འབྲི་རུ་རྫོང་།

ཡོང་ཁུངས་Wikipedia
Map

ལོ་རྒྱུས་མདོར་བསྡུས།


འབྲི་རུ་རྫོང་འབྲི་རུ་ནི་མདོ་དབུས་ཁམས་གསུམ་གྱི་ནང་ནས་མདོ་སྟོད་མི་ཡི་ཆོལ་ཁ། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ནས་ནགས་ཤོད་སྦས་ཡུལ་སྨན་ལྗོངས། མདོ་ཁམས་ཀྱི་ཕྱུག་དྲུག་གི་ནང་ནས་དངུལ་རྒྱལ་གཡང་མོ་ལུག་གིས་ཕྱུག་ཅེས་པའི་ཁོངས། གདང་ལའི་རི་རྒྱུད་ནུབ་ནས་ཤར་དུ་ནར་བའི་ལྷོ་ཕྱོགས། ཐང་ལྷའི་རི་རྒྱུད་ནུབ་ནས་ཤར་དུ་བརྐྱང་བའི་བྱང་ཕྱོགས། མདོ་ཁམས་ཀྱི་ཆུ་བཞིའི་ནང་ཚན་དངུལ་ཆུ་ཁམས་པ་འབབ་པའི་གཞུང་རྒྱུད་དུ་ཆགས་ཡོད། དེ་ཡང་ནུབ་དང་ནུབ་བྱང་གི་ས་བབ་མཐོ་ལ་ཤར་དང་ཤར་ལྷོའི་ཕྱོགས་ཀྱི་ས་བབ་དམའ། སྟོད་ཕྱོགས་རྣམས་སྤྱིའི་ཆ་ནས་འབྲོག་ས་དང། སྨད་ཕྱོགས་རྣམས་སྤྱིའི་ཆ་ནས་ཞིང་པ་ཡིན། དངུལ་ཆུ་ཁམས་པ་ནུབ་ནས་ཤར་དུ་བརྒྱུགས་པའི་གཡས་གཡོན་ཏེ། ལུང་པ་སྤྱིའི་ལྷོ་བྱང་གཉིས་སུ་གྱེས་པའི་ལུང་ཆེན་རྣམས་ཀྱི་སྨད་ཕྱོགས་དང། དངུལ་ཆུའི་འབབ་རྒྱུད་ཕལ་ཆེ་བ་ལ་སྔོན་དུས་སུ་ཤིང་ནགས་ཀྱིས་ཡོངས་སུ་ཁྱབ་ཡོད། མདོ་ཁམས་ནགས་ཤོད་འབྲི་ལྗོངས་ཡུལ་གྱི་སའི་ཆ་སྔོན་བཙན་པོའི་སྐབས་སུ་ནགས་ཤོད་སྟོང་བུ་ཆུང་ཞེས་པའི་དམག་གི་ལྟེ་བ་ནགས་ར་ལྤགས་ཐང་ཞེས་པ་དེར་རྫོང་ཆགས་པ་ནས་བཟུང་གནས་དེར་འབྲི་རུའི་སའི་ལྟེ་བ་ངོས་འཛིན་གྱི་ཡོད། ཡུལ་སྤྱིའི་ས་བབས་ནི། ཤར་དང་ཤར་ལྷོའི་ཕྱོགས་དམའ་བ་དང༌། ནུབ་དང་ནུབ་བྱང་ཕྱོགས་ཅུང་མཐོ་བ་ཡོད་པ་དང༌། རྒྱ་མཚོའི་ངོས་ནས་མཐོ་ཚད་ཆ་སྙོམས་སྨི4000ཡོད། ལོ་རེའི་ཆར་ཆུའི་འབབ་ཚད་ཧའོ་སྨི580ནས650བར་ཟིན་གྱི་ཡོད། ས་བབས་ཀྱི་ཁྱད་ཆོས་ནི་དབྱར་ཁར་ཚ་བ་ཆུང༌། ཉི་མ་འཆར་ཡུན་རིང༌། ཉི་འོད་འོག་ཏུ་རླངས་ཆུའི་གྲུབ་ཆ་ཉུང༌། ཆར་དང་ཁ་བ་ཅུང་མང༌། མཁའ་དབུགས་དྭངས་ཤིང་ཁོར་ཡུག་གཙང་བ། རྩི་ཤིང་དང་རྩ་ཆེའི་རི་སྐྱེས་སྔོ་སྨན་རིགས་ཀྱི་འབྱུང་ཁུངས་ཡིན་པ་ནི་ནགས་ཤོད་སྦས་ཡུལ་སྨན་ལྗོངས་ཞེས་མིང་དོན་མཚུངས་པ་ད་ལྟའི་དུས་སུ་སྨན་རིགས་ལག་སོན་ཡོད་པ་རྣམ་གྲངས300ལྷག་ཡོད་པ་འབྲི་རུའི་ལོ་རྒྱུས་སུ་གསལ། གཞན་ཡང་གཏེར་དངོས་སོགས་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ནགས་ཤོད་འབྲི་ལྗོངས་ཕྱུག་མོ་ཞེས་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རྗེས་གྲུབ་ཀྱི་ཐ་སྙད་ཞིག་ཡིན།

