སྲོང་བཙན་སྒམ་པོ།

ཡོང་ཁུངས་Wikipedia

སྲོང་བཙན་སྒམ་པོ།

སྲོང་བཙན་སྒམ་པོ་ནི་བོད་པུར་རྒྱལ་དུས་སྐབས་ཀྱི་རྒྱལ་ཐོག་༣༣ཡིན་པ་དང་བོད་ཡོངས་དབང་ལ་འདུས་རྗེས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཐོག་མ་དེར་གྱུར་བ་རེད། དུང་དཀར་ཚིག་མཛོད་ཆེན་མོའི་ནང་གསལ་ཞིག་ན། སྲོང་བཙན་སྒམ་པོ་ནི་གངས་ལྗོངས་སྐྱེ་འགྲོ་ཀུན་གྱིས་སྤྱི་བོར་བཀུར་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་བྱ་བའི་མི་རྗེ་འདི་ཉིད་ནི་། བོད་པུར་རྒྱལ་དུས་སྐབས་སུ་ཁ་བའི་ལྗོངས་འདིར་དབང་བསྒྱུར་བའི་བཙན་པོ་མང་དུ་བྱུང་བའི་ནང་ནས་ཆེས་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་ཅན་དང་། དམག་དོན་མཁས་ཅན་། ཁྲིམས་ལུགས་མཁས་ཅན་། ཕྱི་འབྲེལ་མཁས་ཅན་ཞིག་བཅས་ཡིན་ཏེ་། སྲོང་བཙན་སྒམ་པོ་་ཞེས་པའི་མཚན་དེ་ནི་ཁོང་གིས་སྲིད་དབང་བཟུང་རྗེས་བློན་པོ་རྣམས་ཀྱིས་གསོལ་བའི་མཚན་ཡིན།"༼དུང་དཀར་ཚིག་མཛོད་ཆེན་མོ་

མི་ཚེ།[རྩོམ་སྒྲིག]

བོད་རྒྱལ་སྲོང་བཙན་སྒམ་པོ་ནི་མེ་གླང་སྤྱི་ལོ་ ༦༡༧ ལོར་དབུ་རུ་མལ་གྲོ་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་ཡབ་གནམ་རི་སྲོང་བཙན་དང༌། ཡུམ་འབྲི་བཟའ་ཐོད་དཀར་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ས་གླང་ལོ་སྟེ་ཕྱི་ལོ་ ༦༢༩ ལོར་དགུང་ལོ་ ༡༣ བཞེས་སྐབས་ཡབ་རྒྱལ་པོ་དགོངས་པ་རྫོགས་རྗེས་སྲོང་བཙན་སྒམ་པོ་རྒྱལ་སྲིད་ཀྱི་ཁྲི་ལ་མངའ་གསོལ་ཞིང༌། སྲོང་བཙན་སྒམ་པོ་མགར་སྟོང་བཙན་ཡུལ་བཟུངས་སོགས་ཕྱི་ནང་བར་གསུམ་གྱི་བློན་པོ་རྣམས་བསྐོ་བཞག་མཛད་དེ་མཛངས་བློན་རྣམས་རང་གི་གྲོགས་སུ་བཀུག་ནས་ཐབས་བྱུས་བཏོན་ཏེ་ཡབ་ལ་དུག་འདྲེན་མཁན་རྣམས་ཚར་བཅད་ཅིང༌། ཕྱི་ནང་གི་དུས་ཟིང་ལྷིང་འཇགས་སུ་བཏང༌། མྱང་པོ་རྗེ་ཞང་སྣམ་མངགས་ཏེ་སུམ་པའི་ཡུལ་ལ་དམག་འདྲེན་མི་དགོས་པར་འབངས་སུ་བཀུག་པ་ཡིན།

