Jump to content

ཨ་ཧྥུའུ་རྒན་སི་ཐན།

ཡོང་ཁུངས་Wikipedia
ཨ་ཕུ་ཧན ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
ཨབ་གྷན་སི་ཐན་གྱི་ས་ཁྲ།

ཨ་ཧྥུའུ་རྒན་སི་ཐན་ནི་ཨེ་ཤེ་ཡ་ཀྱི་རྒྱལ་ཁབ་ཡིན། དེའི་རྒྱལ་ས་ཁ་པུལ་རེད། ལོ་ཙཱའི་དབང་གིས་གཤམ་ལ་ཨབ་གྷན་སི་ཐན་ཞེས་འབོད།

ཨབ་གྷན་རྒྱལ་དར་གྱི་དབུས་སུ་སྔ་རབས་ཀྱི་རྒྱལ་ཡོངས་མཚོན་རྟགས་དང་ར་ཐིག་ཁ་དོག་སྣ་གསུམ་ལྡན་ཡོད། རྒྱལ་དར་ནི། སྤྱི་ལོ༢༠༡༣ལོའི་ཟླ༨པའི་ཚེས༡༩ཉིན་འདེམ་སྒྲུག་བྱས། རྒྱལ་དར་སྟེང་གི་ཚོན་མདོག་ནག་པོ་དེ་ཡིས་དུས་རབས༡༩པའི་ནང་དཀའ་རྙོག་མཚོན་པ་དང་། ཚོན་མདོག་དམར་པོས་རང་བཙན་ཆེད་དུ་ཚེ་སྲོག་འབུལ་མཁན་གྱི་ཁྲག་མཚོན། དེ་བཞིན་ཚོན་མདོག་ལྗང་ཁུ་ཡིས་མ་འོངས་པའི་ཨབ་གྷན་གྱི་རེ་བ་དང་འཕེལ་རྒྱས་མཚོན་གྱིན་ཡོད།

ཞིང་ཆེན་སོ་བཞི

[རྩོམ་སྒྲིག]
  • ཁན་དྷ་ཧར་མངའ་སྡེ།
  • གྷ་གཟི་ནས་མངའ་སྡེ།
  • གྷོར་མངའ་སྡེ།
  • ཏ་ཁར་མངའ་སྡེ།
  • དྷ་ཡས་ཁོན་དྷས་མངའ་སྡེ།
  • ནེམ་རུ་གཟས་མངའ་སྡེ།
  • ཕག་ཐས་ཀ་མངའ་སྡེ།
  • ཧྥར་ཡབ་མངའ་སྡེ།
  • བྷ་ལན་མངའ་སྡེ།
  • བྷ་མས་ཡན་མངའ་སྡེ།
  • བྷ་སྒྲི་གྷེ་སི་མངའ་སྡེ།
  • བྷལ་ཁུ་མངའ་སྡེ།
  • སར་ཨེ་ཕོལ་མངའ་སྡེ།
  • ས་མན་གྷན་མངའ་སྡེ།
  • གཟའ་བྷོལ་མངའ་སྡེ།
  • ཧི་ར་ཋི་མངའ་སྡེ།
  • ཧེལ་མེན་ཌི་མངའ་སྡེ།
  • ཨོ་རུ་གཟི་གྷན་མངའ་སྡེ།

མཐའ་འཁོར་རྒྱལ་ཁབ།

[རྩོམ་སྒྲིག]