ནགས་ཤོད་མཛེས་ལྗོངས།
ནགས་ཤོད་མཛེས་ལྗོངས།
ནགས་ཤོད་མཛེས་ལྗོངས།
ནགས་ཤོད་མཛེས་ལྗོངས།

ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི། འབྲི་རུ། སྟག་དྲུག །བོམ་ཕན། ཁྲ་རིང༌། འགོམ། རཀྵི། ན་རོག །བུ་རྫུམ། སེན་ཚ་བཅས་ལ་ནགས་ཤོད་ཚོ་དགུ་ཞེས་འབོད།

འབྲི་རུ་ཚོ་པ་ཞེས་པ་འདི་ནི་འབྲི་ལྗོངས་ནགས་ཀྱི་ཡུལ་ལུང་ཆེན་པོ་དེའི་སྨད་ཕྱོགས་ཐོག་མར་འབྲི་ཡི་རུས་དགུ་ཞེས་པ་དེས་ས་བཟུང་ནས་རིམ་གྱིས་འཕེལ་བའི་ཚོ་པ་ཞིག་ཡིན། རུས་དགུ་ནི། ཕྱུག་རུ། རྫ་རུ། རུ་གཟི། ཞུ་རུ། སོག་རུ། འབའ་རུ། སྡེ་རུ། བེ་རུ། སུན་རུ་བཅས་ཡིན། དེ་དག་གིས་བཟུང་བའི་ས་ཁུལ་རྣམས་ལ་ཡུལ་སྡེའི་ཁྲིམས་སྲོལ་ལྡན་པའི་སྡེ་ཚན་བཙུགས་ནས་འབྲི་ཡི་ཤོག་གསུམ་ཞེས་པ་བྱུང་། ཕྱིས་སུ་བསྐྱར་རྒྱུད་སྣོན་ནས་ཤོག་ཁ་བཞི་བྱུང་བ་ནི་ཆུང་རྒྱུད། ཉི་མ། ལུང་རྒྱུད། བསྐྱར་རྒྱུད་བཅས་ཡིན། སྔོན་གྱི་ལོ་རྒྱུས་ལས། སུམ་པ་འབྲི་ཡི་རྒྱལ་པོ་ལ།། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ།། ཞེས་གསུངས་པའི་སུམ་པ་རྒྱལ་པོ་ལ་འབྲི་ཡི་མིང་བྱུང་བ་ཡང་རུས་རྒྱུད་འདི་ལས་བྱུང་བའི་མི་རྒྱུད་ཅིག་མིན་ནམ་སྙམ།

སྟག་ཕྲུག་ཚོ་པ། ཐོག་མར་སྟག་ཕྲུག་རུས་དགུ་ཞེས་པ་དེས་ས་བཟུང་བ་རིམ་གྱིས་འཕེལ་བའི་ཚོ་པ་ཞིག་ཡིན། རུས་དགུ་ནི། དབང་པོ། ཐང་རྒྱུད། གྲག་རྒྱུད། བཙན་མགོ གཡག་པ། བྱང་པ། པད་ཕྱུང་། གདོང་མཆོང་། འབྲོང་ཚ། བཅས་ཡིན། དེ་དག་གིས་བཟུང་བའི་ས་ཁོངས་བདག་ཐོབ་ཀྱི་ཁྲིམས་གཞི་བཙུགས་ནས་སྟག་ཕྲུག་ཤོག་གསུམ་ཞེས་པ་བྱུང། དེ་ཡང་ཁྱུང་ཁྲ། བཙན་མགོ གིལ་པ་བཅས་ཡིན།