དེ་རྗེས་བཙན་པོ་རང་ཉིད་ཀྱི་དམག་དཔུང་བྱང་རྒྱུད་དུ་དྲངས་ནས་རྒྱ་དང་འ་ཞ་ལ་དཔུང་འཇུག་གིས་དཔྱ་ཁྲལ་འཇལ་དུ་བཅུག་པས་ཁྱིམ་མཚེས་ཀྱི་རྒྱལ་ཁབ་གཞན་གྱིས་ཀྱང་བོད་ཀྱི་ཟིལ་མ་བཟོད་པར་གོང་དུ་བཀུར། རིང་མིན་ཞང་ཞུང་དང་གཉེན་མཛད་པའི་ཐབས་ལ་བརྟེན་ནས་ཞང་ཞུང་ཡོངས་རྫོགས་ཀྱང་དབང་དུ་བསྡུས། གཞན་ཡང་འབར་མ་སྟོད་ཕྱོགས་རྣམས་དང༌། བལ་ཡུལ་ཡང་བོད་ཀྱི་མངའ་འོག་ཏུ་བཅུག དེ་རྗེས་ཆོས་རྒྱལ་སྲོང་བཙན་གྱིས་རང་གི་བློན་པོ་རྒྱ་ནག་ཏུ་མངགས་ནས་རི་བོ་རྩེ་ལྔར་བོད་ཀྱི་ལྷ་ཁང་ཞིག་བཞེངས་རྒྱུ་ཡིན་ཚུལ་གསུངས་པས་རྒྱ་རྒྱལ་ནས་ཀྱང་ཁས་ལེན་ཏེ་ལྷ་ཁང་ཞིག་བཞེངས་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་སོགས་ས་ཁུལ་མཐའ་དག་ཞོད་འཇགས་སུ་བཏང་ཞིང་མངའ་ཐང་སྟོབས་འབྱོར་ལྡན་པའི་བོད་གཅིག་གྱུར་གྱི་རྒྱལ་ཁབ་དངོས་སུ་བཙུགས་ནས་བཙན་པོའི་རྒྱལ་རབས་ཐོག་མར་དབུ་བརྙེས།

ཡི་གེ་ཡོད་མེད་ཀྱིས་མི་རིགས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་འཕེལ་རྒྱས་འཕེལ་གྲིབ་ཇི་གྱུར་གྱི་གནས་ལ་གཟིགས་ཏེ་ཐོན་མི་རྒྱ་གར་དུ་སློབ་གཉེར་དུ་གཏོང་གནང་གིས་མེ་རྟ་སྤྱི་ལོ་ ༦༤༦ ལོར་བོད་ཀྱི་སྤྱི་མཐུན་གྱི་ཡི་གེ་གསར་གཏོད་དང་སྔར་ཡོད་རིག་གཞུང་རྒྱུད་འཛིན་དང་འཕེལ་རྒྱས་སུ་བཏང༌། རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས་ཏེ་མི་རིགས་ཀྱི་རྣམ་པ་ལྡན་པའི་ཁྲིམས་ལུགས་ཐོག་མར་བཙུགས། ནང་པ་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་ནས་གཙུག་ལག་ཁང་བཞེངས་པ་སོགས་ཆོས་ཀྱི་སྲོལ་བཟང་བཏོད་པས་ཆོས་རྒྱལ་གྱི་ཐོག་མར་གྱུར། དམག་དོན་དང་སྲིད་འཛིན་ཟུང་འབྲེལ་གྱི་གཅིག་གྱུར་ལམ་ལུགས་ཆ་ཚང་ཞིང་གོ་རྀམ་ལྡན་པ་བཙུགས། བོད་ཀྱི་ཆབ་སྲིད་མཐའ་བཞིར་བཀྱེད་ནས་དཔལ་འབྱོར་རིག་གནས་སྤེལ་རེས་མཛད་ཅིང༌། རྒྱལ་བལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ལ་འབྲེལ་བ་བཙུགས་ཏེ་གཞན་གྱི་རིག་གནས་སློབ་སྦྱོང་དང་ནང་འདྲེན་བྱས་ཤིང༌། བོད་གཅིག་གྱུར་དང་བདེ་བར་སྐྱོང་སླད་ཆུ་སྦྲུལ་ལོ་སྟེ་ཕྱི་ལོ་ ༦༣༣ ལོར་རྒྱལ་ས་ཡར་ལུང་ནས་ལྷ་སར་སྤོས་ཤིང་ཕོ་བྲང་བཏབ་སྟེ་རྒྱལ་བློན་དཔུང་བཅས་དེར་བཞུགས་ནས་བོད་ཡོངས་ལ་མངའ་དབང་བསྒྱུར་བའི་མདུན་ས་ཆེན་པོར་གྱུར།