ཨབ་གྷན་སི་ཐན་ནི་ལྷོ་ཕྱོགས་ཨེ་ཤ་ཡའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་དེའི་ཁྱིམ་མཚེས་རྒྱལ་ཁབ་ནི་ལྷོ་ཤར་དུ་ཕ་ཀི་སི་ཐན་དང་ནུབ་རྒྱུད་དུ་ཨི་རན། བྱང་རྒྱུད་དུ་ཏུར་མེན་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན། ཐ་ཇིག་སི་ཐན། བྱང་ཤར་དུ་ཀྲུང་གོ་བཅས་ཡིན། རྒྱལ་ཁབ་དེ་ནི་ལྷོ་རྒྱུད་དང་ཤར་ཨེ་ཤ་ཡ། དབུས་ཤར་སོགས་ཀྱི་ཚོང་ལམ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ས་ཁུལ་དེ་ལ་གོང་མའི་རྒྱལ་ཁབ་མང་པོ་བཟོས་ཡོད་ཅིང་གོང་མ་ཚོས་ཨབ་གྷན་དང་དེའི་ཉེ་བའི་རྒྱལ་ཁབ་གཞན་ལ་ཚོང་ལམ་བཟོས་ཡོད། ཨབ་གྷན་ནི་སྔ་མོ་དར་ལམ་གྱི་འགྲམ་དུ་ཡོད་པས་ལུང་པ་དེའི་ནང་རིག་གཞུང་འདྲ་མིན་ཡང་དར་ཁྱབ་བྱུང་ཡོད། ལོ་ངོ་སྟོང་ཕྲག་བརྒྱད་ཙམ་གྱི་སྔོན་དུ་ཨབ་གྷན་ནི་འཛམ་གླིང་ནང་ཆོས་ལུགས་དང་ཚོང་ལས་སོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཞིང་། སྐབས་རེར་ཨེ་ཤ་ཡ་ནང་ཆབ་སྲིད་དང་རིག་གཞུང་དབང་སྒྱུར་བྱས་མྱོང་ཡོད།

ཕྱིས་སུ་རྒྱལ་ཁབ་དེའི་ནང་ལོ་མང་རིང་དམག་འཁྲུག་གི་རྐྱེན་པས་ཁོར་ཡུག་དང་དཔལ་འབྱོར་སོགས་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པ་དང་། རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚོང་འབྲེལ་ལ་ཡང་གནོད་སྐྱོན་ཆེན་པོ་བཏང་ཡོད། རྒྱལ་ཁབ་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༦༥༢,༢༣༠ཙམ་ཡོད་པ་དང་མི་འབོར་ས་ཡ༣༠ཙམ་ཡོད། མི་འབོར་ས་ཡ༣ཙམ་ཁྱིམ་མཚེས་རྒྱལ་ཁབ་ཕ་ཀི་སི་ཐན་དང་ཨི་རན་སོགས་ལ་སྐྱབས་བཅོལ་དུ་ཡོད། རྒྱལ་ཁབ་ཀྱི་རྒྱལ་སའམ་གྲོང་ཁྱེར་ཆེ་ཤོས་ལ་ཁ་པུལ་ཟེར་ཞིང། སྤྱི་ལོ༢༠༡༡ལོར་གྲོང་ཁྱེར་དེའི་ནང་མི་གྲངས་ས་ཡ༣ལྷག་ཙམ་གནས་སྡོད་བྱེད་ཀྱིན་ཡོད་འདུག

ལོ་རྒྱུས།

[རྩོམ་སྒྲིག]