བོམ་ཕན་ཚོ་པ། སྔོན་སུམ་པའི་དུས་སུ་ས་ཆ་དེ་ལ་ནགས་ཆུ་མ་གཞུང་ཟེར་སྐད། སྐབས་དེ་དུས་ནགས་ཤོད་སྟོད་དབུ་ཐང་མན་ལ་དབང་བསྒྱུར་བྱས་པའི་ཚོ་པ་ཞིག་ཡིན་པ་དང་། ཕྱིས་སུ་ཚོ་པ་དུ་མ་འཕེལ་ནས་བོམ་ཕན་ཚོ་པའི་ཁྱབ་ཁོངས་ཅུང་ཟད་ཆུང་དུ་ཕྱིན་པ་མ་གཏོགས་ནགས་ཤོད་ཚོ་དགུའི་ནང་ནས་སྔ་ཤོས་ཀྱི་ཚོ་པ་ཞིག་ཡིན་པར་སྙམ།

ཁྲ་རིང་ཚོ་པ། ཚོ་པ་འདི་ཐོག་མར་སྨུག་པོ་གདོང་གི་རྒྱུད་པ་སྤུན་བཞི་བྱུང་བ་དེས་ས་བཟུང་ནས་རིམ་བཞིན་འཕེལ་བ་ཞིག་ཡིན། དེ་དག་གིས་དབང་བསྒྱུར་བྱས་པའི་ཡུལ་སྨོང་ཆེན་ཞེས་པ་དེར་དམར་རུ་གནམ་རྫོང་། ཤ་རུ་གནམ་རྫོང་། དགྲ་མཁར་གནམ་རྫོང། ཆུང་རྫོང་ཞེས་པའི་མཁར་བཞི་བརྩེགས་ཏེ་སྲིད་དབང་བཟུང། དེ་རྗེས་སེན་ཚ་རུས་རྒྱུད་ཀྱིས་བཟུང་ནས་རུལ་སྦལ་སྙིང་རྫོང། དངུལ་རུ་གནམ་རྫོང། དབུས་རུ་གནམ་རྫོང། ཁྲོ་ཆུ་སྙིང་རྫོང་བཅས་རྫོང་བཞི་མོ་བ་ལ་བརྩེགས་ནས་སྲིད་དབང་བཟུང། དེ་དག་གིས་བཟུང་བའི་མངའ་ཁོངས་ལ་ཕྱིས་སུ་ཁྲ་རིང་ཤོག་བཞི་ཞེས་པ་བྱུང་བ་ནི་སྒུར་སྟོད། སྒུར་སྨད། ཀ་རོང་། མཁར་རེ་བཅས་ཡིན།

