མོའི་མ་ཎི་རྡོ་འབུམ་ཆེན་མོ་འདི་ནི་ཁྱུང་པོའི་ཡུལ་གྱི་བཀའ་བན་བོན་གཉིས་ལས་བནྡེའི་གནས་རྩ་ཆེ་ཤོས་དང་སྙན་གྲགས་ཆེ་ཤོས་ཤིག་ཡིན།
གནས་ཁྲ་མོའི་རྡོ་འབུམ་གྱི་ལྟག་གོང་དེར་བ་མོ་དང་ཁ་བ་སྲབ་མོ་བཞག་ན་མ་ཎི་ཡིག་དྲུག་རང་བྱོན་མངོན་ཐུབ་པའི་ཕ་བོང་ཆེན་པོ་ཞིག་དང་། བར་དོའི་འཕྲང་ཡིན་པར་གྲགས་པའི་ཕ་བོང་བུ་ག་ཅན་ཞིག་དང་གཉིས། ནུབ་ངོས་སུ་“ཕ་བོང་དུ་གས་”ཞེས་གེ་སེར་གྱིས་རྡོག་ཐོ་བསྐྱོན་པས་དམྱལ་ཟངས་ཁ་སྦུབ་བསློགས་པར་གྲགས་པའི་ཕ་བོང་གས་ཆག་ཅན་ཞིག་དང་། ཡང་ས་གནས་འདི་ལམ་དྲུག་གི་འདུས་མདོ་ཡིན་པས་རིགས་དྲུག་གི་སྐྱེ་སྒོ་གཅོད་པའི་རྟགས་ཡིན་ཚུལ་སོགས་བཤད་པ་སྣ་ཚོགས་ཡོད།
གླ་བ་སྐེའི་རི་ཁྲོད།
[རྩོམ་སྒྲིག]རྨེ་རུ་རྟ་མདའི་ཁད་ཉེར་ཡོད་པའི་གསེར་པ་བླ་བྲང་གི་རི་ཁྲོད་གླ་བ་སྐེ་ནི་ལོ་རྒྱུས་ཡིན་རིང་ལྡན་ལ་དམ་པའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅག་མྱོང་བའི་གནས་ཁྱད་པར་བ་ཞིག་སྟེ། སྤྱི་ལོ་ 1661 ལོར་གནས་འདིར་གཏེར་ཆེན་བདུད་འདུལ་རྡོ་རྡེས་(དེ་སྐབས་དགུང་ལོ་ཞེ་བདུན་ཡིན།)ཞག་ལྔའི་རིང་དབང་ལུང་གསུངས་ཞིང་སྐབས་དེར་དབང་ལུང་ཞུ་མཁན་གྲས་ལ་མཁས་གྲུབ་ཆེན་པོ་ཀརྨ་མ་ཆགས་མེད་(དགུང་ལོ་ཞེ་དགུ་ཡིན།)མཆོག་ཆེད་དུ་ཕེབས་ཡོད་པ་སྟེ། «ཆགས་མེད་ཕྱི་རྣམ་དགུང་ལོ་ལྔ་བཅུ་ནས་ང་དྲུག་བར་»[༡༣] ལས། “གླ་བ་སྐེ་རུ་བདུད་འདུལ་རྡོ་རྗེ་མཇལ། །ཞག་ལྔར་དབང་ལུང་གནང་ཞིང་ཐུགས་རྟགས་བཟང་། །” ཞེས་འཁོད་ཡོད་ལ། གླ་བ་སྐེ་ནི་རྨེ་རུ་རྟ་མདའི་ཁད་ཉེར་ཡོད་པའི་གསེར་པ་ཚང་གི་རི་ཁྲོད་གླ་བ་སྐེ་རང་ཡིན་པ་སྟེ།«གུར་བཀྲའི་ཆོས་འབྱུང་»[༡༤]ལས་གཏེར་ཆེན་བདུད་འདུལ་རྡོ་རྗེའི་རྣམ་ཐར་སྐབས། “ཚ་བ་སྒང་ནས་ཁྱུང་པོ་གླ་བ་སྐེ་སོགས་སུ་ཕེབས་”ཞེས་འཁོད་ཡོད།