སྤྱི་ལོ༡༨༠༠ལོའི་ནང་ཨབ་གྷན་ནི་རྒྱ་གར་དབྱིན་ཇི་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་བར་གྱི་ས་ཁུལ་ཞིག་ཆགས་ཡོད་པ་དང་། ཨབ་གྷན་ནང་རྒྱ་གར་དབྱིན་ཇི་ཡིས་གོ་གནས་བཟུང་ཡོད་ཅིང་ཨུ་རུ་སུ་ལ་སྡིག་སྐུལ་བཏང་། དབྱིན་ཇི་ཡིས་ཨབ་གྷན་དེ་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་བཟོ་རྒྱུ་དང་ཨུ་རུ་སུ་སྔོན་སྐྱོད་དུ་འགོག་ཐབས་བྱས། སྤྱི་ལོ༡༨༣༩ལོ་ནས༡༨༤༢ལོ་དང་། ༡༨༧༨ལོ་ནས༡༨༨༠ལོའི་བར་དུ་ཨབ་གྷན་དང་དབྱིན་ཇི་བར་དམག་འཁྲུག་བྱུང།  ཨབ་གྷན་གྱི་དམག་ཆེན་གསུམ་པའི་རྗེས་ཏེ། སྤྱི་ལོ༡༩༡༩ལོར་ཨབ་གྷན་ས་ཁུལ་དེ་རྒྱལ་པོ་ཨ་མཱ་ནུ་ལ་ཡིས་དབང་དུ་བསྡུས་པ་དང་ས་ཁུལ་དེ་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཏུ་ཆགས། སྤྱི་ལོ༡༩༢༦ལོར་ཨབ་གྷན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་རྗེས་མཐུན་གྱི་རྒྱལ་པོའི་སྲིད་དབང་གཏན་འབེབས་བྱས་ཡོད། སྤྱི་ལོ༡༩༣༤ལོའི་ཟླ༩པའི་ཚེས༢༧ཉིན་ཛ་ཧིར་སཱ་ཡིས་རྒྱལ་སྲིད་སྐྱོང་བའི་དུས་དེར་ཨན་གྷན་རྒྱལ་ཁབ་རྒྱལ་ཡོངས་མཐུན་ཚོགས་སུ་མཉམ་ཞུགས་བྱས། སྤྱི་ལོ༡༩༧༣ལོར་ཆབ་སྲིད་ཀྱི་རྩོད་རྙོག་ལངས་པ་དང་རྒྱལ་པོ་གནས་བྱུང་བཏང་། རྒྱལ་ཁབ་ཀྱི་འགོ་ཁྲིད་གསར་པས་རྒྱལ་པོའི་སྲིད་དབང་མཇུག་བསྡུས་ཤིང་ཨབ་གྷན་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་བཟོས། སྤྱི་ལོ༡༩༧༨ལོར་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་དམར་ཤོག་ཚོགས་པ་ཞིག་གིས་ཨབ་གྷན་སྲིད་གཞུང་དབང་བསྒྱུར། སྐབས་དེར་རྒྱལ་ཁབ་ནང་ཁུལ་རྩོད་རྙོག་བྱུང་བས་མི་དམངས་ཀྱི་གྱེན་ལངས་འགོ་བཙུགས། ཨབ་གྷན་གཞུང་གིས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ལ་དམག་གི་མཐུན་འགྱུར་རེ་བ་བྱས་ཡོད་ཀྱང་། གོ་སྐབས་དེ་དང་བསྟུན་ནས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱིས། ༡༩༧༩ལོའི་ཟླ༡༢པའི་ནང་ཨབ་གྷན་བཙན་འཛུལ་བྱས། ཨབ་གྷན་གྱི་མི་དམངས་མང་པོས་རྒྱལ་ཁབ་ནང་སོ་ཝེ་ཏ་ལྷན་ཚོགས་ལ་ཁ་གཏད་བྱས། ཁ་ཆེ་མུ་ཇཱ་ཧི་དེན་དམག་དཔུང་གིས་སོ་ཝེ་ཏ་ལྷན་ཚོགས་དང་ཨབ་གྷན་སྲིད་གཞུང་ལ་ཁ་གཏད་དུ། ཁྱིམ་མཚེས་རྒྱལ་ཁབ་ཕ་ཀི་སི་ཐན་ནང་དུ་ལོ་ངོ་བཅུ་ཕྲག་ལྷག་རིང་དམག་སྦྱོང་བྱས། དེ་བཞིན་ཨ་རིའི་སྲིད་གཞུང་དང་སོ་ཝེ་ཏ་ལྷན་ཚོགས་ལ་ཁ་གཏད་ཀྱི་རྒྱལ་ཁབ་ཚོས་མུ་ཇཱ་ཧི་དེན་དམག་དཔུང་ལ་རོགས་སྐྱོར་བྱས། སྐབས་དེའི་དམག་འཁྲུག་ཁྲོད་དུ་ཨབ་གྷན་མི་དམངས་ས་ཡ་ལྷག་བསད་ཡོད་པ་དང་། སོ་ཝེ་ཏ་ལྷན་ཚོགས་ཀྱི་དམག་མི༡༥,༠༠༠ཙམ་ཡང་རང་སྲོག་ཤོར་ཡོད། ཨབ་གྷན་གྱི་མི་དམངས་ས་ཡ་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཕ་ཀི་སི་ཐན་དང་ཨི་རན་དུ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་། མཐར༡༩༨༩ལོར་སོ་ཝེ་ཏའི་དམག་དཔུང་དམག་འཁྲུག་ནས་ཕྱིར་འཐེན་བྱས།