རིམ་བཞིན་བཙན་པོས་ཆབ་འབངས་རྣམས་ཞིབ་གཤེར་བདེ་འཇགས་སུ་བཀོད་པ་དང༌། རུས་ཚོ་ཀུན་ལ་ཉེ་རིང་མེད་པར་བསྐྱངས་ནས་བཟང་པོ་ལ་བྱ་དགའ་སྟེར་ཞིང༌། ངན་པ་ལ་ཆད་པ་གཅོད་པ། མཐོ་བ་རྣམས་ཁྲིམས་ཀྱིས་གནོན་ཅིང༌། དམའ་བ་རྣམས་ཐབས་ཀྱིས་སྐྱོང་བ་སོགས་བྱེད་ཐབས་ཞི་དྲག་གང་འཚམ་ཡང་དག་ལག་ལེན་མཛད་པ་སོགས་མཛད་རྗེས་རྨད་དུ་བྱུང༌། བཙན་པོ་འཕན་ཡུལ་ཟལ་མོ་སྒང་འོད་ཟེར་དམ་པའི་ཕོ་བྲང་དུ་བཞུགས་སྐབས་དང་ཐོག་མགུར་ཆམ་ཕོག་པ་ལས་སྙུན་ལོག་ཐེབས་མཐར་ཚད་པར་གྱུར་བས་རྒྱལ་སྲིད་ལོ་སོ་བཞི་བསྐྱངས་མཐར་བོད་ལྕགས་ཁྱི་ལོ་སྟེ་སྤྱི་ལོ་ ༦༥༠ ལོར་སྐུ་གཤེགས། ༼དགུང་ལོ་ ༨༢ བཞུགས་པར་གྲགས་པས་དེས་ན་གཤེགས་ལོ་ ༦༩༩ ལོ་ཡིན་དགོས་སམ་སྙམ།༽

དེ་ནས་བློན་ཆེན་མགར་སྟོང་བཙན་ཡུལ་བཟུངས་སོགས་ཀྱིས་ཐུགས་འགན་བཞེས་ཏེ་བཙན་པོའི་སྐུ་པུར་ལ་ཙན་དན་གྱི་ལྡེ་གུས་བྱུགས་ཤིང༌། དར་ཟབ་ཀྱི་ན་བཟས་ཀླུབས་པ་སྟག་པགས་ཀྱི་སྟེང་དུ་བཞག་ནས་ཤིང་རྟ་ལ་གདན་དྲངས། ཡར་ལུང་འཕྱོང་པོའི་ནང་དུ་བང་སོ་ལྷ་ཁང་ལྔ་ཡོད་པ་ཞིག་བཞེངས་པའི་རེའུ་མིག་དབུས་མའི་ནང་དུ་བཞུགས་པར་གྲགས་སོ།།

བཙན་པོ་སྲོང་བཙན་སྒམ་པོའི་མཛད་འཕྲིན་གཙོ་བོ་ནི།[རྩོམ་སྒྲིག]

གཅིག བོད་ཡོངས་གཅིག་གྱུར་བྱས་པ།[རྩོམ་སྒྲིག]