དེས་ན་ཆེས་མ་མཐའ་ཡང་རི་ཁྲོད་འདིར་མི་ལོ་བཞི་བརྒྱ་ཡན་མན་གྱི་ལོ་རྒྱུས་ཡོད་ལ། གཅིག་བྱས་ན་དེ་ལས་ཀྱང་ལོ་བརྒྱ་ཕྲག་འགའ་ཤས་ཀྱི་སྔོན་ནས་རི་ཁྲོད་འདི་ཡོད་སྲིད། བཤད་སྲོལ་ལ་རི་ཁྲོད་འདི་བྱིན་གྱིས་བརླབ་ཆེད་རྒྱ་གར་གྱི་གྲུབ་ཆེན་ལྭ་ཝ་པས་ཚེ་ཆུ་བུམ་པ་གང་བསྐུར་ཡང་ཚེ་ཆུ་ཁུར་མཁན་དེས་ཉིན་སྲིབ་ནོར་ཏེ་གླ་བ་སྐེའི་སྲིས་ངོས་ཀྱི་བདེ་བདེ་ཕུག་པར་བླུགས་པས་བདེ་བདེ་ཕུག་པའི་ལུ་མ་དེ་བྱུང་བར་གྲགས།
རི་ཁྲོད་འདིའི་བདག་པོ་ནི་གོང་གསལ་ལྟར་གནས་ཁྲ་མོའི་དབུ་བླ་གསེར་པ་བླ་བྲང་ཡིན་པས་གཅིག་བྱས་ན་གསེར་པ་ཚང་གི་ལོ་རྒྱུས་ཀྱང་རི་ཁྲོད་འདི་དང་མཉམ་སྲིད་ལ་དེའི་སྔོན་ནས་ཀྱང་ཡོད་སྲིད། ཡང་ན་རི་ཁྲོད་བདག་པོ་ལ་འགྱུར་བ་ཕྱིན་ནས་ཕྱིས་སུ་གསེར་པ་བླ་བྲང་གིས་བདག་པ་ཡིན་སྲིད་ལ། གང་ལྟར་ལོ་རྒྱུས་ཀྱི་ཁུངས་མེད་ན་འོབ་ཚོད་ཀྱིས་བཤད་ན་མི་འཚམ་པ་ཞིག་རེད།
མོང་ཧུག་ནང་།
[རྩོམ་སྒྲིག]མོང་ཧུག་ [= མང་ཕུག] བྲག་ཕུག་ནི་གནས་ཁྲ་མོ་སྒོམ་པ་གྲྭ་ཚང་གི་མཚམས་པ་རྣམས་མཚམས་ལ་བཞུགས་སའི་རི་ཁྲོད་ཅིག་ཡིན། དེ་སྔོན་གནས་དེར་གཏེར་ཆེན་གནམ་ལྕགས་རྩ་གསུམ་གླིང་པའི་སྐུ་ཕྲེང་ལྔ་པ་གནམ་ལྕགས་བཟོད་པ་རབ་བརྟན་སོགས་སྐྱེས་ཆེན་དུ་མ་བཞུགས་ཤིང་བྱིན་པའི་གནས་ཁྱད་བ་ཞིག་དང་། བར་སྐབས་དེར་མོང་ཧུག་བྲག་ཕུག་ནི་ཡུལ་འདིའི་གསོ་བ་རིག་པའི་ལྟེ་གནས་ལྟ་བུར་གྱུར་ཡོད་པ་སྟེ། གསོ་རིག་ལ་མཁས་པའི་གནམ་སྤྲུལ་བཟོད་པ་རབ་བརྟན་དང་། འཇམ་དཔལ་དཔོན་ལྷའི་ཁྱིམ་རྒྱུད་དང་དེ་ལས་ཆད་པའི་ལི་ཆུང་དཔོན་ལྷའི་ཁྱིམ་རྒྱུད། དཔོན་ཡོ་ཚེ་རིང་ཆོས་འཕེལ་གྱི་ཁྱིམ་རྒྱུད་བཅས་གསོ་རིག་གི་བརྒྱུད་པ་འཛིན་པའི་ཁྱིམ་ཚང་དང་སློབ་བརྒྱུད་དུ་མ་ཞིག་ཕུག་པ་སྟེང་ཤོད་དང་གཡས་ཟུར་གཡོན་ཟུར་དུ་གནས་ཆགས་ཤིང་ཕན་ཚུན་སློབ་སྟོན་དང་ཉམས་མྱོང་སྤེལ་རེས་སོགས་གནང་སྟེ་ཡུལ་འདིར་གསོ་རིག་གི་བསྟན་པ་རྒྱ་ཆེར་དར་བར་གྱུར་ཡོད།
