Jump to content

ཆབ་མདོ་རྫོང་།

ཡོང་ཁུངས་Wikipedia
ཆབ་མདོ་རྫོང་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
File:ཆབ་མདོ་རྫོང་།.png
ཆབ་མདོ་རྫོང་།

ཆབ་མདོ་རྫོང་‎

ཆབ་མདོ་ས་ཁུལ

[རྩོམ་སྒྲིག]

ཞར་བྱུང་

[རྩོམ་སྒྲིག]

སྔ་མོའི་དུས་ནས་ཆབ་མདོར་ཁམས་ཞེས་འབོད་པ་ཡིན། ཆབ་མདོའི་ལོ་རྒྱུས་ཤིན་ཏུ་སྔ་སྟེ། 1977ལོ་དང1980ལོར་སྔ་ཕྱིར་རྡོ་ཆས་གསར་པའི་དུས་ཀྱི་ཤུལ་རྗེས་ཆབ་མདོའི་མཁར་རོ་དང་དངུལ་མདའི་མཁར་ཤུལ་རྙེད་པ་དེས་ཆབ་མདོར་ལོ་ངོ་ལྔ་སྟོང་གོང་ནས་མིའི་རིགས་འཚོ་བཞིན་པ་མ་ཟད་གྲོང་ཚོའི་དབྱིབས་ཀྱང་ཆགས་པ་དང་། འབྲུ་རིགས་འདེབས་ལ་སྒོ་ཕྱུགས་གསོ་བ་དང་མཉམ་དུ་རི་དྭགས་ཀྱང་རྔོན་པ་མཚོན། སྤྱི་ལོའི་དུས་རབས13པར་ཡོན་རྒྱལ་རབས་ཀྱིས་བོད་མེས་རྒྱལ་གྱི་མངའ་ཁོངས་སུ་བསྡུས་པའི་རྗེས། ཆབ་མདོ་དང་དཀར་མཛེས་སུ་མདོ་ཁམས་ཀྱི་ཞོན་ཝེ་སི་ཞེས་པའི་ལས་ཁུངས་བཙུགས། མིང་རྒྱལ་རབས་ཀྱི་སྐབས་བོད་ལ་ཞྭ་སེར་གྱི་བསྟན་པ་དར་ཏེ་ཁམས་ཁུལ་ལའང་དེའི་བག་ཆགས་ཆེན་པོ་བྱུང་བ་དང་། ཆབ་མདོའི་ཁུལ་དུ་ཧུ་ཐོག་ཐུ་སྟེ་བླ་སྤྲུལ་རིམ་པ་མང་པོ་བྱུང་།མིང་རྒྱལ་རབས་ཀྱི་སྲིད་གཞུང་གིས་ཁམས་ཁུལ་དུ་མདོ་ཁམས་བཀོད་འདོམས་སི་བཙུགས་ནས་ས་ཁུལ་ཁག་གི་ཚོ་པ་དང་འགོ་དཔོན་ནམ་དགོན་བདག་དོ་དམ་པར་བཀོད།