འགོམ་ཚོ་པ། ཚོ་པ་འདི་ཐོག་མར་སྒོམ་གྱི་རུས་བདུན་ཞེས་པ་དེས་ས་བཟུང་ནས་རིམ་གྱིས་འཕེལ་བ་ཞིག་ཡིན། དེ་ཡང་སྒྲོ་བ་སྨུག་པོ་འགུལ་རིང་། སྤྲིན་གྱི་དུང་འཕྲུ་འགུལ་རིང་། སྤི་ཐི་བུ་ཡི་ཆར་འབེབས། སྐྱེན་པ་བུ་ཡི་ཐོག་གདུག སོག་རུ་ཀརྨ་ཁྲབ་ཆེན། འཇང་གི་ཨ་ཐུལ་སྐར་ཚེ། སྐྱི་རུ་བླ་མ་རྟ་ནག་ཅེས་པ་རྣམས་ཀྱིས་གདོང་དཀར་དང་བ་ལག ཝག་ཏ། ས་དམར། སྙག་མདའ། སྙག་ཡར་གྲོང་། སྐྱི་རུ་གོང་མ་བཅས་ལ་མཁར་བརྩེགས་ནས་སྲིད་དབང་བཟུང། དེ་རྗེས་ཉུང་དཀར་དང་སྤུ་ཚ། བྱི་རུ། མོན་དེ་བཅས་རུས་རྒྱུད་བཞི་བྱུང་བ་བཅས་ལ་འགོམ་གྱི་རུས་རྒྱུད་བཅུ་གཅིག་ཅེས་གྲགས། དེ་དག་གིས་བཟུང་བའི་མངའ་ཁོངས་ལ་འགོམ་སྡེ་ལིང་དྲུག་ཅེས་བརྗོད། དེ་ཡང་ཉུང་དཀར། ཆུ་སྲིབ། དཀར་གཞུང། ཉང་ཁུ། འོམ་སྡེ། ཡུལ་གྲོང་བཅས་ཡིན།

རཀྵི་ཚོ་པ། ཚོ་པ་འདི་ཐོག་མར་རུས་རྒྱུད་ལྔ་ཡིས་བཟུང་ནས་རིམ་གྱིས་འཕེལ་བ་ཞིག་ཡིན། དེ་ཡང་ཀ་ཀློག ཨར་རྒོད། ཀ་ས། འུ་ར། མཁར་རེ་བཅས་ཡིན། དེ་དག་གིས་སྦེའུ་(སྦེ་ཡིས) བེ་ཐང་(བྲེ་ཐང་)སྒམ་ཐང་། གཟར་ཐང། མངའ་ཡང་བཅས་ལ་གཞིས་ཆགས། ཕྱིས་སུ་སོག་པོའི་རྒྱུད་པར་གྲགས་པ་ནགས་རྗེ་བུ་ཞེས་རྩལ་སྟོབས་ཆེ་བ་ཞིག་བྱུང་བ་དེའི་དབང་ཤུགས་ཀྱིས་བཟུང་ནས་ཆུ་བཟང་ཟླ་བ་ཐང་ལ་མཁར་ཆགས། ས་བཟང་པོ་ཆུ་བཟང་ཟླ་བ་ཐང་།། དཔོན་བཟང་པོ་བོ་ངན་ནགས་རྗེ་དཔོན།། ཕྱི་སོག་རིགས་སྐུ་ཡི་ཆེ་རྒྱུད་དང་།། ནང་ནགས་ཤོད་སྟོད་ཀྱི་རྗེ་བོ།། ཞེས་དམངས་ཁྲོད་ཀྱི་ངག་རྒྱུན་ལ་དར་བའི་ནགས་རྗེ་དཔོན་ཞེས་པ་དེ་ཡིན། དེས་དབང་བསྒྱུར་བྱས་པའི་ས་ཁོངས་ལ་རག་དཀར་དང་རག་ནག་ཅེས་འབྲོག་སྡེ་དང་ཞིང་པའི་སྡེ་ཚན་གཉིས་ཡོད། ཕྱིས་སུ་ཡང་སྡེ་ཚན་དེར་གནས་ནས་སྟོད་ཤོག་དང་སྨད་ཤོག་ཅེས་འབོད།

ན་རོག་ཚོ་པ། ཚོ་པ་འདིའི་བྱུང་རབས་ཀྱི་ལོ་རྒྱུས་གསལ་པོ་མ་མཐོང་བས་ཞིབ་པར་མ་ཤེས། སྲིད་འཛིན་ས་གནས་སམ་རྫོང་གཞིས་ནི་ཤ་རིས་ཞེས་པའི་ས་ལ་ཡོད་པར་ཐོས། སྐབས་འགར་བུད་མེད་ཀྱིས་དཔོན་བྱས་པ་ཡང་བྱུང་ཡོད་པ་འདྲ། ནགས་ཤོད་ལུང་པའི་ནང་ནས་ཚོ་པའི་སྲིད་དབང་འཛིན་སྐྱོང་བྱེད་པའི་བུད་མེད་འཇོན་ཐང་ཅན་བྱུང་བ་ནི་ན་རོག་ཚོ་པ་དང་རཀྴི་ཚོ་པ་བུ་རྫུམ་ཚོ་པ་བཅས་ཡིན། ཚོ་པ་འདི་རུས་རྒྱུད་གང་གིས་བཟུང་སྔ་བ་ཡིན་མི་ཤེས་ཀྱང་འདིའི་ཁོངས་སུ་ཡོད་པའི་རུས་རྒྱུད་ནི་འབྲེང་ཚང་། དགྱི། གུང་པ། སེ་བོ། ནག་རུ། སྤྱད་ཚ། སྨ་ར། ཐིས་བ། བློན་རུ། སྟོན་རུ་བཅས་ཡོད།

