Jump to content

མཁས་གྲུབ་ཁྱུང་པོ་རྣལ་འབྱོར།

ཡོང་ཁུངས་Wikipedia

རྩོམ་སྒྲིག་པ་མཁན་པོ་ཨོ་རྒྱན་རིག་འཛིན། (༢༠༢༡། ༠༤། ༢༦)

འཁྲུངས་ཡུལ་དང་ཡབ་ཡུམ་སོགས།

[རྩོམ་སྒྲིག]

མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཉིད་ནི་ (978~990–1150[]; d. 1125; BDRC: P39) ནི་སྙེ་མོ་ར་མང་དུ་ཡབ་ཁྱུང་རྒྱལ་སྟག་སྐྱེས་དང་། ཡུམ་འགོས་བཟའ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྲོལ་ཐོག་མར་འབྱེད་མཁན་ཡིན། ཁོང་འཁྲུངས་མ་ཐག་པའི་དུས་སུ་རྒྱ་གར་གྱི་གྲུབ་ཆེན་ཨ་མོ་གྷ་བཛྲ་བྱོན་ཏེ་བུ་ཆུང་འདིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་བྱེད་ཐུབ་པ་ཞིག་འབྱུང་ཞེས་ལུང་བསྟན་མཛད། རུས་ཁྱུང་པོ་ཡིན།

ཆུང་དུས་བོན་ཆོས་སློབ་གཉེར་ཚུལ།

[རྩོམ་སྒྲིག]

དགུང་ལོ་བཅུ་ནས་ཡི་གེ་འབྲི་ཀློག་དང་སྐར་རྩིས་བཅས་མཁས་པར་མཁྱེན། ཡབ་མེས་རྣམས་ཀྱི་ཆོས་ལུགས་བོན་ཡིན་སྟབས་བོན་ཀྱི་སློབ་དཔོན་གཡུང་དྲུང་རྒྱལ་བསྟེན་ནས་བོན་ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པར་སྦྱངས་ཏེ་འཆད་སྤེལ་མཛད་པས་སློབ་མ་ཡང་བདུན་བརྒྱ་ལྷག་ཙམ་བྱུང་། བོན་སྐོར་གྱི་སྒྲུབ་ཐབས་དང་། བསྟན་བཅོས། དཀའ་འགྲེལ་སོགས་ཀྱང་མང་པོ་བརྩམས་ཤིང་བོན་ལ་མཁས་པའི་གྲུབ་ཐོབ་ཆེན་པོར་གྱུར།

རྙིང་མའི་རྫོགས་ཆེན་དང་ཕྱག་ཆེན་དོ་ཧཱ་སོགས་ལ་ཉམས་ལེན།

[རྩོམ་སྒྲིག]

སྐབས་དེར་མི་ཐམས་ཅད་ཀྱིས་ཁྱོད་ཆོས་པ་མིན་པར་བོན་པོ་ཡིན་པར་འདུག་ཟེར་ནས་བརྙས་སྨོད་བྱས་པར་བརྟེན། རྒྱ་གར་དུ་འབྱོན་དགོས་པར་དགོངས་ནས་གསེར་སྲང་མང་པོ་གྲ་སྒྲིག་གནང་བས་ཡབ་ཡུམ་གཉིས་ཀྱིས་ངེད་གཉིས་ལོ་ན་རྒས་པས་མ་ཤི་བར་རྒྱ་གར་དུ་མ་འགྲོ་གསུངས་ནས་མ་བཏང་། དེ་ནས་བོན་གྱི་སློབ་མ་བུ་ཆེན་མཁས་པ་རྣམས་ལ་ལས་འཕྲོ་གཉེར་གཏད་མཛད་དེ། གསང་སྔགས་སྔ་འགྱུར་གྱི་སློབ་དཔོན་འབྱུང་གནས་སེང་གེ་ལ་གསེར་དང་དར་གོས། རྟ་སོགས་ཕུལ་ནས་རྫོགས་ཆེན་གྱི་ཆོས་སྐོར་ཆ་ཚང་བར་གསན་ནས་སྒོམ་སྒྲུབ་དང་འཆད་སྤེལ་མཛད་པས་སློབ་མ་སུམ་བརྒྱ་ཙམ་བྱུང་། མཚན་སྙན་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར། ད་དུང་ཐུགས་མ་ཚིམ་པར་སློབ་མ་དེ་དག་བཞག་སྟེ། སྟོད་ལུང་ཤོ་མ་རར་སློབ་དཔོན་སྐོར་ནི་རཱུ་པའི་དྲུང་དུ་བྱོན་ནས་ཕྱག་ཆེན་དང་དོ་ཧཱ་སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན།