ཆབ་མདོ་ནི་ཆོས་ལུགས་ཀྱི་གྲུབ་མཐའ་མང་བའི་ཁུལ་ཞིག་ཡིན་ཏེ།གདོད་མའི་བོན་ཆོས་ནས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་དགོན་པ་ཧ་ལམ་མ་འདུས་པ་མེད། ད་བར་ཁུལ་ཡོངས་ལ་ཆོས་ལུགས་ཀྱི་བྱེད་སྦོ་སྤེལ་ས530ལྷག་ཙམ་ཡོད། གྲུབ་མཐར་དབྱེ་ན་དགེ་ལུགས་པ་དང་། བཀའ་བརྒྱུད་པ། རྙིང་མ་བ། བོན་པོ་སོགས་ཡོད་པ་དང་།ས་ཁུལ་ཡོངས་སུ་བཙུན་པ་དང་བཙུམ་མ་ཁྱོན་བསྡོམས23000ལྷག་ཙམ་ཡོད་པ་དེ་ཡིས་ས་ཁུལ་ཡོངས་ཀྱི་ཞིང་འབྲོག་མི་འབོར་གྱི་བརྒྱ་ཆ3.9ཟིན། རྩེ་དྲུག་དགོན་དང་། སྟེང་ཆེན་དགོན་པ། གཡུང་དྲུང་དཔལ་རི་སོགས་པ་ནི་གྲགས་པ་ཆེ་བའི་བོན་དགོན་ཡིན་པ་དང་། རྩེ་དྲུག་དགོན་ནི་ད་ལྟ་ཁམས་ཁུལ་གྱི་དགོན་སྡེ་ཆེ་ཤོས་དང་། དད་ལྡན་པ་མང་ཤོས། བོན་ལུགས་ཆ་ཚང་ཤོས་ཤིག་ཡིན་ལ་ལོ་ངོ་ཉིས་སྟོང་སུམ་སྟོང་གི་གོང་ནས་བྱུང་བར་གྲགས། བསྟན་པ་ཕྱི་དར་དུས་སུ་བཞེངས་པའི་སྨར་ཚང་བཀའ་བརྒྱུད་པའི་མ་དགོན་ཝེ་སེ་དགོན་པ་དང་། ཀརྨ་བཀའ་བརྒྱུད་པའི་མ་དགོན་ཀརྨ་དགོན། སྟག་ལུང་བཀའ་བརྒྱུད་པའི་སྟག་ལུང་དགོན་པ་དང་དེའི་ཡང་དགོན་རི་བོ་ཆེ་དགོན་པ་སོགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཀྱི་ཐད་གོ་བབ་གལ་ཆེན་བཟུང་ཡོད། ལྷག་པར་དུ་ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་ཀརྨ་དུས་གསུམ་མཁྱེན་པས་ཁམས་རི་བོ་ཆེར་ཀརྨ་ལྷ་སྟེང་གི་དགོན་ཕྱག་བཏབ་པ་ནས་བཟུང་བོད་དུ་སྤྲུལ་སྐུ་བྱོན་སྲོལ་ཐོག་མ་བྱུང་། ཀརྨ་དགོན་གྱི་འདུ་ཁང་ཆེན་མོ་རིར་བརྟེན་དེ་བཞེངས་ཤིང་། ཐོག་ཁར་གཡུ་རྩི་ཅན་གྱི་རྫ་གཡམ་བཏང་ཡོད། མདའ་གཡབ་ནི་བོད་བཟོའི་སེང་གེའི་དབྱིབས་ཀྱི་བྱ་འདབ་དང་། གཡོན་ངོས་ནི་རྒྱ་བཟོའི་འབྲུག་དབྱིབས་ཀྱི་བྱ་འདབ། གཡས་ངོས་ནི་འཇང་བཟོའི་གླང་པོ་ཆེའི་སྣ་དབྱིབས་ཀྱི་བྱ་འདབ་བཅས་ཡིན། འདུ་ཁང་ཆེན་མོར་བྱམས་མགོན་གྱི་འཇིམ་སྐུ་སྨི་17ཙམ་ཟིན་པ་ཞིག་ཡོད། ཤོད་རྒྱུན་དུ་ཀརྨ་པཀྴི་ཆོས་ཀྱི་བླ་མས་རྒྱ་ནག་ནས་བསྣམས་པའི་རྒྱ་ལྕང་ད་ལྟའི་དུས་སུའང་ལོ་འདབས་རྒྱས་ཏེ་ཡོད་སྐད་མ་ཟད་ཀརྨ་དུས་གསུམ་མཁྱེན་པ་སོགས་པའི་སྐུ་གདུང་ཡང་ཉམས་མེད་དུ་ཡོད་དོ། བྲག་གཡབ་བྱམས་མདུན་གྱི་རང་བྱོན་བྱམས་པ་ནི་བོད་ཡོངས་སུ་གྲགས་པ་ཆེ་བ་ཞིག་ཡིན། བཤད་རྒྱུན་ལྟར་ན་ཁམས་ཁུལ་གྱི་ཐང་སྐྱ་དགོན་དང་། ཝ་ར་དགོན། ཤངས་ཐོ་དགོན། རྒྱས་རི་དགོན་སོགས་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་གཙོ་སྐྱོང་གནང་བའམ་རབ་གནས་གནང་སྟེ་བཞེངས་པ་ཡིན་ཟེར། 1444ལོར་(ཆབ་མདོ་བྱམས་པ་གླིང་དགོན་ནི་ཕྱག་བཏབ་པའི་ལོ་ཁམས་ནི་སྦྲུལ་ཡིན་པར་ལོ་རྒྱུས་མང་པོའི་ནང་ཡོངས་གྲགས་ལྟར་ཡིན་ན། མེ་མོ་སྦྲུལ་ནི་ 1437 ཁེལ་ཡོད།)བཞེངས་པའི་ཆབ་མདོ་བྱམས་པ་གླིང་ནི་ཁམས་ཁུལ་གྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན། དགོན་པ་དེའི་གདན་རབས་རིམ་པར་ཀྲུང་དབྱང་སྲིད་གཞུང་ནས་མཚན་གནས་གནང་བ་ཡིན་ཞིང་། གོང་མ་གནམ་སྐྱོང་ཆན་ལུང་ཁྲི་ལོ་ང་བརྒྱད་པར་འཕགས་པ་ལྷར་གནང་བའི་ཟངས་ཀྱི་ཐམ་ག་དང་ཁྲི་ལོ་ང་དྲུག་པར་གནང་བའི་བྱང་བུ་ནི་དུས་ད་ལྟའི་བར་དུ་ཉར་ཚགས་བྱས་ནས་ཡོད།