གནམ་རི་སྲོང་བཙན་གྱི་སྐུ་ཚེ་སྨད་དུ་སྤུ་རྒྱལ་གདུང་རབས་ཀྱི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་མེད་པས་ཕྱི་ནང་གི་སྟོབས་ཤུགས་གང་མང་གི་སྟོབས་ཀྱིས་ཆག་འཇིག་གི་ཉེན་ཁ་ཚབས་ཆེན་པོར་ཐུག གནས་ཚུལ་དེ་ལྟ་བུའི་འོག སྲོང་བཙན་སྒམ་པ་དགུང་ལོ་བཅུ་གསུམ་ལ་ཁ་གཏད་མ་ཐག་པ་དེ་བློན་ཆེན་མྱང་མང་རྗེ་ཞང་སྣང་དང་། མགར་མང་ཞང་སུམ་སྣང་། ཁྱུང་པོ་སྤུང་སད་ཟུ་ཙེ། དབས་དབྱི་ཚབ་ལ་སོགས་པ་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་བཙན་པོའི་ཁྲི་ལ་མངའ་གསོལ། དེ་ནས་དང་ཐོག་ཡབ་གནམ་རི་སྲོང་བཙན་ལ་དུག་དྲངས་ནས་སྲིད་འགྱུར་གྱི་གཡོ་ཇུས་འགོད་མཁན་དེ་དག་རེ་རེ་ཚར་བཅད། བྱང་ཤར་དུ་ཡོད་པའི་སུམ་པའི་རྒྱལ་ཁམས་དམག་རྒྱག་མ་དགོས་པར་ཆབ་འོག་ཏུ་བཅུག བྱང་ངོས་ཀྱི་རྒྱ་དང་འ་ཞས་དཔྱ་ཁྲལ་འཇལ། དམར་པོ་རིའི་ཐོག་ཏུ་ཕོ་བྲང་མཐོ་ཞིང་བཙན་པ་ཞིག་བཞེངས་ཏེ་བོད་ཡོངས་ལ་དབང་བསྒྱུར་པའི་མདུན་ས་ཆེན་པོ་འཛུགས་པར་མཛད། དེ་མིན་བོད་ཀྱི་ནུབ་ཕྱོགས(སྟོད་མངའ་རིས)དང་བྱང་ངོས་ཀྱི་འབྲོག་ཐང་ཆེན་པོ་ནི་སྐབས་དེར་ཞང་ཞུང་གི་རྒྱལ་ཁམས་ཡིན་ཞིང་དེ་ཡང་སྐུ་མཆེད་སད་མ་དཀར་བྱ་བ་དེ་ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱའི་བཙུན་མོར་གནང་ཞིང་རིམ་བཞིན་ཆབ་འོག་ཏུ་བསྡུས། དུས་མཚུངས་སུ་ཤར་ལྷོའི་མཚམས་ཀྱི་འཇང་ཡུལ་ཡང་ཆབ་འོག་ཏུ་བཙུད་པ་བཅས་མདོར་ན་བོད་ཡོངས་གཅིག་གྱུར་བྱས་ནས་བཙན་པོའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཇེ་ཆེར་སྤེལ།

གཉིས། བོད་དུ་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་། ཁྲིམས་སྲོལ་གཏན་ལ་ཕབ་པ།[རྩོམ་སྒྲིག]

སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ཕྲན་དང་ཚོ་བ་རྣམས་ཡོངས་རྫོགས་དབང་དུ་བསྡུས་ཏེ་བོད་ཡོངས་ལ་གཅིག་གྱུར་གྱི་སྲིད་དབང་བཙུགས་པ་དེ་སྲ་བརྟན་ཡོང་བ་དང་། སྟོབས་དང་ལྡན་པ་། སྤྱི་ཚོགས་བདེ་འཇགས་ཀྱི་སྒོ་ནས་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཡོང་བ། མཐའ་མཚམས་བརྟན་སྲུང་བཅས་ཀྱི་ཆེད་དུ་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་། ཁྲིམས་སྲོལ་ཐོག་མར་འཛུགས་གནང་མཛད་པ་རེད། དེའི་སྤྱི་མིང་ལ་བོད་ཀྱི་ཁོད་སུམ་ཅུ་སོ་དྲུག་དུ་གྲགས།