གནས་མཆོག་ཟལ་མོ་རི།
[རྩོམ་སྒྲིག]རྟ་ཤོད་ཟལ་མོ་རི། རྟ་ཤོད་ཟལ་མོ་རི་ནི་སྟེང་ཆེན་དང་རི་བོ་ཆེ་རྫོང་གཉིས་ཀྱི་མཚམས་སུ་ཁེལ་ཡོད་ཅིང་སྟེང་ཆེན་ནས་སྤྱི་ལེ་ 80 ཙམ་གྱི་སར་ཡོད་ཅིང་། ཁྱུང་པོ་རྨེ་རུ་གློག་ཐང་ (麦日村 Mairicun) གི་མདུན་ཐད་ཏག་ཏག་ལ་ཁེལ་གྱི་ཡོད། གནས་འདི་རྙིང་མའི་ལུགས་ཀྱི་གནས་རི་རྩ་ཞིག་ཏུ་བརྩི་བ་སྟེ། གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེས་ (1655–1708) རྟ་ཤོད་ཟལ་མོའི་རི་སྒྲོལ་མ་ལ་ཁའི་བྲག་ནས་«གུ་རུ་སྣང་སྲིད་ཟིལ་གནོན་གྱི་བསྐང་བཟློག་»སྐོར་ཁྲོམ་གཏེར་དུ་བཞེས་པར་གྲགས། ཡུལ་མི་ཚོས་དབྱར་དུས་སུ་ནོར་ལུག་དེད་དེ་གནས་སྐོར་དུ་འགྲོ་སྲོལ་ཡོད། ཡང་གེ་སར་གྱི་སྒྲུང་ཡིག་དུ་མའི་ནང་། “རྟ་ཤོད་ཟལ་མོའི་རི་རྒྱུད་ལ། །རྟ་སྒབ་མའི་སྒབ་མ་ཁྲིད་འདྲ་ཡོད། །”ཅེས་པ་གྲགས་ཆེན་རི་བོ་ཞིག་ཏུ་བརྩི་་བ།
དུས་ཕྱིས་དགོན་པ་བསྐྱར་གསོ།
[རྩོམ་སྒྲིག]རིག་གསར་རྗེས་སུ་ཏེ་སྤྱི་ལོ་ 1984 ལོར་རྒྱལ་ཁས་ཀྱི་སྲིད་ཇུས་གུ་ཡངས་ཐོབ་སྟེ་དགོན་གནས་ཉམས་གསོ་སྐབས། དེ་སྔོན་རྨེ་རུ་རྟ་མདའི་ཁད་ཉེར་ཡོད་པའི་གླ་བ་སྐེ་ལ་ཝ་རི་ཁྲོད་ཀྱི་གསེར་པ་བླ་བྲང་དང་། རོམ་ཐང་གྲོང་རྒྱབ་ཀྱི་མང་ཕུག་ནང་གི་མཚམས་གྲྭ། གནས་ཁྲ་མོའི་དགོན་པ་རང་དང་བཅས་ཁག་གསུམ་ཕྱོགས་གཅིག་ཏུ་ཟླ་བསྒྲིལ་ནས་གནས་ཁྲ་མོའི་དགོན་པ་བསྐྱར་གསོ་གནང་། སྐབས་དེའི་ལས་ཀའི་འགན་ཁུར་མི་སྣ་གཙོ་བོ་གསེར་པ་བླ་མ་ངག་དབང་བློ་གྲོས་མཆོག་[༡༥]དང་སྲས་པོ་བླ་མ་ཕྲིན་ལས། གནམ་ལྕགས་སྤྲུལ་སྐུ་འཕགས་པ་རྒྱ་མཚོ། ལྷ་རྗེ་ཀརྨ་དོན་ལྡན། མདོ་སྡེ་སྤྲུལ་སྐུ་འཇིགས་མེད་བསྟན་འཛིན། དཔོན་ལྷ་བཀྲ་ཤིས། དབུ་མཛད་རྒན་ཨ-དྷིཿམ། དགེ་བསྐོས་བུ་འཆི་མེད། མཆོད་དཔོན་ཀུན་བཟང་རྡོ་རྗེ། གཉེར་པ་ཚེ་བརྟན་རྡོ་རྗེ་སོགས་དགོན་འདིའི་ལྷ་སྡེའི་ཁོངས་སུ་གཏོགས་པའི་སྐྱེ་བོ་ཕོ་མོ་ཡོངས་ཀྱིས་རྒྱུ་ཤུགས་དང་ནུས་ཤུགས་ཡོད་ཚད་བཏོན་ཏེ་དགོན་པ་བསྐྱར་གསོ་ལེགས་པར་གྲུབ་བོ། །