སྤྱི་ལོ1473ལོར་བཞེངས་པའི་དཔའ་ཤོད་དགོན་པ་ནི་བོད་ས་གནས་ཀྱི་བཀའ་བློན་ཆེ་བཞིའི་གྲས་ཀུན་བདེ་གླིང་གི་ཁོངས་གཏོགས་ཡིན། དགོན་པ་དེས་རྒྱ་བོད་མཐུན་སྒྲིལ་གྱི་ཐད་ལ་བྱས་རྗེས་ཆེན་པོ་བཞེག་པ་སྤྱི་དང་། ལྷག་པར་དུ་དེ་གའི་སྐྱེ་རབས་བདུན་པ་བློ་བཟང་དཔལ་ལྡན་རྒྱལ་མཚན་གྱིས་པེ་ཅིན་གཡུང་དགོན་གྱི་མཁན་པོ་གནང་ནས་ཆོས་དང་རིག་གནས་ཐད་ནང་ས་དང་འབྲེལ་བ་ཇེ་མང་གནང་། དགོན་པ་དེས་དུས་ད་ལྟའི་བར་དུའང་རིག་དངོས་རྩ་ཆེན་མང་པོ་བདག་ཚགས་བྱས་ཡོད་དེ། རྒྱ་བོད་བལ༼ རྒྱ་གར༽ གསུམ་སོ་སོས་ལུགས་སུ་བླུགས་པའི་ཟངས་སྐུ་སོགས་པ་ཡོད། དགོན་པ་དང་རྒྱང་ཐག་མི་རིང་བའི་སར་མཆོད་རྟེན་གྲུ་བཞི་སྨི25ལྷག་ཙམ་ཟིན་པ་ཞིག་ཡོད་པ་དེ་ཁམས་ཁུལ་གྱི་གནའ་བོའི་མཆོད་རྟེན་ཆེ་ཤོས་གྲས་ཡིན། བོད་ལྗོངས་ཀྱི་གནམ་བདག་མཆོད་ཁང་གཅིག་པུ་ཚྭ་ཁའི་གནམ་བདག་མཆོད་ཁང་དེར་བོད་རིགས་དང་འཇང་རིགས་དད་ལྡན་པ་མང་པོ་ཡོད།

གཞན་ཡང་ཆབ་མདོ་ཁུལ་དུ་གནས་རི་གྲགས་ཅན25ཡོད་པའི་ནང་ནས་འཇོ་མདའ་རྫོང་ཁོངས་ཀྱི་གུ་རུ་ལ་ནི་སློབ་དཔོན་པངྨ་དང་། བདེ་ཆེན་ཆོས་ཀྱི་གླིང་པ། ཀརྨ་པཀྴི་སོགས་པའི་གྲུབ་གནས་སམ་ཞབས་ཀྱིས་བཅག་པའི་གནས་རི་རྩ་ཆེན་ཡིན། ལོ་རེའི་བོད་ཟླ6ཚེས15ཉིན་མང་ཚོགས་དུ་མས་ཉེ་འགྱངས་ལ་མ་བལྟོས་པར་གནས་རི་མཇལ་ལམ་གྱི་གནས་ཁག་མཇལ་བཞིན་གནས་རིར་འབྱོར་རྗེས་རི་བསང་བཏང་སྟེ་ཡུལ་ལུང་དུ་མི་ནད་ཕྱུགས་ནད་མི་ཡོང་བའི་སྨོན་ལམ་འདེབས་པ་དང་། རི་སྒང་གི་བསང་འཐུ་བ། དར་ལྕོག་འཛུགས་པ་སོགས་གང་གི་ཆ་ནས་ཀྱང་བོད་མི་ཚོས་ཆར་ཆུ་བཟང་ལ་མི་ཕྱུགས་བདེ་བའི་རེ་སྨོན་མཚོན་ལ་ཀྲུང་དབྱང་སྲིད་གཞུང་གི་མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས་བོད་དུ་ལག་ལེན་བསྟར་བའི་མཚོན་བྱེད་ཀྱང་ཡིན།

འཕྲེད་རྒྱུག་རི་རྒྱུད་ཀྱི་ས་བབ་དབང་གིས་དམངས་ཁྲོད་དུ་ངོ་མཚར་ཅན་གྱི་བཤད་རྒྱུན་ལྡན་པའི་གནས་རི་དང་བླ་མཚོ་ཡོད། བོད་ཀྱི་ལོ་རྒྱུས་དུ་འཁོད་གསལ་ལྟར་ན། ཁམས་ཁུལ་དུ་གནས་རི་གྲགས་ཅན25ཡོད་པ་དེ་དག་མང་ཆེ་བ་ཆབ་མདོ་ཁུལ་དུ་ཡོད་སྐད།