ཁོད་སུམ་ཅུ་སོ་དྲུག་བྱ་བ་ནི་དྲུག་ཚན་དྲུག་སྟེ། དང་པོ་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག གཉིས་པ་བཀའ་གྲོས་ཆེན་པོ་དྲུག གསུམ་པ་ཡིག་ཚང་དྲུག བཞི་བ་ཕྱག་རྒྱ་དྲུག ལྔ་བ་རྐྱེན་དྲུག དྲུག་པ་དཔའ་མཚན་བཅས་སོ།།

དང་པོ། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ཏུ་སྲིད་འཛིན་ས་ཁུལ་ཁག་གི་དབྱེ་མཚམས་དང་། སྲིད་འཛིན་དང་དམག་དོན་གྱི་སྒྲིག་གཞི། བློན་པོ་སོགས་དཔོན་རིགས་ཀྱི་གོ་གནས་དང་ལས་འགན། ཞིང་འབྲོག་གི་དབང་རིས། མིའི་སྤྱོད་བཟང་། འཇལ་ཤོར་འདེགས་གསུམ་གྱི་ཚད་གཞི། རྗེ་བློན་གྱི་བླང་དོར་རིམ་པ་སོགས་ཁྲིམས་ལ་གཏོགས་པ་དང་། མིའི་སྤྱོད་བཟང་ལ་གཏོགས་ལ་གནད་དོན་ཧ་ཅང་མང་པོ་ཚུད་ཡོད་ལ། དེའང་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས། འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེར་ཀྱི་ཁྲིམས། མདོ་ལོན་ཞུ་བཅད་ཀྱི་ཁྲིམས། དབང་ཆེན་བཅད་ཀྱི་ཁྲིམས། ཁབ་སོ་ནང་པའི་ཁྲིམས་བཅས་སོ།།

གཉིས་པ། བཀའ་གྲོས་ཆེན་པོ་དྲུག་ཅེས་པ་ནི། རྒྱལ་སྲིད་སྐྱོང་ཐབས་ཀྱི་སྒྲིག་སྲོལ་ཆེ་བ་འགའ་ཞིག་གཏན་ལ་ཕབ་པའི་སྐོར་ཡིན་ཏེ། ༡.རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་དབུལ། ༢.རྒོད་ཀྱི་གཉའ་མནན་ཞིང་། ཡང་ཁེང་གི་རྒྱབ་བརྟེན་པ། ༣.ཁེང་རྒོད་དུ་མིང་བཏང་ཞིང་། མོ་བཙུན་བཀའ་ལ་མི་གདགས། ༤.སོ་མཚམས་སྲུང་ཞིང་། འབངས་ཀྱི་ཚལ་ཞིང་རྟ་དཀྱིས་ཀྱིས་མི་གཅོད་པ། ༥.དགྲ་བཏུལ་ཞིང་། འབངས་བསྐྱངས། ༦.དགེ་བཅུ་སྒྲུབ་ཅིང་། མི་དགེ་བཅུ་སྤོང་པ་བཅས་སོ།།