རྒྱ་བལ་གྱི་བླ་མ་བསྟེན་ཚུལ།

[རྩོམ་སྒྲིག]

ད་དུང་ཐུགས་བློ་མ་ཁེངས་པར་རྒྱ་གར་དུ་འབྱོན་པར་དགོངས་ནས་སྲུ་མོས་གཡུ་མང་པོ་ཕུལ་བ་དང་། ས་ཞིང་བཙོངས་པའི་རིན་དང་། སྔར་གྱི་སློབ་མ་རྣམས་ཀྱིས་གསེར་མང་པོ་ཕུལ་བ་བཅས་བསྡོམས་པའི་གསེར་སྲས་བརྒྱ་ལྷག་ཙམ་ཡོད་པ་བསྣམས་ཐོག བལ་ཡུལ་དུ་གུ་ལང་གི་གསེར་གོང་འཕར་བ་དང་སྟབས་ཁེལ་ཏེ་གསེར་སྲང་སྟོང་ལྷག་བྱུང་བསྣམས་ནས་བལ་པོ་ཕམ་མཐིང་པའི་དྲུང་ནས་བདེ་མཆོག་དང་གདན་བཞི་ཞུས། བླ་མ་ར་ཧུ་ལ་བ་བཛྲ་བསྟེན་ནས་ཆོས་མང་པོ་གསན། རྒྱ་གར་དུ་ཕེབས་ནས་བླ་མ་རྡོ་རྗེ་གདན་པ་དང་མཇལ་ནས་འདོད་ཆོས་མང་པོ་གསན། གཞན་ཡང་གྲུབ་ཆེན་ཤྲི་བཛྲ་ས་ན་ཛ་དང་། བེེ་རོ་ཙཱ་ན་རཀྵིཏ། ཏ་ཐཱ་ག་ཏ་རཀྵིཏ། ཨ་མོ་གྷ་བཛྲ་སོགས་པཎྜི་ཏ་དང་། གྲུབ་ཐོབ་ཀྱི་བླ་མ་དང་། མཁའ་འགྲོ་མ་ཀ་ན་ཀ་ཤྲི་སོགས་མང་པོར་བསྟེན་ནས་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང་། བླ་མ་མེེ་ཏྲི་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་ཆོས་སྐོར་ཆ་ཚང་བ་གསན། བླ་མ་མེེ་ཏྲི་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་ཆོས་སྐོར་ཆ་ཚང་བ་གསན། པཎ་ཆེན་ནཱ་རོ་པའི་སྲིང་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་དང་མཇལ་ནས་སྒྱུ་ལུས་རྨི་ལམ་གྱི་དབང་དང་། ནཱ་རོ་ཆོས་དྲུག སྒྱུ་མ་ལམ་རིམ་སོགས་ཐུན་མོང་མ་ཡིན་པའི་གདམས་ངག་ཡོངས་སུ་རྫོགས་པ་གསན། གཞན་ཡང་། མཁའ་འགྲོ་མ་སུ་ཁ་སིངྷི་དང་། མཁའ་འགྲོ་མ་གངྒ་དྷ་ར་སོགས་བླ་མ་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན་ནས་དེ་རྣམས་མངའ་བའི་གསང་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན་ཅིང་། ཆོས་ཡོན་དུ་གསེར་ཕངས་མེད་དུ་ཕུལ།