གཞན་ཡང་ཁམས་ཁུལ་དུ་བྲག་རི་གྲགས་ཅན18ཙམ་ཡོད་པ་ལས་སྟེང་ཆེན་རྫོང་གི་རྩེ་དྲུག་དཔལ་རི་ནི་བོན་པོའི་གནས་རི་ཁྱད་དུ་འཕགས་པ་ཞིག་ཡིན། དེ་མིན་རི་བོ་ཆེའི་བདེ་ཆེན་ཕོ་བྲང་དང་། དཔའ་ཤོད་ཁོངས་ཀྱི་པད་ཆེན་སྐུ་ལྷ་སོགས་གནས་རི་ཤིན་ཏུ་མང་བ་དེ་དག་ཀྱང་ཡུལ་སྐོར་གནང་ཡུལ་བཟང་པོ་ཞིག་ཡིན།


ཆབ་མདོར་གནས་རི་ཙམ་མ་ཟད་བླ་མཚོའང་སྣ་ཚོགས་ཡོད་དེ། དཔའ་ཤོད་ཁོངས་ཀྱི་ར་འོག་མཚོ་ནི་ལྷག་པར་ཡིད་དུ་འོང་བས་ནུབ་ཕྱོགས་བདེ་ལྡན་གྱི་མཚོ་ཞེས་པའི་མིང་ཐོགས། སྨར་ཁམས་ཤར་ལྷོའི་རྒྱུད་ཀྱི་འབུམ་མཚོ་ནི་ཤིན་ཏུ་དྭངས་ལ་མཐའ་ལ་སྤང་ཐང་གིས་བརྒྱན། མཚོའི་དཀྱིལ་དུ་གླིང་ཕྲན་གཉིས་མཆིས་ཤིང་། དེའི་ཐོག་ཆུ་བྱ་དཀོན་རིགས་སྣ་ཚོགས་མཆིས། དཔའ་ཤོད་ཁོངས་ཀྱི་རེའུ་མཚོའི་ཡུལ་ལྗོངས་ཤིན་ཏུ་མཛེས་ཁར་མཚོའི་ནང་དུ་ཆུ་བྱ་དང་ཉ་རིགས་མང་པོ་ཡོད། དཔལ་འབར་གྱི་མཚོ་དཀར་ནག་སེར་གསུམ་གྱིས་ཡིད་དབང་རབ་ཏུ་འཕྲོག་ངེས་པ་མ་ཟད་དེ་ཁུལ་ལྷ་སྒྲུང་གི་བཤད་རྒྱུན་མང་པོའང་རྣ་བར་འཇེབས། ལྷོ་རོང་ཁོངས་ཀྱི་སྒྲོལ་མ་ཉེར་གཅིག་གི་བླ་མཚོར་འབོད་པའི་མཚོ་ཕྲན་དེ་དག་མཁའ་དབྱིངས་ཀྱི་རྒྱུ་སྐར་བཀྲམས་པ་ལྟ་བུའི་ངོ་མཚར་ཆེ་བས་དེ་ལས་བྲལ་མི་སྤྲོ་བའི་སྣང་བ་འཆར་ངེས་ཡིན།


ཆབ་མདོར་ནད་བཅོས་ལ་ཕན་པའི་ཆུ་ཚན་ཡང་སྣ་ཚོགས་ཡོད་དེ། རི་བོ་ཆེའི་གཡས་རུའི་ཆུ་ཚན་དང་། ཁ་རུབ་ཆུས་ཀྱི་ཝ་མེ་ཁའི་ཆུ་ཚན། འཇོ་མདའི་ཆུ་གཉིས་མདོའི་ཆུ་ཚན། སྟེང་ཆེན་གྱི་སྤུ་ཐོག་ཁའི་ཆུ་ཚན། མཛོ་སྒང་གི་སྨད་ཡུལ་གྱི་ཆུ་ཚན་བཅས་ཡོད།