སོ་ཝེ་ཏ་ལྷན་ཚོགས་ཨབ་གྷན་ནས་ཐོན་པའི་རྗེས་སུ། ཁྱིམ་མཚེས་རྒྱལ་ཁབ་ཕ་ཀི་སི་ཐན་དང་ཨི་ཪན་གཉིས་ཀྱིས་རྒྱབ་སྐྱོར་འོག་ཨབ་གྷན་དམག་དཔོན་ཚོས་རྒྱལ་ཁབ་དབང་བསྒྱུར་གྱི་འཐབ་རྩོད་འགོ་བཙུགས་ཤིང་། སྐབས་དེར་ཏ་ལེ་བྷན(Taliban)ཤོག་ཁག་ཅིག་གསར་དུ་ཐོན། སྤྱི་ལོ༡༩༩༠ལོར་ཏ་ལེ་བྷན་ཤོག་ཁག་གིས་ཨབ་གྷན་སིན་ཐན་གྱི་ས་ཁུལ་བརྒྱ་ཆ༩༥%ཙམ་མངའ་འོག་ཏུ་བསྡུས། ཨབ་གྷན་གྱི་བྱང་རྒྱུད་དུ་ཡོད་པའི་བྱང་ཕྱོགས་མནའ་འབྲེལ་ཚོགས་པས་མུ་མཐུད་ནས་ཏ་ལེ་བྷན་གྱི་ཁ་གཏད་དུ་དམག་འཛིང་བྱས། ཏ་ལེ་བྷན་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཕ་ཀི་སི་ཐན་དང་ས་དི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོགས་པ་ཁོ་ན་མ་གཏོགས། གཞན་རྒྱལ་ཁབ་ཚང་མས་ཏ་ལེ་བྷན་གྱི་སྲིད་དབང་ལ་ངོས་ལེན་མ་བྱས། ཏ་ལེ་བྷན་ཤོག་ཁག་ཀྱང་རྒྱལ་ཁབ་དེ་དག་ལ་ཁྲོས་ཏེ། དྲག་སྤྱོད་པ(Osama Bin Laden)ཨོ་སཱ་མ་བྷིན་ལ་ཏིན་དང་། ཨལ་ཀ་ཊ(al-Qaeda)འཇིགས་སྐུལ་རིང་ལུགས་པ་ཚོ་ཨབ་གྷན་ནང་སྡོད་ཆོག་པའི་རང་དབང་སྤྲད་ཡོད། སྤྱི་ལོ༢༠༡༠ལོའི་ཟླ༩པའི་ནང་ཨ་རིའི་ཕྱོགས་ནས་ཨོ་སཱ་མ་བྷིན་ལ་ཏིན་འཛམ་གླིང་ཚོང་འབྲེལ་ལྟེ་གནས། ཐོག་བརྩེགས་གཉིས་པོ་དེ་གཏོར་མཁན་གྱི་ཇུས་འགོད་པ་ལྟེ་བ་དེ་ཡིན་པ་བརྗོད་ཡོད་ཀྱང་ཏ་ལེ་བྷན་གྱིས་ཁས་ལེན་མ་བྱས། སྤྱི་ལོ༢༠༠༡ལོའི་ཟླ༡༠པའི་ནང་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཀྱིས་ཨལ་ཀ་ཊ(al-Qaeda)ཡི་འགོ་གཙོ་ཨོ་སཱ་མ་བྷིན་ལ་ཏིན་ཡོད་པའི་ས་ཁུལ་དུ་འབར་མདེལ་གཡུགས་ཡོད། དེ་ནས་ཟླ་བ་འགའ་ཞིག་ནང་ཏ་ལེ་བྷན་གྱིས་གྲོང་ཁྱེར་ཀཱ་བྷུལ(Kabul)དོར་དགོས་བྱུང་བ་དང་སྦྲགས། ཧཱ་མི་ཌི་ཀར་ཛ་ལགས་ཀྱིས་སྲིད་གཞུང་གསར་པའི་དབང་ཆ་བཟུང་། འོན་ཀྱང་། ཨ་རི་དང་ཏ་ལེ་བྷན་གཉིས་ཀྱི་བར་དུ་མུ་མཐུད་ནས་དམག་འཁྲུག་བྱས། ཁྱིམ་མཚེས་རྒྱལ་ཁབ་ཕ་ཀི་སི་ཐན་ནས་ཏ་ལ་བྷན་དྲག་སྤྱོད་པ་ཚོ་ཨབ་གྷན་ནང་འཛུལ་བ་དང་། ཨབ་གྷན་གྱིས་ཕ་ཀི་སི་ཐན་གྱི་དམག་མི་ཏ་ལ་བྷན་གྱི་རྒྱབ་ཏུ་ཡོད་པ་སྐྱོན་འཛུགས་བྱས་ཀྱང་། ཕ་ཀི་སི་ཐན་གྱིས་ངོས་ལེན་མ་བྱས་པ་དང་ཁོང་ཚོས། ཨབ་གྷན་སྲ་བརྟན་ནི་ང་ཚོ་ཕ་ཀི་སི་ཐན་རང་ཉིད་ཀྱི་ཁེ་ཕན་ཞིག་ཡིན་བཅས་བརྗོད་ཡོད།