ད་ལྟའི་འཕེལ་རྒྱས།
[རྩོམ་སྒྲིག]དགོན་འདིའི་དབུ་འཛིན་བླ་ཨ་དཔག་དང་། ཁྲི་འཛིན་སྤྲུལ་སྐུ་གུ་རུ། མཁན་པོ་ཚེ་རིང་བཀྲ་ཤིས། སློབ་དཔོན་པདྨ་རྒྱལ་མཚན། གནས་བརྟན་རྒན་རིགས་གླ་ཆུང་པདྨ་ཆོས་འཕེལ་དང་། ནག་ཟིང་། དཔོན་ལྷ་པདྨ་སོགས་གྲྭ་མང་དང་ལྷ་སྡེ་ཡོངས་ཀྱིས་རང་དགོན་ཕྱི་ནང་གསང་གསུམ་གྱི་བགྱི་བ་མཐའ་དག་ཁུར་བླངས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་མུས་སུ་མཆིས།
བསླབ་པ་སློབ་གཉེར་གྱི་ཆ་ནས་བཤད་ན། རང་དགོན་ལ་བཤད་གྲྭ་ཚད་ལྡན་གྱི་མཐུན་རྐྱེན་མ་འཛོམས་ཀྱང་རྒྱུན་མར་རིག་གནས་དང་གཞུང་ལུགས་ཁག་གཅིག་སློབ་ཁྲིད་གནང་མུས་དང་། གཙོ་ཆེ་བ་སྔ་འགྱུར་མ་དགོན་ཆེན་མོ་དཔལ་ཡུལ་བྱུང་ཆུབ་གླིང་གི་བཤད་གྲྭ་ནས་བསླབ་པ་མཐར་ཕྱིན་པའི་གསེར་པ་སྲས་པོ་བླ་མ་གུ་རུ་མཆོག་དང་། འབར་ཚང་མཁན་པོ་ཚེ་རིང་བཀྲ་ཤིས་མཆོག་ (2020 ལོར་མཁན་པོ་མངའ་གསོལ་ཐོབ་) དང་། ནུབ་ཚང་གི་སློབ་དཔོན་པདྨ་རྒྱལ་མཚན་སོགས་དང་། ད་ལྟ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་ཁག་གཅིག་དང་། དེ་མིན་གསེར་རྟ་ཆོས་སྒར་དང་། ཡ་ཆེན་ཆོས་སྒར། རྫ་སེར་ཤུལ་དགོན་སོགས་ནས་སློབ་གཉེར་གནང་མྱོང་བ་ཡང་འགའ་རེ་ཡོད།
རྟེན་བཞེངས་ཐད་ནས་བཤད་ན། དགོན་འདིར་རྒྱ་བླ་སྟོབས་ཆེན་དང་ལྷ་སྡེ་འབོར་ཆེན་མེད་པས་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འཕེལ་རྒྱས་མ་སོང་མོད། དགོན་པའི་འཁོས་ཀ་ལ་ལྟོས་པའི་ཕྱི་ནང་གི་རྟེན་བཞེངས་གང་འཚམ་གྲུབ་ཡོད་པ་སྟེ། འདུ་ཁང་གསར་པ་རྟེན་དང་བརྟེན་པ་དང་བཅས་པ་འགྲུབ་ལ་ཉེ་བ་དང་། ལོ་ཤས་སྔོན་ནས་གནས་ཁྲ་མོའི་རྡོ་འབུམ་ཆེན་མོ་ལ་ཐོག་མཆོད་རྟེན་དང་འོག་མ་ཎི་འཁོར་ལོའི་མུ་ཁྱུད་དང་། ཉེ་འཁྲིས་སུ་རྒན་གསོ་ཁང་ཡང་བསྐྲུན་ཡོད།