གཞན་ཡང་ད་བར་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་བར་འདས་པའི་ཆབ་མདོའི་མཁར་རོ་ནི་བོད་ཁོངས་སུ་རྙེད་པའི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་ཤུལ་ཡིན་ཞིང་།དཔའ་ཤོད་ཀྱི་བྲག་བརྐོས་ནི་ལོ་དུས་མང་པོ་འདས་ཤིང་། ནང་དོན་ཕུམ་སུམ་ཚོགས་པ་དང་། རྐོ་སྟབས་བདེ་བའི་ཐོག་ནས་གནའ་དུས་ཀྱི་རི་དྭགས་རྔོན་ཚུལ་དང་གཡུལ་འཐབ་ཚུལ་སོགས་བརྐོས་ཡོད། གོ་འཇོའི་ཀོ་བཏུམ་དུར་ཁང་ནི་བོད་ཤར་ཁུལ་གྱི་གནའ་ཤུལ་གལ་ཆེན་ཡིན་ཞིང་། ད་བར་ལོ་ངོ2200འདས། བོན་དགོན་རྩེ་དྲུག་དགོན་པ་བཞེངས་ཆས་ལོ་ངོ་2000ཡན་འདས་ཞིང་། ལོ་ཙཱ་བ་གྲགས་ཅན་བཻ་རོ་ཙ་ན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་རྗེས་བཻ་རོ་ཙ་ནའི་ཕྱག་རྗེས་ཁམས་ཁུལ་མང་པོར་ཁྱབ། སྤྱི་ལོ1100ལོའི་གོང་ནས་བརྐོས་པའི་བྲག་གཡབ་རི་མདའི་བྲག་བརྐོས་ནི་ཁམས་ཁུལ་དུ་བཙན་པོའི་དུས་ཀྱི་བྲག་བརྐོས་སྔ་ཤོས་དང་ཆ་ཚང་ཤོས་ཡིན། སྨར་ཁམས་བྱིས་གྲོངས་ཀྱི་བྱམས་སྐུ་ཆེན་མོར་གནའ་བོའི་བཙན་པོ་དུས་ཀྱི་ཉམས་འགྱུར་ལྡན་ཡོད་པ་རེད།


ཁམས་ཁུལ་རིག་གནས་ཀྱི་ལྟེ་བ་ཆབ་མདོར་སྙན་གྲགས་ཆེ་བའི་སྟེང་ཆེན་གྱི་རལ་པ་དང་། ཆབ་མདོའི་བྲོ། སྨར་ཁམས་ཀྱི་སྒོར་གཞས་བཅས་པ་མ་ཟད་ལོ་རྒྱུས་སྙན་ངག་ཏུ་དྲངས་པའི་གེ་སར་གྱི་སྒྲུང་བྱུང་བ་དང་ཁྱབ་ཡུལ་གཙོ་བོ་ཡང་ཡིན། ཀྲུང་གོའི་གསར་འགྱུར་ལས་རིགས་པས་རྒྱལ་ནོར་དུ་འབོད་པའི་སྒྲུང་པ་བགྲེས་པོ་གྲགས་པ་ནི་དཔལ་འབར་རྫོང་ནས་ཡིན། རི་མོར་ཆ་མཚོན་ན། བོད་ཁུལ་དུ་གྲགས་ཆེ་བའི་ཐང་ག་བཞེངས་སྲོལ་ཁག་གསུམ་ལས་སྟེང་ཆེན་དང་བྲག་གཡབ། གོ་འཇོ་ཁུལ་གྱི་སྨན་རྙིང་ལུགས་དང་། ཁ་རུབ་ཆུས་ཚེར་དབད་རྒྱུད་ཀྱི་སྨན་གསར་ལུགས། ཀརྨ་རྒྱུད་ཀྱི་རྐརྨ་སྒར་ལུགས་བཅས་ཡོད། གཞན་ཡང་བོད་ཁུལ་ཡོངས་སུ་དར་ཁྱབ་ཆེ་བའི་མར་རྒྱན་དང་། འཆམ། གར་སོགས་ཡོད་པ་དེ་དག་ཚང་མ་སྐྱེ་བོ་ཀུན་གྱི་མིག་གི་དགའ་སྟོན་ཡིན། ཁྱད་པར་དུ་ཁམས་པའི་གཡོ་བྲལ་གྱི་གཤིས་ཀ་དང་། དམངས་ཁྲོད་ཀྱི་གཉེན་སྟོན། འདས་མཆོད། ཟས་གོས། དམངས་སྲོལ་གྱི་དུས་ཆེན་སོགས་བབ་ཆགས་པ་དེ་དག་གིས་སྐྱེ་བོའི་དང་བ་ངང་གིས་འདྲེན་པར་བྱེད་དོ།།