བུ་རྫུམ་ཚོ་པ། ཚོ་པ་འདི་ནི་ཐོག་མར་ཡུལ་ལུང་གཞན་ནས་ཡོང་བའི་བུ་རྒོད་རྣམས་འདུས་པ་ཡིན་པའི་ཤོད་སྲོལ་ཞིག་ཡོད། གང་ལྟར་རུས་རྒྱུད་གསུམ་གྱིས་ས་བཟུང་ནས་རིམ་བཞིན་འཕེལ་བ་ཞིག་ཡིན། དེ་ཡང་གནམ་ལ་ཆགས་སྔ་བ་མགོ་ལག་རྒྱལ་གསུམ། ས་ལ་ཆགས་སྔ་བ་སྙེ་སྐུལ་དཔོན་གསུམ། ཟེར་བ་བཞིན་སྙེ་བ་དང་ལྐུག་པ། དཔོན་རུ་བཅས་ཡིན། ཕྱིས་སུ་ཁྲིམས་སྲོལ་སྲིད་དབང་གི་ལམ་ལུགས་བྱུང་ནས་བུ་རྫུམ་གྱི་ཡུལ་སྡེ་ལ་མཐའ་ལྔ་དབུས་བཅུ་ཞེས་པ་བྱུང་། དེ་ཡང་ལྷ་རི་དང་། རྒྱ་སྟོང་ལྡིང་དགུ སྔོད་ཨ་ལ་རོང་སོགས་ལ་གྲམ་ནས་ཡོད། སྒེར་སྡེ་མགོ་བཏགས་ཀོང་པོ་བྲག་གསུམ་དང་། ཉིང་ཁྲི་བཅས་ལ་ཡང་ཡོད་པར་གྲགས།

སེན་ཚ་ཚོ་པ། ཚོ་པ་འདི་ནི་ཐོག་མར་ཨར་ཀེ ཡོན་ཚ། ཚགས་པ། ཁོང་ལྷེ། ཐོས། ཨར་མགོ་བཅས་རུས་རྒྱུད་དྲུག་གིས་ས་བཟུང་ནས་རིམ་གྱིས་འཕེལ་བ་ཞིག་ཡིན། ཚོ་པའི་དབང་འཛིན་འགན་འཁུར་གནང་མཁན་ཐོག་མར་ག་འདྲ་བྱུང་ཡོད་མིན་མ་ཤེས་ཀྱང་བར་སྐབས་ཤིག་ནས་ཨར་ཀེ་རུས་རྒྱུད་ཀྱིས་བྱས་པ་དང་། དེ་ནས་ཡོན་ཚ་རུས་རྒྱུད་ཀྱིས་བྱས་པ་སོགས་ཡིན་སྐད། སྐབས་དེ་སྐོར་གྱི་ཚོ་པའི་མགོ་དཔོན་གྱི་མཁར་རྫོང་སེབ་ཧྲུག་ལ་ཡིན་པ་དང་ཕྱིས་སུ་ཞུ་ཚང་གི་སྐབས་སུ་ལ་གོང་ཞེས་པར་མཁར་གཞིས་ཆགས། དེ་དག་ནི་ནགས་ཤོད་ཀྱི་ཚོ་སྡེ་རྣམས་བྱུང་རབས་མདོར་བསྡུས་ཙམ་མོ།།