དགོན་པའི་རྒྱུན་སྲོལ།
[རྩོམ་སྒྲིག]དགོན་འདིའི་ཉམས་ལེན་གཙོ་བོ་རིག་འཛིན་འཇའ་ཚོན་སྙིང་པོའི་ (1585–1656) གཏེར་ཆོས་«དཀོན་མཆོག་སྤྱི་འདུས་»དང་«ཞི་ཁྲོ་ངེས་དོན་སྙིང་པོ་»སོགས་གཙོར་བཟུང་ཐོག་«རཏ་ཕུར་ཡང་གསང་བླ་མེད་»དང་། དུས་ཕྱིས་གནས་ལྕགས་«ཐུགས་ཆེན་སྡུག་བསྔལ་རང་གྲོལ་»སོགས་ཀྱང་ཉམས་བཞེས་མཛད་སྲོལ་ཡོད། དེ་ཡང་དེ་སང་ལྟར་ན། ཚེས་བཅུ་ནམ་ཡིན་ལ་«དཀོན་མཆོག་སྤྱི་འདུས་»དང་ཉེར་ལྔ་ནམ་ཡིན་ལ་«ཚོགས་ལས་རིན་ཆེན་ཕྲེང་བ་»འདོན་སྲོལ་དང་། བོད་ཟླ་དང་པོའི་ནང་གནམ་སྤྲུལ་འཕགས་པ་རྒྱ་མཚོ་མཆོག་གིས་ཐེབས་རྩ་བཞག་པའི་«ཐུགས་རྗེ་ཆེན་པོ་འཁོར་འདས་ཟིལ་གནོན་»གྱི་སྒྲུབ་ཆེན་དང་འབྲེལ་མང་ཚོགས་དང་ལྷན་«སྨྱུང་གནས»འཚོགས་སྲོལ་དང་། བོད་ཟླ་གསུམ་པའི་ཚེས་བཅུ་བདུན་ལ་གསེར་པ་བླ་མ་ཕྲིན་ལས་རྒྱལ་མཚན་རིན་པོ་ཆེའི་འདས་མཆོད་དང་འབྲེལ་འཇའ་ཚོན་ཆོས་སྐོར་«ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་»དང་«ལྟུང་བཤགས་ཆོ་ག་» «ཞི་ཁྲོ་ངེས་དོན་སྙིང་པོ་» «ཚེ་ཁྲོ་»སོགས་ཉིན་བཅུ་བདུན་ཡར་མར་དང་། བོད་ཟླ་ལྔ་པའི་བཅོ་ལྔ་ལ་རི་བསྟོད་དང་འབྲེལ«འཛམ་གླིང་སྤྱི་བསང་»གཏོང་བ་དང་ཆབས་ཅིག་དབྱར་མཐོང་ཉིན་བདུན་ཙམ་གནང་། བོད་ཟླ་དྲུག་པའི་ནང་དགེ་འདུན་པ་རྣམས་དབྱར་ཟླ་བ་གཅིག་བཞུགས། བོད་ཟླ་དགུ་པའི་ལྷ་བབས་དུས་ཆེན་ནང་«རཏྣ་ཕུར་པ་ཡང་གསང་བླ་མེད»ཀྱི་སྒྲུབ་ཆེན་ཉིན་བཅུ་དང་། «འཇའ་ཚོན་ཞི་ཁྲོ་ངེས་སྙིང་»ཉིན་བདུན་འཚོགས་པ་དང་དུས་མཚུངས། དགོན་པའི་ལྷ་སྡེའི་ཁྱིམ་ཚང་ཕལ་མོ་ཆེར་སྟོན་རིམ་ལ་ཕེབས། བོད་ཟླ་བཅུ་པའི་ནང་མང་ཚོགས་དང་ལྷན་དུ་དགུན་བཅའ་ཟླ་གཅིག་ བོད་ཟླ་བཅུ་གཉིས་ཚེས་བཅུ་གསུམ་ནས་བཟུང་ཞིང་ཉིན་ལྔ་ལ་«བདེ་ཆེན་ཞིང་སྒྲུབ་»འཚོགས་རྒྱུ་དང་རྒྱུན་པར་གཟའ་ཉི་མ་དང་དམིགས་གསལ་གྱི་ངལ་གསོ་་ཕུད་རྒྱུན་གྲ་མ་ཆད་པར་འཚོགས་རྒྱུ་བཅས་སོ། །