སྨན་རྩྭ་ཁག1200ཡོད་པ་ལས་བེད་སྤྱོད་ཐུབ་པ750ལྷག་ཙམ་ཟིན་པ་དེ་དག་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་། སྙི་བ། ལྕུམ་རྩ། མྱང་རྩི་སྤྲས། སྲོ་ལོ་དམར་པོ། ལྕ་བ། ཨ་མི་ཤ། གླང་ཆེན་ཆིག་ཐུབ་སོགས་ཡིན། བོད་སྨན་གྲགས་ཅན་མུ་ཏིག་བདུན་ཅུ་དང་། རིན་ཆེན་མང་སྦྱོར་སོགས་ཁམས་ཀྱི་ཁུལ་ཙམ་མ་ཟད་ལྗོངས་ཕྱི་ནང་ཀུན་ཏུ་གྲགས་པ་ཆེ། རི་དྭགས་ལས་བྱུང་བའི་རྫས་ནི་གླ་རྩི་དང་། ཤ་བའི་ཁྲག་རྭ། གི་ཝང་། གངས་སྦལ་སོགས་གྲངས་ངེས་ཅན་ཡོད། ལྷག་པར་ཆབ་མདོའི་དབྱར་རྩྭ་དགུན་འབུ་ནི་རྡོག་ཆེ་ལ་སེར་ཤས་ཆེ་བ་དང་ནང་དཀར་བས་གང་སར་བྲིན་པོ་ཡོད།


ཆབ་མདོ་ཁུལ་གྱི་མི་རིགས་ཀྱི་ལག་ཤེས་བཟོ་ལས་ནི་བཟོ་རྩལ་རྩེར་སོན་ཞིང་ཁྱད་ཆོས་ཆེ་བས་ཁམས་ཁུལ་དུ་དར་ཁྱབ་ཆེ། ལྷག་པར་རྫ་ཆུའི་སྟོད་རྒྱུད་དང་ཆབ་མདོ་རྫོང་ཁོངས་ཀརྨ་ཁུལ་གྱི་ལག་ཤེས་བཟོ་ལས་ནི་ཁམས་ཁུལ་དུ་གྲགས་པ་ཆེ་བས་ཆབ་མདོའི་ལག་ཤེས་བཟོ་ལས་གོང་དུ་འཕེལ་བའི་ལོ་རྒྱུས་ཀྱི་ལྟེ་གནས་སུ་གྱུར་ཡོད། གནའ་དུས་སུ་དབར་ཁྲི་དང་། གླ་ཁྲི། རླིད་ཐོག བེའུ་རུ་བཅས་པ་ཀརྨ་ཁུལ་ཁོངས་སུ་གཏོགས། ཀརྨ་ཁུལ་གྱི་རི་མོའི་སྐོར་ལ་མ་མཐའ་ཡང་ལོ་རྒྱུས་ལོ་བདུན་བརྒྱ་བརྒྱད་བརྒྱ་ལྷག་ཙམ་ཡོད། དུས་རབས་བཅུ་དྲུག་པའི་དུས་དཀྱིལ་དུ་བཀྲ་ཤིས་རྣམ་གསུམ་བྱུང་བ་སྔོན་མའི་སྨན་ལུགས་དང་། སྨན་གསར་ལུགས་ཀྱི་རྨང་གཞིའི་ཐོག་རྒྱ་ནག་གི་ཞིབ་བྲིས་རི་མོ་གསར་བསྣན་མཛད་དེ་སྒར་བྲིས་ཀྱི་ལུགས་གསར་དུ་གཏོད་པས་ཀརྨ་སྒར་བྲིས་བྱ་བ་བྱུང་སྟེ་བོད་ཀྱི་ཐང་ག་འབྲི་ལུགས་གལ་ཆེན་ཞིག་ཏུ་གྱུར། སྒར་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ནི་ལྷ་སྐུ་ཁམས་གཙང་ཞིང་འབྲི་རྒྱུན་སྙོམས་པ། ཚོན་མདངས་རྣམ་པར་བཀྲ་བས། ན་བཟའི་སུལ་ཤུལ་ཡང་གསལ་པོར་མངོན་ཐུབ། གཞན་ཡང་ལོ་རྒྱུས་ཀྱི་དཔྱད་ཡིག་ཏུ་འཁོད་གསལ་ལྟར་ན། ཀརྨ་སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་ཆོས་ཀྱི་བླ་མའི་དུས་སུ་ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་རྒྱལ་པོས་རྫ་ཆུའི་སྟོད་རྒྱུད་ཀྱི་ས་ཁྱོན་ཆེན་པོ་ཀརྨ་དགོན་གྱི་ཁོངས་སུ་བཙུད། ཀརྨ་བཀའ་བརྒྱུད་པའི་བག་ཆགས་ཆེ་རུ་གཏོང་ཕྱིར་ཀརྨ་སྐུ་ཕྲེང་གཉིས་པས་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ། ལྷ་ས་སོགས་དང་རྒྱ་ནག་ནས་རིམ་པར་བཟོ་བོ་མང་པོ་བསྡུས་ནས་ཀརྨ་ཁུལ་དུ་བཟོ་རིག་དར་རྒྱས་བཏང་། བོད་དང་། རྒྱ། སོག་པོ། འཇང་། བལ་པོ། རྒྱ་གར་བཅས་པའི་བཟོ་བོའི་བློ་གྲོས་ལ་བརྟེན་ནས་ཆབ་མདོ་གྲ་རྒྱས་སུ་བཏང་ཞིང་། ཆོས་ལུགས་དང་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ནོར་མཛོད་དུ་གྱུར་ཏེ་རིམ་བཞིན་ཆབ་མདོ་ཁུལ་གྱི་ལག་ཤེས་བཟོ་ལས་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པར་གྱུར་ཡོད། དེང་སྐབས་ཀརྨ་ཁུལ་དུ་མགར་བཟོ་བརྐོ་དཀྲོལ་མཁན་གྱི་བཟོ་བོ་མང་ཙམ་ཡོད་པ་ཁོང་རྣམ་པས་རང་གི་བློ་གྲོས་དང་ལག་གཉིས་ལ་བརྟེན་ནས་བོད་རིགས་ཀྱི་འཚོ་བ་གྲ་རྒྱས་པོར་འགྱུར་བཞིན་ཡོད། ཁོང་ཚོའི་ལག་རྗེས་དེ་དག་ཆབ་མདོ་ཁུལ་ཙམ་མ་ཟད་མཚོ་སྔོན་དང་།དཀར་མཛེས། རྔ་བ། ཡུན་ནན་བདེ་ཆེན་བཅས་པའི་ཁུལ་དུའང་ཁྱབ་ནས་ཡོད་དོ།།


