Jump to content

རྟ་ཤོད་བུ་མོ་པདྨ་མཚོ།

ཡོང་ཁུངས་Wikipedia

མཁན་པོ་ཨོ་རྒྱན་རིག་འཛིན། ༢༠༢༢།

ཞི་བ་དབྱིངས་ཀྱི་ཡུམ་གཅིག་ཕ་རོལ་ཕྱིན། །

གསལ་བ་ལོངས་སྐུའི་རྗེ་མོ་ཏཱ་རེ་མ། །

སྤུལ་པའི་སྐུ་མཆོག་ཡེ་ཤེས་མཚོ་རྒྱལ་མའི། །

རྣམ་རོལ་མཁའ་འགྲོ་པདྨ་མཚོ་ལ་འདུད། །

རྒྱ་དང་སོག་པོས་ཆོ་ལོ་མ་བསྩལ་ཞིང་། །

ཐོབ་དང་གསེར་ཁྲིར་མངའ་གསོལ་མ་ཐོབ་མོད། །

སྙན་དང་གྲགས་པས་ས་ཆེན་འདར་བགྱིད་པའི། །

ཁྱེད་ཀྱི་རྣམ་ཐར་རོལ་མོ་ཅུང་ཟད་དཀྲོལ། །

ཁྱུང་པོ་རྨེ་རུ། Khyung-po rMe-ru

དམངས་ཁྲོད་དུ་སྙན་གྲགས་ཆེ་བའི་ལྟོ་རྟ་ཤོད་བུ་མོ་པདྨ་མཚོ་ནི་སྤྱི་ལོའི་དུས་རབས་ 13 པའི་ནང་ཁྱུང་པོ་རྟ་ཤོད་རྨེ་རུ་ཐལ་རྫོང་ཚང་དུ་སྐུ་འཁྲུངས། དེང་སང་ལྟར་ན། སྟེང་ཆེན་རྫོང་གྱང་སྔོན་ཤང་རོམ་ཐང་གྲོང་སྡེ་ (Tibet, Dengqen, Rongtongcun 西藏丁青县觉恩乡绒通村) ཁོངས་སུ་གཏོགས། ཁོང་སྐུ་འཁྲུངས་སའི་ཕ་ཁྱིམ་ད་དུང་ཡང་ཡོད་ཅིང་ཡུལ་མི་ཚོས་བརྩི་མཐོང་བྱེད།

འཁྲུལ་ཡུལ།

[རྩོམ་སྒྲིག]

ཁོང་སྐུ་འཁྲུངས་ཡུལ་ངོས་འཛིན་ཐད་ལ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པ་སྟེ། ཀོང་པོ་ཚོས་ཁོང་ཚོའི་ཡུལ་དུ་འཁྲུངས་པར་འདོད་དེ། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོ་ (1880–1925) ཀོང་པོ་བྲག་དཀར་ལྷ་ཆུའི་ཕྱོགས་སུ་གནས་གཟིགས་ལ་ཕེབས་སྐབས་“རྟ་ཤོད་བུ་མོ་པདྨ་མ་མཚོའི་འཁྲུངས་ཁྱིམ་མཁར་སུ་ལུ་མ་ཧྲལ་”མཇལ་བའི་སྐོར་འཁོད་ཡོད་ཅིང་། ས་གནས་དེ་ནི་དེང་སང་ལྟར་ན་ཀོང་པོ་རྒྱ་མདའ་རྫོང་། ཉང་པོ་ཤང་། མི་རུ་གྲོང་ཚོའི་ཁོངས་སུ་གཏོགས། བཤད་སྲོལ་དེ་ལ་རྒྱུ་མཚན་ལྡན་མིན་དཔྱད་པ་ཞིབ་མོ་མི་དགོས་ཏེ་རྟ་ཤོད་བུ་མོ་ཡིན་ན་ཀོང་པོའམ་ཉང་པོའི་བུ་མོ་མ་ཡིན་པར་སུས་ཀྱང་ཤེས་སླ་བ་ཞིག་རེད། དེ་བཞིན་དུ་ཁྱུང་པོ་གྱང་སྔོན་ཟླ་བཟའ་ཐང་ (Dasha 达沙) གི་དཀར་འཇའ་ཚང་དུ་འཁྲུངས་རབས་ཀྱང་བཤད་སྲོལ་ཡོད་མོད། འཁྲུངས་ས་ངོ་མ་དེ་རྨེ་རུ་ཐལ་རྫོང་ཚང་རང་ཡིན་པར་སེམས་ཏེ་ཡུལ་མི་ཚོས་ད་རུང་ཁྱིམ་ཚང་དེར་ཆེ་མཐོང་བྱེད་ཅིང་འདི་ཚང་གི་བུ་མོ་རྣམས་མཁའ་འགྲོ་མའི་རིགས་རྒྱུད་དུ་བརྩི་བ་དང་། དེང་སང་ཡང་ཁོང་བག་མར་ཕེགས་སའི་ཡུལ་སྡེ་ལྗང་ཤོད་གྱང་དམར་སྒང་གི་མི་མང་ཚོས་བརྩི་མཐོང་དང་དད་གུས་ཡོད་ཚུལ་འདུག་པ་དང་། ལྷག་དོན་དུ་ཡུལ་འདིར་བྱུང་བའི་ཁོང་གི་རྣམ་ཐར་ནི་གཞན་རྣམས་ལས་གོ་རིམའགྲིག་ཤོས་དང་རྒྱས་ཤོས་ཡིན་པ།