- ↑ སྤྱི་ཚོགས་རྙིང་པའི་སྐབས་ཉིན་གྱི་རྨེ་རུ་སྐྱིད་མཁར་དགོན་དང་སྲིབ་ཀྱི་བསམ་གྲུབ་དགོན་པ་སྟེ་དགོན་ཁག་གཉིས་ཡོད་ཀྱང་། རིག་གནས་གསར་རྗེ་ཆེན་མོ་ཚར་རྗེས་དགོན་གནས་བསྐྱར་གསོའི་སྐབས་དགོན་ཁག་གཉིས་གཅིག་ཏུ་ཟླ་བསྒྲིལ་ནས་རབ་རྒྱས་གླིང་ཞེས་མཚན་གཏགས།
- ↑ ལོ་རྒྱུས་དེ་རྒན་ཨ་དྷིཿམའི་མ་རྩོམ་ལ། རྒན་པད་རྡིས་ནས་ཁ་སྣོན་བགྱིས་པ་ཞིག་ལ། དེ་རྗེས་ལྷ་བཟོ་ངག་དབང་བསྟན་འཛིན་ནས་ཁ་སྣོན་དང་བཅོས་བསྒྲིགས་གནང་དེ་སྟེང་ཆེན་རྫོང་གི་དགོན་པ་ཁག་གི་ལོ་རྒྱུས་ངོ་སྤྲོད་ནང་བཀོད་ཡོད།
- ↑ «བདུད་འཇོམས་ཆོས་འབྱུང་» (p. 412b6): “རབ་བྱུང་གཉིས་པ་ཤར་བ་ན། མ་གཅིག་ལབ་སྒྲོན་ལྕགས་ལུག་ང་བདུན། གླིང་རྗེ་གེ་སར་ས་སྟག་ལྔ་བཅུ་ཐམ་པ།”
- ↑ «ཁྱུང་པོ་རྨེ་རུ་རོམ་ཐང་གནས་ཁྲ་མོ་དགོན་གྱི་ལོ་རྒྱུས་མདོར་བསྡུས་ཙམ་»
- ↑ «བདེ་ཆེན་རྡོ་རྗེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་» (p. 28.6).
- ↑ «བདེ་ཆེན་རྡོ་རྗེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་» (pp. 14.1–15.1).
- ↑ «བདེ་ཆེན་རྡོ་རྗེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་» (p. 33).
- ↑ «གངས་མི་སྣ་གྲགས་ཅན་གྱི་འཁྲུངས་འདས་རེའུ་མིག་» (p. 62.6): ལས་སྟག་ཤམས་པའི་འཁྲུངས་འདས་ལོ་ཚིགས་ (1655–1780 ཡིན་པར་འཁོད་ཀྱང་དགུང་ལོ་དེ་འདྲ་མང་པོ་བཞུགས་པའི་ལོ་རྒྱུས་མེད་པས། གཤེགས་ཚེས་ཀྱི་ཀླད་ཀོར་དང་ཨང་ཀི་བརྒྱད་པ་གཉིས་སྔ་ཕྱི་འཁྲུགས་ཡོད་པར་སེམས།
- ↑ « སྟག་ལུང་བཀའ་བརྒྱུད་ཀྱི་དེབ་ཐེར་རྒྱལ་མཚོའི་ཉིང་བཅུད་» (p. 116.14–15).
- ↑ «ནམ་མཁའ་དྲི་མེད་རྣམ་ཐར་» (p. 41–42).