སྤྱི་ལོ༢༠༠༥ལོའི་ཟླ༡༢པའི་ནང་སྲིད་འཛིན་ལོ་ཧཱ་མི་ཌི་ཀར་ཛཱ་ལགས་དམངས་གཙོའི་ལམ་ནས་འོས་འདེམ་བྱས་པའི་ཨབ་གྷན་གྱི་སྲིད་འཛིན་ཐེངས་དང་པོ་དེ་ཆགས་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བཙུགས་པའི་ཚོགས་པ་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས(NATO)ཀྱིས་ཨབ་གྷན་གྱི་དམག་སྡེ་དང་གཞུང་གི་སྒྲིག་འཛུགས། སློབ་གྲྭ་དང་སློབ་ཆེན་ཁག་གསར་འཛུགས་བྱས། ད་དུང་བུད་མེད་ཀྱི་ཐོབ་ཐང་དང་ཤེས་ཡོན། ལས་རིགས་སོགས་གོང་འཕེལ་དུ་བཏང་། ཨབ་གྷན་གྱི་བུད་མེད་མང་པོ་ཆབ་སྲིད་པ་དང་བློན་ཆེན་གྱི་ཕྱག་ལས་གནང་བཞིན་ཡོད་ཅིང་། ཚོང་པ་དང་དམག་མི། ཉེན་རྟོག་པའི་བྱ་བ་གཉེར་མཁན་ཡང་ཡོད།  སྤྱི་ལོ༢༠༡༢ལོར་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་ཀྱིས་མ་འོངས་པ་སྟེ། ༢༠༡༤ཡི་རྗེས་སུ་ལོ་ངོ་བཅུ་ཕྲག་གི་རིང་ཨབ་གྷན་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་ཤིང་། ད་སྐབས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྔར་ལས་དར་ཞིང་རྒྱས་བཞིན་པ་དང་རྒྱལ་སྤྱིའི་འབྲེལ་ལམ་ཡང་ཇེ་བཟང་དུ་ཕྱིན་ཡོད།

སྲིད་གཞུང་།

[རྩོམ་སྒྲིག]

ཨབ་གྷན་སི་ཐན་ནི་དམངས་གཙོའི་རྒྱལ་ཁབ་གསར་པ་ཞིག་ཡིན་ལ། དེའི་རྩ་ཁྲིམས་གསར་པའི་འོག་ལོ་ལྔ་རེར་སྲིད་གཞུང་གི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་འོས་འདེམ་བྱེད་ཀྱི་ཡོད།རྒྱལ་སྤྱིའི་སྲུང་སྐྱོབ་དམག་དཔུང་མཐུན་འགྱུར་ཚོགས་པ(ISAF)ཡིས་རྒྱལ་ཁབ་གསར་འཛུགས་དང་སྲིད་གཞུང་རྒྱུན་སྐྱོང་ཐད་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱས། ཏ་ལེ་བྷན་དང་སྲིད་གཞུང་གཉིས་ཀྱི་བར་དུ་ད་དུང་ཡང་མང་ཚོགས་ཀྱི་སྲི་ཞུ་དང་རྒྱལ་ནང་གི་བདེ་འཇགས་སོགས་ལ་དཀའ་ངལ་འཕྲད་ཀྱིན་ཡོད།

སྐད་ཡིག

[རྩོམ་སྒྲིག]