ཆབ་མདོའི་རྒྱུད་དུ་ནགས་ཚལ་སྟུག་ལ་རྩི་ཤིང་ཕུན་སུམ་ཚོགས་པ་དང་། ཁུལ་དེ་གར་རི་དྭགས་དཀོན་རིགས་གྲངས་ཀྱིས་མི་ལང་བ་ཡོད། ཆབ་མདོ་ཁོངས་སུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་དྭགས་སྣ་ཁ17དང་། རིམ་པ་གཉིས་པའི་རི་དྭགས་སྣ་ཁ54 དེ་མིན་རྒྱུན་དུ་མཐོང་རྒྱུ་ཡོད་པ་སྣ་ཁ400ལྷག རྩི་ཤིང་ལེགས་གྲས་སྣ་ཁ1000ལྷག སྨར་ཁམས་ཀྱི་ལྷུང་ལ་རི་བོའི་སྤྲེའུ་སྤུ་སེར་སྲུང་སྐྱོབ་ཁུལ་དུ་སྤྲེའུ་སྤུ་སེར600ལྷག་ཡོད་པ་དེས་འཛམ་གླིང་གི་སྤྲེའུ་སྤུ་སེར་གྱི་བརྒྱ་ཆ60ཙམ་ཟིན་ཡོད། རི་བོ་ཆེའི་ཤ་བ་སྤུ་རིང་སྲུང་སྐྱོབ་ཁུལ་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ལྟེ་གནས་དུ་སྲུང་བྱའི་རི་དྭགས་དང་གཅན་གཟན་རིགས30ཙམ་ཡོད་པ་དང་། ཤ་བ་སྤུ་རིང1001ལྷག་ཙམ་ཡོད། ཤ་བ་སྤུ་རིང་འདུལ་གསོ་བྱེད་པའི་ཆེད་དུ་ལོ་རབས70པ་ནས་བཟུང་སྟེ་ཁུལ་དེའི་ནགས་སྟེང་ཐང་དུ་བོད་ལྗོངས་ཀྱི་ཤ་བ་སྤུ་རིང་འདུས་ར་དང་པོ་བསྐྲུན་ཡོད།

ཆབ་མདོ་ནས་བར་ཐག་སྤྱི་ལེ40ཆོད་པའི་འབྲུག་རྒྱལ་རིར་འཇར་མན་གྱི་རིགས་གཅིག་མཁས་པས་གནའ་བོའི་ཤུག་སྡོང་མང་པོ་མཐོང་ཞིང་། ཁོང་ཚོས་ཞིབ་འཇུག་བྱས་མཐར་དེ་ཁུལ་གྱི་ཤུག་སྡོང་སྐྱེས་ནས་ལོ་ངོ1200ལྷག་ཙམ་འདས་པའི་ངོས་འཛིན་གནང་ཞིང་། དེས་སྐབས་དེའི་གནམ་གཤིས་ཀྱི་འགྱུར་བ་དང་སྐྱེ་ཁམས་དར་ལུགས་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད། 1976ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་བརྟག་དཔྱད་རུ་ཁག་ཁོངས་གནའ་བོའི་སུག་བཞིའི་སེམས་ཅན་ཚོ་ཆུང་གིས་ཆབ་མདོ་རྫོང་རྟ་གཡེར་ཤང་དུ་འབྲུག་གི་འགྱུར་རྡོ་ཁག5རྙེད་པས་བོད་དུ་དེའི་ཐད་ཀྱི་ཚན་རིག་གི་སྟོང་ཆའི་ཁ་སྐོང་ཐུབ་ཡོད་ལ་ཆབ་མདོ་ཁུལ་གྱི་གནའ་བོའི་ས་གཤིས་དང་གནམ་གཤིས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་བྲལ་བའང་ཡིན་ནོ། །