གསུམ་པ། ཡིག་ཚང་དྲུག་ཅེས་པ་ནི། རྒྱལ་པོའི་བློན་ཆེན་དང་། དེ་བཞིན་བྱས་པ་ཅན་གྱི་མི་སྣ་གཟེངས་སུ་བསྟོད་པའི་ཆེད་དུ་ཡིག་ཚང་གི་ཐོབ་ཐང་མི་འདྲ་བ་བསྩལ་རྒྱུ་དེ་ནི་སྐབས་དེའི་བློན་པོའི་རིམ་པའམ་ཐོབ་ཐང་ཆེ་ཆུང་མཚོན་བྱེད་ཅིག་ཡིན་ལ། བློན་འབངས་ལ་སྐུལ་མ་གནང་བའི་ཐབས་མཚོན་བྱེད་ཅིག་ཀྱང་ཡིན། དེ་ཡང་རབ་ལ་གཡུ་ཡིག་དང་གསེར་ཡིག འབྲིང་ལ་དངུལ་ཡིག་དང་ཕྲ་མེན་གྱི་ཡི་གེ ཐ་མ་ཟངས་ཡིག་དང་ལྕགས་ཀྱི་ཡི་གེ་བཅས་ཡོད་ཅིང་། དེ་རེ་རེ་ལའང་ཆེ་ཆུང་གཉིས་རེ་ཕྱེ་བ་བཅུ་གཉིས་ཀྱང་ཡོད་དོ།། ཡིག་ཚང་དེ་དག་རིམ་པ་བཞིན་དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ།

གསུམ། ད་ལྟའི་བོད་ཡིག་གསར་གཏོད་མཛད་པ།[རྩོམ་སྒྲིག]

ཡི་གེ་ནི་སྤྱི་ཚོགས་ཀྱི་རྣམ་པ་དང་དུས་རིམ་གང་དུའང་མེད་མི་རུང་བ་ཞིག་ཡིན་པ་དང་། ནང་སྒོས་སུ་སྲོང་བཙན་སྒམ་པོའི་སྐབས་བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་རིམ་གྱིས་ཇེ་ཆེར་ཕྱིན་པས་མཐའ་བཞིའི་རྒྱལ་ཁབ་ཚོས་ཀྱང་ཕོ་ཉ་མངགས་ཏེ་འཚམས་ཞུ་དང་འབུལ་སྐྱེས་སོགས་སོ་སོའི་ཡུལ་གྱི་ཡི་གེར་བྲིས་ནས་བསྐུར་བ་ལ། དུས་དེར་བོད་རང་ལ་ཡི་གེ་མེད་པས་སྐྱེས་ལན་དང་འཕྲིན་ལན་བསྐུར་བར་རྒྱལ་ཁམས་དེ་དག་གི་ཡི་གེ་འབྲི་བའམ། ཡང་ན་ངག་འཕྲིན་ཙམ་ལས་བསྐུར་མ་ཐུབ་པས་བཙན་པོའི་དགོངས་པར་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་ཞིག་གསར་སྐྲུན་མ་བྱས་ཐབས་མེད་འདུག་འཆར་ནས། བློན་པོའི་བུ་རིག་པ་རྣོ་པ་བཅུ་དྲུག་ལ་གསེར་གྱི་རྫོངས་བ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་མོད། ལ་ལ་ལམ་བགྲོད་དཀའ་བ་ལ་འཇིགས་ནས་འགྲོ་མ་ནུས། ལ་ལ་རྒྱ་གར་དུ་སླེབས་ཀྱང་ཚད་པས་ཤི། ལ་ལ་རྒྱ་སྐད་མ་ཤེས་པར་ཕྱིར་ལོག དེ་ནས་རྒྱལ་པོས་ཐོན་མི་རྒྱ་གར་ཏུ་མངགས། ཐོན་མིས་རྒྱ་གར་ནས་བྲམ་ཟེ་ལི་བྱིན་དང་། སློབ་དཔོན་ལྷ་རིག་པའི་སེང་གེ་སོགས་མཁས་པ་མང་དུ་བསྟེན་ནས་མཁས་པའི་རྩེ་མོར་སོན་པར་གྲགས། དེ་ནས་ཕྱིར་བོད་དུ་སླེབས་ནས་བོད་ཡིག་གསར་གཏོད་མཛད་ཅིང་དེའི་སྐོར་ལ་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང་འདིར་ཞིབ་ཏུ་མ་བཀོད་དོ།

བཞི། བཙུན་མོ་ཆེ་ཆུང་ཁབ་ཏུ་བཞེས་པའི་སྐོར།[རྩོམ་སྒྲིག]

བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁོང་གི་རྒྱ་བལ་གཉིས་ཀྱི་བཙུན་མོ། སྲོང་བཙན་སྒམ་པོ། (དཀྱིལ།), རྒྱ་ས་ཀོང་ཇོ་ (གཡས།) བལ་ས་ཁྲི་བཙུན། (གཡོན།)

སྲོང་བཙན་མཆོག་གིས་སྔ་རྗེས་སུ་སྟོད་ལུང་ནས་མོང་བཟའ་ཁྲི་ལྕམ་དང་། ཞང་ཞུང་ནས་ཞང་ཞུང་བཟའ་ལི་ཐིག་དམན། མི་ཉག་ནས་རུ་ཡོང་བཟའ་རྒྱལ་མོ་བཙུན། བཅས་རིགས་མཐུན་གྱི་བཙུན་མོ་གསུམ་ཁབ་ཏུ་བཞེས། དེ་ནས་བཙན་པོས་བོད་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། རྒྱ་བལ་སོགས་ནས་ཡུལ་གྱི་རིག་གནས་དང་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་འདུ་པའི་ཆེད་དུ་བལ་བོའི་ཡུལ་ལྷ་གཅིག་ཁྲི་བཙུན་དང་། རྒྱ་ནག་ཡུལ་གྱི་ལྷ་གཅིག་ཀོང་ཇོ་གཉིས་འཇིག་རྟེན་མི་ཆོས་དང་བསྟུན་པའི་སྒོ་ནས་བཙུན་མོར་བཞེས་ཕྱིར་བློན་པོ་མགར་སོགས་ཕོ་ཉར་མངགས་ཤིང་སྔ་རྗེས་སུ་བལ་བཟའ་ཁྲི་བཙན་དང་རྒྱ་བཟའ་ཀོང་ཇོ་གཉིས་བོད་ཀྱི་བཙན་པོའི་བཙུན་མོ་དམ་པའི་ཁྲི་ལ་དབང་བསྐུར། བཙུན་མོ་གཉིས་ཀྱིས་རང་རང་ཡུལ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་ཇོ་བོ་ཤཱཀྱ་མུ་ནེ་གཙོ་བྱས་བཟོ་ཡི་རིག་བྱེད། སྨན་དཔྱད། རིན་པོ་ཆེའི་དངོས་པོ་ཟད་མི་ཤེས་པ་སོགས་རྫོངས་སྐྱེས་བསྣམས་ཡོང་པ་རེད། དེ་ལྟར་བལ་བོད་དང་རྒྱ་བོད་བར་ཡུན་རིང་མཛའ་མཐུན་པར་གྱུར་ཏེ་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་མོ་ལྡན་ནོ།།

བཙུན་མོ་དེ་དག་གིས་བཞེངས་པའི་ལྷ་ཁང་ཁག་ནི་བལ་བཟས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་དང་། རྒྱ་བཟའ་ཀོང་ཇོས་རྒྱ་སྟག་རྭ་མོ་ཆེའི་གཙུག་ལག་ཁང་བཞེངས། ཞང་ཞུང་བཟའ་ལི་ཐིག་སྨན་གྱིས་ཐིམ་བུ་བཀོག་པའི་ལྷ་ཁང་དང་རུ་ཡོངས་བཟས་བྲག་ལྷ་ཀླུ་ཕུག་གི་ལྷ་ཁང། མོང་བཟས་ཡེར་བའི་ལྷ་ཁང་བཅས་བཞེངས་པའོ།།

ལྔ། བོད་དུ་སངས་རྒྱས་བསྟན་པའི་སྲོལ་གཏད་པ།[རྩོམ་སྒྲིག]