བོད་དུ་ཕྱིར་ཕེབས་ཏེ་འགྲོ་དོན་མཛད་ཚུལ།

[རྩོམ་སྒྲིག]

དེ་ནས་བོད་དུ་ཕྱིར་ཕེབས་ཏེ་མངའ་རིས་སུ་འབྱོར་བ་དང་། ཇོ་བོ་རྗེ་ཨ་ཏི་ཤ་མངའ་རིས་སུ་བཞུགས་པ་དང་མཇལ་ནས་གསང་བ་འདུས་པ་དང་བདེ་མཆོག་སྐོར་གསན། དགེ་བཤེས་གླང་རི་ཐང་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བླ་མ་ར་ཧུ་ལ་གུཔྟ་བཛྲ་རྒྱ་གར་ནས་བོད་དུ་ཐེངས་གསུམ་ཕེབས་ཏེ་ཐུན་མོང་མ་ཡིན་པའི་གངས་སྔགས་ཀྱི་གདམས་པ་མང་དུ་ཐོབ། སློབ་མ་ཡང་མང་དུ་བྱུང་། ཐོག་མར་འཕན་པོ་འཇོག་པའི་ཕུ (ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་གི་ཕུ) ལ་འགད་ཀར་གྱི་དགོན་པ་བཏབ་ནས་གནས་གཞི་བཟུང་བས་དེར་སློབ་མ་ཉིས་སྟོང་ལྷག་ཙམ་འདུས་ནས་མ་ཤོང་བས་བླ་མ་རང་ཉིད་ཡུལ་སོ་སོར་ཕེབས་ནས་དབྱར་སྟོན་གཉིས་ཀྱི་རིང་ཆོས་གསུངས། དགུན་དུས་སུ་སློབ་མ་རྣམས་མཚམས་དམ་པོ་ལ་སྡོད་དུ་བཅུག་པ་སོགས་ལོ་གསུམ་རིང་མཛད་པས་སློབ་མ་སུམ་སྟོང་ལྷག་ཙམ་བྱུང་། དེ་ནས་དགུང་ལོ་དོན་གཉིས་པར་ཤངས་སུ་ཕེབས་ནས་ལོ་གསུམ་གྱི་ནང་ཤངས་གཞོང་གཞོང་ལ་སོགས་པའི་དགོན་པ་བརྒྱ་དང་བརྒྱད་བཏབ། སྐུ་ཚེའི་སྨད་དུ་སློབ་མ་གྲྭ་པ་ཁྲི་བརྒྱད་ཙམ﹙རྣམ་ཐར་མང་པོའི་ནང་དེ་ལྟར་གསལ﹚འདུས།

སྐུ་མྱ་ངན་ལས་འདས་ཚུལ།

[རྩོམ་སྒྲིག]

ཁོང་གི་ཞལ་ཆེམས་ལ་སྐུ་དམར་གདུང་དུ་འཇོག་དགོས་པར་གསུངས་ཀྱང་སློབ་མ་རྣམས་ཀྱི་ནང་སྐུ་གདུང་བགོ་བཤའ་བྱེད་འདོད་བྱེད་མཁན་ཤུགས་ཆེ་བར་བྱུང་སྟེ། ཞུགས་འབུལ་བྱས་ནས་གདུང་རྟེན་བཞེངས་པས་རྟེན་འབྲེལ་འཕྱུགས་ཞེས་རྣམ་ཐར་ལས་གསལ། ཞིབ་ཏུ«ཤངས་པ་བཀའ་བརྒྱུད་གསེར་ཕྲེང»དང་«མཁས་གྲུབ་ཁྱུང་པོ་རྣམ་འབྱོར་གྱི་རྣམ་ཐར»སོགས་སུ་གསལ་ལོ། །

  1. "978 or 990, while the most likely date would have been 1050" https://treasuryoflives.org/biographies/view/Khyungpo-Naljor/6285