བོད་རང་སྐྱོང་ལྗོངས།
ལྷ་ས། ཁྲིན་ཀོན་ཆུས།‎ | ལྷུན་གྲུབ་རྫོང་།‎ | འདམ་གཞུང་རྫོང་།‎ | སྙེ་མོ་རྫོང་།‎ | ཆུ་ཤུར་རྫོང་།‎ | སྟོད་ལུང་བདེ་ཆེན་རྫོང་།‎ | སྟག་རྩེ་རྫོང་།‎ | མལ་གྲོ་གུང་དཀར་རྫོང་།
ནག་ཆུ། ནག་ཆུ།‎ | ལྷ་རི་རྫོང་། | འབྲི་རུ་རྫོང་། | གཉན་རོང་རྫོང་། | ཨ་མདོ་རྫོང་།‎ | ཤན་རྩ་རྫོང་། | སོག་རྫོང་། | དཔལ་མགོན་རྫོང་། | སྦྲ་ཆེན་རྫོང་།། | ཉི་མ་རྫོང་། | མཚོ་གཉིས་དོན་གཅོད་ཁྲུའུ།*
ཆབ་མདོ། ཆབ་མདོ་རྫོང་། | འཇོ་མདའ་རྫོང་། | གོ་འཇོ་རྫོང་།‎ | རི་བོ་ཆེ་རྫོང་།‎ | སྟེང་ཆེན་རྫོང་། | བྲག་གཡབ་རྫོང་།‎ | [[དཔའ་ཤོད་རྫོང་]།] | མཛོ་སྒང་རྫོང་།‎ | སྨར་ཁམས་རྫོང་།‎ | ལྷོ་རོང་རྫོང་།‎ | དཔལ་འབར་རྫོང་།‎
ཉིང་ཁྲི། ཉིང་ཁྲི་ས་རྫོང་།‎ | ཀོང་པོ་རྒྱ་མདའ་རྫོང་།‎ | སྨན་གླིང་རྫོང་། | མེ་ཏོག་རྫོང་། | སྤོ་མེས་རྫོང་།‎ | རྫ་ཡུལ་རྫོང་།‎ | སྣང་རྫོང་།‎
ལྷོ་ཁ། སྣེ་གདོང་རྫོང་།‎ | གྲ་ནང་རྫོང་།‎ | གོང་དཀར་རྫོང་།‎ | ཟངས་རི་རྫོང་།‎ | འཕྱོངས་རྒྱས་རྫོང་།‎ | ཆུ་གསུམ་རྫོང་། | མཚོ་སྨད་རྫོང་། | ལྷོ་བྲག་རྫོང་།‎ | རྒྱ་ཚ་རྫོང་།‎ | ལྷུན་རྩེ་རྫོང་།‎ | མཚོ་སྣ་རྫོང་།‎ | སྣ་དཀར་རྩེ་རྫོང་།‎
གཞིས་ཀ་རྩེ། གཞིས་ཀ་རྩེ།‎ | རྣམ་གླིང་རྫོང་།‎ | རྒྱལ་རྩེ།‎ | དིང་རི་རྫོང་།‎ | ས་སྐྱ་རྫོང་།‎ | ལྷ་རྩེ་རྫོང་།‎ | ངམ་རིང་རྫོང་།‎ | བཞད་མཐོང་སྨོན་རྫོང་།‎ | པ་སྣམ་རྫོང་།‎ | རིན་སྤུངས་རྫོང་།‎ | ཁང་དམར་རྫོང་།‎ | གདིང་སྐྱེས་རྫོང་།‎ | འབྲོང་པ་རྫོང་།‎ | གྲོ་མོ་རྫོང་།‎ | སྐྱིད་གྲོང་རྫོང་།‎ | གཉའ་ལམ་རྫོང་།‎ | ས་དགའ་རྫོང་།‎ | གམ་པ་རྫོང་།‎
མངའ་རིས། སྒར་རྫོང་།‎ | སྤུ་ཧྲེང་རྫོང་།‎ | རྩ་མདའ་རྫོང་།‎ | རུ་ཐོག་རྫོང་།‎ | དགེ་རྒྱས་རྫོང་།‎ | སྒེར་རྩེ་རྫོང་།‎ | མཚོ་ཆེན་རྫོང་།‎