གལ་ཆེ་ཤོས་གཅིག་དེ་དཔོན་ཆུང་ག་རྡོ་ལགས་ནས་ཉར་ཚག་བྱས་པའི་ཕྱྭ་ར་ཞིག་དང་གཞན་ནས་རྙེད་པའི་རྫ་བུམ་ཞིག་བཅས་དེང་སང་རྨེ་རུ་རབ་རྒྱས་གླིང་(སྐྱིད་མཁར་དགོན་པ་དང་བསམ་འགྲུབ་དགོན་པ་གཉིས་མཉམ་སྡོམ་བྱས་པའི་དགོན་གསར་ཞིག)དུ་ཡོད་པ་གྲགས།

འཁྲུངས་དུས།

[རྩོམ་སྒྲིག]

མཁའ་འགྲོ་མ་གང་ཉིད་འཁྲུངས་པའི་དུས་ཚོད་ངེས་གཏན་ཞིག་གཏམ་རྒྱུད་བཤད་མཁན་རྣམས་ལ་བཤད་རྒྱུ་མེད་ཀྱང་རྣམ་ཐར་ནང་གི་འབྲེལ་ཡོད་མི་སྣ་དག་ལ་དཔགས་ནས་ཅུང་ཟད་དཔྱད་ན། རྗེ་བཙུན་སངས་རྒྱས་དབོན་གྲགས་པ་དཔལ་ (1251–1296) གྱིས་སྤྱི་ལོ་ 1276 ལོར་མདོ་ཁམས་རི་བོ་ཆེའི་ལྷ་ཁང་ཁྲ་འཁྱིལ་མ་ཕྱག་བཏབ་སྐབས། ཕྱི་ནང་གི་རྟེན་བཞེངས་ལ་གསེར་དགོས་ཆེ་བས་ཉེ་གནས་གྲྭ་པ་ཞིག་རྟ་ཤོད་བུ་མོ་པདྨ་མཚོའི་སར་གསེར་ལེན་དུ་བཏང་། ཉེ་གནས་དེ་ཞོགས་པ་སྔ་མོར་མཁའ་འགྲོ་མ་པདྨ་མཚོའི་ཁྱིམ་དུ་འབྱོར་སྐབས་མཁའ་འགྲོ་མས་ཆབ་ཏོག་སྒོ་ཕྱིར་བསྣམས་ནས་ཡོང་བ་དང་སྟབས་ཁེལ། ཉེ་གནས་དེས་གནས་ཚུལ་ཇི་བཞིན་ཞུས་པ་དང་པདྨ་མཚོས་ཆབ་ཀྱིས་གང་བའི་ཆབ་ཏོག་དེ་ལག་ཏུ་གཏད་དེ་“ཡ་འདི་ཁྱེར་སོང་”ཟེར་བ་ཙམ་གཞན་ཅང་མ་གསུངས་པར་ནང་དུ་ཕེབས། ཉེ་གནས་རབ་ཏུ་ཁྲོས་ཏེ་ཆབ་ས་ལ་བཤོ་བཞིན་པའི་སྐབས་གློ་བུར་དུ་རྣམ་རྟོག་ཅིག་ལ་གལ་ཏེ་ཆབ་ཅུང་ཟད་ཙམ་དཔང་རྟགས་སུ་མ་ཁྱེར་ན་བླ་མས་ཡིད་ཆེས་མཛད་ཀྱི་མ་རེད་སྙམ་ནས་ཆབ་ཅུང་ཟད་ཅིག་ཁྱེར་སོང་བར་གྲགས། ཁོང་བླ་མའི་སྐུ་དྲུང་དུ་འབྱོར་ནས་ཡུས་བཤད་པར་རྩོམ་སྐབས་ཆབ་ལྷག་མ་དེ་གསེར་དྭངས་མར་གྱུར་ཡོད་པས་ཐམས་ཅད་ངོ་མཚར་དུ་གྱུར། གསེར་དེ་རི་བོ་ཆེའི་ལྷ་ཁང་ཆེན་མོའི་ཕྱི་ནང་གི་རྟེན་བཞེངས་ལ་ཕན་ཐོག་ཧ་ཅང་བྱུང་བར་གྲགས།