- ↑ མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་གྱི་རྒྱ་ནག་མ་ཎི་རྡོ་འབུམ་ལ་མ་ཎི་རྡོ་དུང་ཕྱུར་ 25 ཡོད་ཅིང་། ཤར་ནུབ་བར་རིང་ཚད་ལ་སྨི་ 300 དང་ལྷོ་བྱང་བར་ཞེང་ཚད་ལ་སྨི། 80 མཐོ་ཚད་ལ་སྨི་ 3 བཅས་ཡོད་པའི་མ་ཎི་རྡོ་རྩིག་བརྗིད་ཉམས་ཆེ་བ་ཞིག་ཏུ་གྱུར་ཅིང་། རྩིག་སྟེང་བརྐོས་པའི་བཀའི་ལུས་གྲངས་མང་བ་དང་། བརྐོས་བཟོས་ཀྱི་དུས་ཡུན་རིང་བ། གཞི་ཁྱོན་ཆེ་བ་བཅས་ནི་འཛམ་གླིང་ལ་མཐོང་རྒྱུ་དཀོན་པས་འཛམ་གླིང་སྟེང་རྩེར་སོན་པར་གྲགས་པ་རེད།
- ↑ དཔལ་དགེ་མ་ཎི་རྡོ་འབུམ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་མཁར་ནས་སྤྱི་ལེ་ལྔ་བཅུ་ལྷག་ཙམ་ཆོད་པའི་ནུབ་བྱང་མཚམས་སུ་ཡོད། དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་མཆོག་ནས་སྤྱི་ལོ་ 1640 ལོར་རྡོ་འབུམ་དེ་ཐོག་མར་གསར་བཞེངས་ཤིང་དེའི་ཡང་སྲིད་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དགུང་ལོ་སུམ་ཅུའི་ཐོག་ལོ་ལྔ་ཙམ་གྱི་རིང་ལ་རྡོ་འབུམ་རྒྱ་ཇེ་ཆེ་བཏང་། དུས་ཕྱིས་མཆོག་སྤྲུལ་རྒྱལ་མཚན་རབ་ཡངས་ཀྱིས་གཙོ་འགན་བཞེས་ནས་མི་དམངས་ཤོག་སྒོར་ཁྲི་ཚོ 17 ཙམ་འགྲོ་སོང་བཏང་ནས་ཡུལ་སྡེ་དེའི་བླ་སྤྲུལ་དང་ཆོས་དད་མང་ཚོགས་ཀྱིས་ཉམས་གསོ་ཕུན་སུམ་ཚོགས་པ་བྱས་ཡོད། དཔལ་དགེ་མ་ཎི་རྡོ་འབུམ་གྱི་རྡོ་རྩིག་རིང་ཐུང་གི་ཚད་ནི་སྤྱི་ལེ་ 1.7 ཡོད་ལ། རྩིག་པའི་རྒྱ་ཞེང་ལ་སྨི་ 1ནས་ 3 བར་དང་། རྩིག་པའི་མཐོ་ཚད་ནི་སྨི་ 2.5 ནས་3.5 བར་ཡིན། རྡོ་འབུམ་རིང་པོ་འདིའི་ཐོག་གི་སོ་སོའི་བར་དུ་སྨི་ 3 ནས་ 4 ཡི་བར་དུ་རྡོ་རྩིག་གྲུ་བཞི་དང་ནར་མོ་བཅས་བརྩིགས་ཡོད། གནས་དེའི་དགེ་འདུན་པ་ཚོས་གསུངས་པ་ལྟར་ན་རྡོ་འབུམ་དེའི་ནང་དོན་ནི་མ་ཎི་ཡིག་དྲུག་གཙོ་བོ་བྱས་པའི་སྟེང་དུ་བཀའ་བསྟན་འགྱུར་དང་ཐར་མདོ་ཚར་ 5000 ཙམ་དང་། རྡོ་ལ་བརྐོས་པའི་ལྷ་སྐུ་ཆེ་ཆུང་སུམ་སྟོང་ལྷག་ཡོད་པར་བཤད། གནས་འདིའི་མཐོ་ཚད་ནི་མཚོ་འཕགས་ལས་ཆ་སྙོམས་སྨི་ 4240 ལྷག་ཙམ་ཡོད་པ་དང་། འབྲེལ་ཡོད་ཆེད་རམས་པ་ཚོས་བཤད་པ་ལྟར་ན། རྡོ་འབུམ་འདི་ནི་དེང་སང་འཛམ་གླིང་སྟེང་ཆེས་རིང་བའི་མ་ཎི་རྡོ་རྩིག་ཅིག་ཡིན་འདུག ། རིན་བསྟན་གྱིས་བརྩམས།
- ↑ «ཆགས་མེད་ཕྱི་རྣམ་དགུང་ལོ་ལྔ་བཅུ་ནས་ང་དྲུག་བར་» (vol. kha, p: 243).