བཙན་པོ་སྲོང་བཙན་སྒམ་པོས་བོད་ཡོངས་གཅིག་གྱུར་གྱི་སྲིད་དབང་བཙུགས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁྲིམས་སྲོལ་གཏན་འབེབས། དམག་དོན་གྱི་སྟོབས་ཤུགས་སྒྲིག་འཛུགས། བོད་ཡིག་གསར་བཅོས་སོགས་རླབས་ཆེ་བའི་མཛད་པ་རབས་དང་རིམ་པ་ཞིག་ཕྱག་ལེན་གནང་པའི་ཁྲོད། བོད་ཡུལ་འདི་ཡུན་རིང་བདེ་སྐྱིད་ཀྱི་དཔལ་ལ་འགོད་དགོས་ན་ད་དུང་དེ་ཙམ་གྱིས་མི་འདང་པར། མི་ལོ་སྟོང་ཕྲག་དུ་མའི་རིང་སིལ་བུར་གནས་པའི་བོད་ཀྱི་རུས་རྒྱུད་ཚོ་བ་རྣམས་གཅིག་འོག་གཅིག་མི་འདུ་བའི་བག་ཆགས་མེད་པར་བཏང་སྟེ་གཅིག་གྱུར་གྱི་བསམ་བློའི་ཀ་རྟེན་ཞིག་ངེས་པ་འཛུགས་དགོས་པར་དགོངས། དེ་ནས་ར་ས་གཙུག་ལག་ཁང་དང་ར་མོ་ཆེའི་གཙུག་ལག་ཁང་སོགས་བརྟེན་དང་རྟེན་པ་མང་པོ་བཞེངས་སོ།།

དྲུག ཆབ་སྲིད་མཐའ་བཞིར་བཀྱེད་ནས་བོད་ཀྱི་དཔལ་འབྱོར་གོང་སྤེལ་མཛད་པ།[རྩོམ་སྒྲིག]

བོད་ཡོངས་གཅིག་གྱུར་དང་མངའ་ཁོངས་རྒྱ་ཆེར་བསྐྱེད་པའི་ཆ་རྐྱེན་འོག མཐའ་བཞིའི་རྒྱལ་ཁམས་རྣམས་དང་འབྲེལ་བ་རྒྱ་ཆེར་འཛུགས་པའི་ཐབས་ཤེས་ལ་བརྟེན་ནས་གཅིག་གྱུར་བྱུང་མ་ཐག་པའི་བོད་ཀྱི་ཆབ་སྲིད། རིག་གནས། དམག་དོན་ཙམ་དུ་མ་ཟད། ལྷག་པར་སྤྱི་ཚོགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཐད་ལའང་མཛད་རྗེས་རླབས་པོ་ཆེ་ཞིག་འཇོག་གནང་མཛད་ཡོད། སྐབས་དེའི་ལོ་རྒྱུས་ཀྱི་མཚན་སྙན་གྲགས་ད་ལྟའང་འཛམ་གླིང་དུ་གསལ་བ་ཞིག་བྱུང་བ་དེ་ལ་རྒྱུ་རྐྱེན་མང་པོ་ཡོད་ཀྱང་། གལ་ཆེ་བའི་ཉམས་མྱོང་ཞིག་ནི་ཡུལ་ཁམས་གཞན་དང་མི་རིགས་གཞན་གྱི་སྔོན་ཐོན་གྱི་ལེགས་ཆ་མཐའ་དག་སློབ་སྦྱོང་ངམ། བཅུད་ལེན་བྱས་ཏེ་རང་གི་མི་རིགས་དེ་སྟོབས་འབྱོར་དང་དཔལ་ཡོན་རབ་ཏུ་འབར་བ་ཞིག་ཏུ་འགྱུར་བར་མཛད་བར་མཛད་པ་དེ་ཡིན།

སྒྲུང་།[རྩོམ་སྒྲིག]

ཆོས་ལུགས།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

སྔོན་མ།
གནམ་རི་སྲོང་བཙན།
བོད་ཀྱི་བཙན།
༦༠༩-༦༡༣
རྗེས་ལ།
གུང་རི་གུང་བཙན།