རྟེན་བཞེངས་དེ་དག་གི་ཁྲོད་ནས་དུས་ཕྱིས་བར་བཞུགས་པ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱལ་མཚོ་ (1880–1924) མཆོག་སྤྱི་ལོ་ 1918 ལོར་ཤར་ཀཿདགོན་ནས་རིམ་བཞིན་དབུས་གཙང་ཁུལ་དུ་གནས་སྐོར་ལ་བྱོན་པའི་ཟིན་ཐོ་«དབུས་གཙང་ལམ་ཡིག་»ལས། ཡང་རི་བོ་ཆེར་རྗེ་བཙུན་སངས་རྒྱས་དབོན་གྲགས་པ་དཔལ་[] (1251–1296) གྱི་ཐུན་མིན་དད་རྟེན་གྲས་སུ་བཞུགས་ཤིང་པདྨ་མཚོའི་ཆབ་གསེར་གྱིས་བྲིས་ལ་གུར་མགོན་མངོན་སུམ་དུ་ཐིམ་པའི་«རྒྱལ་བའི་བཀའ་འགྱུར་རིན་པོ་»ཆ་ཚང་གཅིག[] སྔར་རི་ཆེའི་དགོན་ནས་གཡར་འཕྲོག་བྱས་ཤིང་ཤོ་པ་མདོར་བཞུགས་པའི་པདྨ་མཚོའི་ཆབ་གསེར་གྱིས་བྲིས་པའི་«མདོ་སྡུད་པའི་»དཔེ་གཅིག[] ཆབ་མདོའི་ཕྱོགས་ངོམ་གནས་མདོ་དགོན་དུ་པདྨ་མཚོའི་ཆབ་གསེར་གྱིས་བྲིས་པའི་«མདོ་སྡུད་པ་»[]གཅིག་སོགས་འཁོད་ཡོད་པས་གཏམ་རྒྱུད་འདི་དག་བླུན་པོའི་ངག་རྒྱུན་ཙམ་མི་མཁས་པའི་ལོ་རྒྱུས་རིག་པའི་ཁུངས་སུ་གསལ་ཡོད། མདོ་དོན་ལོ་རྒྱུས་རིག་པ་ལྟར་ན་ཆབ་གསེར་ལ་གྱུར་ཡོད་མེད་དེ་ཆོས་ལུགས་དད་པའི་ཁོངས་སུ་གཏོགས་པས་སྐད་ཆ་གཞན་ཞིག་ཡིན་ཀྱང་། ཁོང་ཉིད་རྗེ་སངས་རྒྱས་དབོན་དང་སྐུ་ཐོག་མཉམ་པས་དུས་རབས་བཅུ་པ་ཙམ་དུ་ཕེབས་པར་ཆ་འཇོག་བྱེད་ཆོག