- ↑ «གུར་བཀྲའི་ཆོས་འབྱུང་» (p. 95.4).
- ↑ ཁོང་བཙོན་ཁང་དུ་ལོ་མང་བཞུགས་རྗེས་བཀྲེས་སྐོམ་ཐོབ་མ་ཐག་ཡིན་པར་སེམས། “བཀྲེས་སྐོམ་ཐོབ”ཅེས་པ་ནི་བཙོན་ཁང་གི་མནར་གཅོད་ཚབས་ཆེན་ལས་ཐར་དེ་གུ་ཡངས་ཅུང་ཡོད་པའི་སྐབས།
ཁུངས་འདྲེན་ཡིག་ཆ། Biography
[རྩོམ་སྒྲིག]«འཁྲུངས་འདས་རེའུ་མིག་» | ཁམས་སྤྲུལ་བསོད་ནམས་དོན་གྲུབ། «གངས་ཅན་མི་སྣ་གྲགས་ཅན་གྱི་འཁྲུངས་འདས་ལོ་ཚིགས་རེའུ་མིག་». པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006. |
«གུར་བཀྲའི་ཆོས་འབྱུང་» | སྟག་སྒང་མཁས་མཆོག་ངག་དབང་བློ་གྲོས་སམ་གུ་རུ་བཀྲ་ཤིས། «བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་». པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། |
«ཆགས་མེད་ཕྱི་རྣམ་དགུང་ལོ་ལྔ་བཅུ་ནས་ང་དྲུག་བར་» | ཀརྨ་ཆགས་མེད། «ཆགས་མེད་ཕྱི་རྣམ་དགུང་ལོ་ལྔ་བཅུ་ནས་ང་དྲུག་བར་». In «ཀརྨ་ཆགས་མེད་གསུང་འབུམ་» ནང་ཆེན་རྫོང་། གནས་མདོ་གསང་སྔགས་ཆོས་འཕེལ་གླིང་། vol. kha, pp. 1–108, 2010. |
« སྟག་ལུང་བཀའ་བརྒྱུད་དེབ་ཐེར་» | རྗེ་དྲུང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན།« སྟག་ལུང་བཀའ་བརྒྱུད་ཀྱི་དེབ་ཐེར་རྒྱལ་མཚོའི་ཉིང་བཅུད་».[s.l.], [s,n.], [n.d.] |
«བདུད་འཇོམས་ཆོས་འབྱུང་» | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། «གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་».ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996. |
«བདེ་ཆེན་རྡོ་རྗེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་» | «སེ་ཕུ་རིག་འཛིན་བདེ་ཆེན་རྡོ་རྗེ་མ་བྱོན་གོང་དང་བྱོན་ཚུལ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་». [s.l.], [s,n.], [n.d.] |
«ནམ་མཁའ་དྲི་མེད་རྣམ་ཐར་» | བསྟན་འཛིན་ཕུན་ཚོགས། «ངོ་མཚར་རྒྱ་མཚོའི་རླབས་ཕྲེང་» [s.l.], ཡར་རྒྱས་ཚོགས་པ། 2020? |
«རོམ་ཐང་གནས་ཁྲ་མོའི་ལོ་རྒྱུས་» | ངག་དབང་བསྟན་འཛིན། «རོམ་ཐང་གནས་ཁྲ་མོའི་ལོ་རྒྱུས་». In «སྟེང་ཆེན་གྱི་ཆོས་ལུགས་སྐོར་» pp. 345–351. |