འབྲི་རུ་རྫོང་གི་རྣམ་པ།

ཟུར་བཀོད།

སྡེ་ཤོག་གི་རྒྱ་ཆེ་ཆུང་ཇི་ཙམ་ཡོད་པ་གསལ་ཁ་མེད་པས་དཔྱད་པ་བྱ། ནགས་ཤོད་ཚོ་དགུའི་ཚོ་ཤོག་ནང་ནས་གོ་གནས་ཐོབ་ཐང་ཆེ་ཤོས་ཆེན་ཧུའི་མཚན་གནས་ཐོབ་པ་སྟག་དྲུག་དཔོན་ ཚང་ཡིན་པ་དང༌། དེ་ནས་སྦེ་ཧུ་དང༌། སྦེ་ཅང་བཅས་རིམ་པར་ཡོད་པ་དང༌། དེ་བཞིན་ ཆོས་ལུགས་གྲུབ་མཐའ་སྣ་མང་འདུས་པའི་ཡུལ་ལུང་ཞིག་ཡིན་པ་ནི། བོད་གདོད་མའི་ ཆོས་ལུགས་གཡུང་དྲུང་བོན་དང༌། གསང་སྔགས་རྙིང་མ། བཀའ་གདམས། བཀའ་བརྒྱུད། དགེ་ལུགས་བཅས་ཡོད། ས་སྐྱ་མངོན་ཚན་ཆེ་བ་མ་དར། ཡུལ་ལུང་འདིར་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ། རིག་གནས་རྒྱ་མཚོའི་དཔལ་ལ་དབང་འབྱོར་བའི་གནས་ལྔ་རིག་པ་བ་དང༌། སྟོབས་འབྱོར་ནམ་མཁའི་མཛོད་ལ་མངའ་བརྙེས་པའི་གྲགས་ཅན་གྱི་མི་སྣ་བྱོན་མྱོང་པ་རེ་རེ་བཞིན་བགྲང་བར་དུས་ཀྱིས་མ་ལོང༌། གཞན་ཡང་གནས་དགོན་རི་ཁྲོད་སོགས་ངོ་མཚར་བའི་བཀོད་པ་དང་ཡོན་ཏན་ཇི་སྙེད་ཅིག་ཡོད་པ་ནགས་ཤོད་འབྲི་རུའི་ལོ་རྒྱུས་དང་ཁམས་སྲིང་མོ་རྫོང་གི་གནས་ཡིག་དཀར་ཆག་སོགས་ལས་ཤེས་པར་བྱ། ཡུལ་སྲོལ་གོམས་གཤིས། རིག་གནས་སྒྱུ་རྩལ། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་འབྲོག་ཐོན་སྐྱེད། རི་སྐྱེས་སྔོ་སྨན་རིགས་སོགས་ཞིབ་པར་ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་པར་གསལ།

མདོ་ཁམས་ནགས་ཤོད་འབྲི་ལྗོངས་ཡུལ་གྱི་སའི་ཆ་སྔོན་བཙན་པོའི་སྐབས་སུ་ནགས་ཤོད་སྟོང་བུ་ཆུང་ཞེས་པའི་དམག་གི་ལྟེ་བ་ནགས་ར་ལྤགས་ཐང་ཞེས་པ་དེར་རྫོང་ཆགས་པ་ནས་བཟུང་གནས་དེར་འབྲི་རུའི་སའི་ལྟེ་བ་ངོས་འཛིན་གྱི་ཡོད། སྔར་དུས་སུ་ཡུལ་འདིར་སུམ་པ་འབྲི་ཡི་རྒྱལ་པོས་བཟུང་བ་ཞིག་ཡིན། སུམ་པའི་ཡུལ་གྱི་ལྟེ་བ་རྒྱ་ཤོད་སྟག་པ་ཚལ་བྱ་བ་དེང་གི་འབྲི་རུ་རྫོང་ཁོངས་ཀྱི་གཡང་ཤོད་ཤང་གི་རྒྱལ་ཆུའི་རྒྱུད་ཀྱི་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་གི་ཕྱོགས་སུ་ཡིན་པར་བཤད། རྒྱལ་པོ་སྲོང་བཙན་གྱིས་དྲག་པོ་དམག་གི་ལས་ཕྱེ་བའི་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཁྲོད་ནས་ཤིན་ཏུ་ཆེ་བའི་སྟོད་སྨད་བར་གྱི་དཔའ་སྡེ་གསུམ་ལས་བར་གྱི་དཔའ་སྡེ་ནི། རི་སྤེན་མ་ལུང་གིས་ཡར་བཅད། ཆ་སྐོར་དར་བས་མར་བཅད་ཀྱི་ཡུལ་དེ་ན། སྦས་སྡེ་བཅུ་གཉིས་གནས་པ་ནགས་ཤོད་ཀྱིས་དཔོན་བྱས་ཞེས་པའི་ནགས་ཤོད་དང་། རུ་ཆེན་ལྔ་པ་སུམ་པའི་རུ་ལ་བརྩེ་མཐོང་དང་ཕོ་མཐོང་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་དང་འཇོང་སྨད་གཉིས། དྲེ་སྟོད་དང་དྲེ་སྨད་གཉིས། ཁ་རོ་ཁ་ཟང་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་ལ་སྟོང་ཁྱབ་བརྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་ཅེས་འབོད།


ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་ད་ཡོད་ཀྱི་དགོན་པ།

གསའ་མདའ་དགོན། སེན་ཚ་དགོན། དགའ་རི་དགོན། ཀླུ་མཁར་དགོན། དངུལ་ཁོ་དགོན། རྡོ་རྟེང་དགོན་བཅས་བོན་དགོན་དང༌། ཆགས་རི་དགོན། རྒོད་ལུང་དགོན། སེར་བཀྲ་ཤིས་དགོན་བཅས་རྙིང་མ། འགོམ་དགོན། ཝ་ཐང་དགོན། གླང་དེལ་དགོན་བཅས་བཀའ་བརྒྱུད་དང༌། ཤུག་ལྡིང་དགོན། གཡག་འཁྲབ་དགོན། ཆོས་སྡེ་དགོན། འབྲི་རུ་དགོན། ཆོས་གླིང་དགོན། སྒྲུབ་སྡེ་དགོན། འབྲོང་སྣ་དགོན། རྭ་ཁྱིམ་དགོན། རབ་བརྟན་དགོན། ལྟ་སྨོན་དགོན། བན་སྒར་དགོན། བྱ་སྣ་དགོན་བཅས་དགེ་ལུགས་ཡིན། དགོན་ཁག་སོ་སོའི་བླ་རབས་དང༌། གཙུག་ལག་ཁང་སྐུ་ གསུང་ཐུགས་རྟེན་སོགས་ཀྱི་སྐོར་ཞིབ་པར་འབྲི་རུའི་ལོ་རྒྱུས་དུ་གསལ་ལོ།།

ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་གནས་རི་ཇི་ཡོད།

གཉན་སྲས་ནགས་ལྷ་ཛམ་བྷ། ཁམས་ཀྱི་སྲིང་མོ་རྫོང་གསུམ། མེ་མོ་བྲག་དཀར། འཛམ་བུའི་ཀླུ་རི། རྒོད་ལུང་དཔལ་རྩེ་སྨུག་མོ། པདྨ་ཤེལ་རྫོང་། ཟངས་མདོག་དཔལ་རི། ཤེལ་དཀར་འབུམ་པ།


ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ།

ལྷོ་ཡི་འཛམ་བུའི་ཀླུ་རི།

འབྲི་རུ་ཞབས་དྲུང་།

རིག་འཛིན་ཉི་མ་གྲགས་པ།

སྟག་ཕུ་རྡོ་རྗེ་འཆང་།


དཔྱད་གཞིའི་ཡིག་ཆ།

ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད། ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་པ། མདོ་ཁམས་སྦྲ་སོག་འབྲི་གསུམ་དྲ་རྒྱ།

stupa

རྫོང་སྡེའི་2009་ལོའི་མི་འབོར་གྲངས་བཤེར་རྩ་འཛིན་ལྟར་ན།

At the 2009 PRC census, the county's population was 60,179, of whom:

Name of group Number Percentage
Tibetans 59,824 99.21%
Han 313 0.69%
Bai 11 0.02%
Uyghurs 9 0.02%
Others 22 0.05%

www.naglha.net