དེ་བཞིན་དུ་གཏམ་རྒྱུད་དུ་པདྨ་མ་མཚོ་སྐུ་འཚོ་བཞུགས་སྐབས་ཤིག་ལ། རང་ཡུལ་རྟ་ཤོད་ལུང་པར་གློ་བུར་སོག་དམག་ཕབ་ཅིང་ཡུལ་སྡེ་ཡོངས་རྫོགས་བཅོམ། ཆོས་སྐད་ལྟར་ན“ཡུལ་དེའི་ཕོ་རིགས་བསད་ཅིང་མོ་རིགས་སྦྱོར”ཡོད་ལ། གླིང་སྒྲུང་ལྟར་ན་“གཅེས་པའི་བུ་རྟ་བསད། བསགས་པའི་རྒྱུ་ནོར་བཅོམ། བྲང་འོག་ཆུང་མ་ཕྲོག་”སྟེ་མི་ཡུལ་གྱི་དམྱལ་བ་གསོན་པོ་ཞིག་བསྐྲུན་ཡོད་ལ་འདི་ནི་ལན་གཅིག་གཉིས་ཙམ་མིན་པར་དུས་རབས་མང་པོའི་རིང་བོད་པས་ཉམས་སུ་མྱོང་བའི་བྲོ་བ་ཞིག་ཡིན། སྐབས་དེར་ཁོང་གིས་ཡུལ་སྡེ་བཞན་བསྐྱབས་མ་ཐུབ་ཀྱང་རི་དེའུ་འབུར་སྒང་དུ་ཆགས་པའི་རང་ཁྱིམ་ཐལ་རྫོང་ཚང་གི་ཕོ་བྲང་ལ་ཁ་རླངས་བུན་པ་ཞིག་བཏང་བ་དང་དེ་སྨུག་པ་སྟུག་པོ་ཞིག་ཏུ་གྱུར་ནས་སོག་དམག་གིས་མ་མཐོང་བར་གྲགས། གང་ལྟར་གཏམ་རྒྱུད་འདིས་ཅི་ཞིག་མཚོན་པ་ཡིན་ནམ་ཞེ་ན་སྐབས་དེར་སྟགས་ལེགས་ཏེ་ཁོང་ཚང་ལ་སོག་དམག་ཤོར་མེད་པ་དཔོག་ཐུབ།

  1. སངས་རྒྱས་དབོན་གྲགས་པ་དཔལ་ནི་ཕྱི་ལོ་ 1267 ལོར་རི་བོ་ཆེ་དགོན་པ་ཕྱག་འདེབས་མཁན་གྱི་བླ་མ་ཡིན། ཕྱི་ལོ་1296 བར་དགོན་པའི་མཁན་རབས་དང་པོ་མཛད། ཁོང་སངས་རྒྱས་ཡར་བྱོན་གྱི་སློབ་མ་ཡིན་ཞིང་། ཕྱི་ལོ་ 1272 ནས་བཟུང་ཕྱི་ལོ་ 1273 ལོར་ཁོང་གི་སྐུ་ཚ་བཀྲ་ཤིས་བླ་མས་ཁོང་སྟག་ལུང་དགོན་པ་ནས་བཙན་འབུད་མ་བྱས་ཀྱི་བར་དགོན་པའི་མཁན་པོ་ཡུན་ཙམ་གནང་། སངས་རྒྱས་དབོན་གྲགས་པ་དཔལ་ནི་སྒམ་པོ་པ་རིན་ཆེན་དཔལ་གྱི་སྐུ་སྐྱེ་ཡིན་པར་བཤད།
  2. «ཀཿཐོག་སི་ཏུའི་གནས་ཡིག་» (p. 31.17–18).
  3. «ཀཿཐོག་སི་ཏུའི་གནས་ཡིག་» (p. 38.18–39.1).
  4. «ཀཿཐོག་སི་ཏུའི་གནས་ཡིག་» (p. 19.13–20.13).