ཨབ་གྷན་ནི་སྐད་ཡིག་སྣ་ཚོགས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་དེ་ལ་གཞུང་འབྲེལ་གྱི་སྐད་ཡིག་གཉིས་ཡོད་པ་ནི་ཕ་ཤི་ཏོ་དང་དྷ་རི་གཉིས།  དེ་བཞིན་རྒྱལ་ཁབ་དེའི་མངའ་ཁུལ་དུ་གཞན་གྱི་སྐད་ཡིག་ཨུ་ཛ་བྷིག་དང་ཏུག་མེན། བྷ་ལ་ཆི། ཕ་ཤི་ཡི། ནུ་རིས་ཏ་ནི་སྐད་ཡིག་བཅས་དང་། གྲངས་ཉུང་མི་རིགས་སྐད་ཡིག་ཧིན་དྷི་ཨུ་དྷུ་དང་། པཱ་ཇབ། ཨ་ཤི་ཀུ་ནུ། ཀམ་ཀཱ་ཏ་ཝ་རེ། ཝ་སི་ཝ་རི། ཀཱ་ལ་ཤཱ་ཨ་ལཱ་སོགས་ཡོད།   སྐད་རིགས་སྨྲ་བ་ཧཱ་རལ་ཌོ་ལགས་ཀྱིས་ཨབ་གྷན་ནི་སྐད་ཡིག་མ་འདྲ་བ༤༠ཙམ་དང་ཡུལ་སྐད་མ་འདྲ་བ༢༠༠ཙམ་གྱི་ཁྱིམ་ཚང་ཞིག་ཡིན་ཞེས་བརྗོད་ཡོད།

ས་ཁམས་དང་གནམ་གཤིས།

[རྩོམ་སྒྲིག]

ཨབ་གྷན་སི་ཐན་ལ་རི་བོ་ཧི་མ་ལ་ཡ་དང་ཧིན་དྷུ་ཁུ་ཤི་རི་བོ། ནོ་ཤག་རི་བོ་སོགས་རི་བོ་མང་པོ་ཡོད་པ་དང་། རན་ཇིས་ཐན་བྱེ་ཐང་ཡང་ས་ཁུལ་དེའི་ཆ་ཤས་ཤིག་ཡིན། ས་ཁུལ་དེར་དབྱར་ཁར་ཚ་བ་ཆེ་བ་དང་དགུན་ཁར་གནམ་གཤིས་གྲང་། སྐབས་རེར་ས་ཁུལ་དེར་ཆུ་མེད་པ་དང་བྱེ་མའི་རླུང་འཚུབ་སོགས་ཀྱི་རྐྱེན་པས་ཞིང་པ་ཚོ་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད། རྒྱལ་ཁབ་དེ་ལ་རིན་ཐང་ལྡན་པའི་རྡོའི་ནོར་བུ་མང་པོ་ཡོད་ལ་དེ་ལ་ལཱ་ཕིས་ལཱ་ཛུ་ལི་ཟེར། ནོར་བུ་དེ་ཨེ་ཅིབ་ཀྱི་རྒྱལ་པོ་ཏུ་ཐན་ཁ་མིན་གྱི་བང་སོ་ལ་རྒྱན་སྤྲས་བྱས་མྱོང་ཡོད།

སྲོག་ཆགས་དང་རྩི་ཤིང་།

[རྩོམ་སྒྲིག]

ཨབ་གྷན་སི་ཐན་ལ་སྲོག་ཆགས་རིགས་འདྲ་མིན་ཡོད་པ་ནི། གཟིག་དང་གངས་གཟིག སྤྱང་ཀི ཝ་མོ། དོམ། ཁྱི་སྤྱང་། ར། དགོ་བ། ཁྱི་རྒོད། རྔ་མོང་། ཞི་རྒོད། སྟག་བཅས་དང། ད་དུང་བྱ་དང་བྱེའུ་སྣ་ཚོགས་ཡོད་ཅིང་ཁྲ་དང་བྱ་རྒོད། སྤྲེའུ་མེ་ཀ ཐང་ལི་སོགས་ཀྱང་ཡོད། ཨབ་གྷན་ནང་ལོ་མང་རིང་དམག་འཁྲུག་གིས་རྐྱེན་པས་སྲོག་ཆགས་མང་པོ་ཤི་ཡོད་པ་དང། སྔར་ལུང་པ་དེའི་ནང་སྟག་གཟིག་མང་པོ་མཐོང་རྒྱུ་ཡོད་ཀྱང་ད་སྐབས་ཧ་ལམ་མཐོང་རྒྱུ་མེད། དེ་བཞིན་དོམ་དང་སྤྱང་ཀི་ཡང་མེད་པ་ཆགས་ཡོད། ལུང་པ་དེར་རྩི་ཤིང་རིགས་མི་འདྲ་བ་ཡོད་པ་ནི། ཐང་ཤིང་དང་སྒྲོན་ཤིང་། བེ་ཤིང་། སྟར་སྡོང་། ཤིང་སྟག སྐྱུ་རིའི་སྡོང་པོ་སོགས་ཡོད། འོན་ཀྱང་། ཨབ་གྷན་གྱི་ལྷོ་ཕྱོགས་ས་ཁུལ་དུ་ས་ཆ་སྐམ་ཞིང་རྩི་ཤིང་ཉུང་།

མི་རིགས་དང་རིག་གཞུང་།

[རྩོམ་སྒྲིག]

ཨབ་གྷན་སིན་ཐན་ནི་རིག་གཞུང་འདྲ་མིན་ཡོད་པའི་སྤྱི་ཚོགས་ཤིག་ཡིན་པ་དང་། མི་རིགས་དེ་དག་ལས་ཆེ་གྲགས་ཆེ་བའི་མི་རིགས་ལ་པ་ཤི་ཊོན་ཟེར་ཞིང་། ཨབ་གྷན་སིན་ཐན་གྱི་མི་འབོར་ཕྱེད་ཀ་ཙམ་དེའི་མི་རིགས་ཡིན་འདུག དེ་བཞིན་རྒྱལ་ཁབ་དེའི་མི་རིགས་ཆེ་ཤོས་གཉིས་པ་དེ་སྔར་ཨ་རབ་ནས་སླེབས་པའི་ཏ་ཇིག་མི་རིགས་ཡིན་ཞིང། དུས་རབས༢༠ཡི་སྔོན་དུ་མི་རིགས་དེ་ལ་སཱར་ཏ་མི་རིགས་ཟེར། ཡང་མི་རིགས་ཆེ་ཤོས་གསུམ་པ་དེ་ལ་ཧཱ་ཛ་རཱས་ཟེར་བ་དང་ཁོང་ཚོ་དབུས་ཨབ་གྷན་གྱི་ས་ཁུལ་དུ་འཚོ་སྡོད་བྱེད་ཀྱིན་ཡོད། ད་དུང་རྒྱལ་ཁབ་དེའི་ནང་མི་རིགས་གཞན་ཁག་ནི་ཨ་མག་མི་རིགས་དང་ཨུ་ཛི་བེག་མི་རིགས། ཏིར་མེན་མི་རིགས། ནུ་རིས་ཐན་མི་རིགས། པཱ་ཤ་ཡི་མི་རིགས་བཅས་ཡིན།

ཆོས་ལུགས།

[རྩོམ་སྒྲིག]

ཨབ་གྷན་ནི་ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་དེའི་མི་འབོར་བརྒྱ་ཆ༩༩.༧%ཙམ་གྱིས་ཁ་ཆེའི་ཆོས་ལུགས་པ་ཡིན། ཨབ་གྷན་གྱི་མི་འབོར་བརྒྱ་ཆ༩༠ཙམ་གྱིས(Sunni Islam)སོ་ནི་ཁ་ཆེའི་རྗེས་འབྲང་བ། ལྷག་མ་རྣམས་ཁ་ཆེའི་ཆོས་ལུགས་བྱེ་བྲག་པ་སཱ་སི་ཁ་ཆེ(Shias)རྗེས་འབྲང་བ་ཡིན་འདུག ད་དུང་གྲངས་ཉུང་མི་རིགས་ཉུང་ངུ་ཞིག་ཧིན་དྷུ་དང་སི་ཁི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཡང་ཡོད་འདུག

སྒྱུར་མཁན། ནོར་བུ།  མཐོ་བོད་འཕྲིན་སྟེགས་ནས་དྲངས།


ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]