ཨུ་རུ་སུ།

ཡོང་ཁུངས་Wikipedia
རྒྱལ་དར།

ཨུ་རུ་སུ་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཨུ་རུ་སུ་ཞེས་འབོད་པ་ནི་ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་གི་བྱང་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་1707.54ཡོད། ཨུ་རུ་སུ་ནི་ཨེ་ཤ་ཡ་དང་ཡོ་རོབ་གླིང་སྟེ་གླིང་ཆེན་གཉིས་བརྒལ་བའི་འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ལ། ལོ་རྒྱུས་སྨྲ་བ་དག་གིས་ད་ལྟའི་ཨུ་རུ་སུའི་ཡབ་མེས་ནི་ཤར་མའི་སི་ལ་ཧྥུའུ་ཡི་མི་ཡིན་པར་བཞེད། མི་གྲངས་ཆེས་མང་ཞིང་དཔལ་འབྱོར་འཕེལ་རྒྱས་ཆེས་མགྱོགས་པའི་གྲོང་ཁྱེར་མང་པོ་ཞིག་ཝོ་ལར་རི་རྒྱུད་ནུབ་ཕྱོགས་ཀྱི་ཡོ་རོབ་གླིང་དུ་ཡོད་པས་ཀུན་གྱིས་གཅིག་མཐུན་གྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད། ཨུ་རུ་སུའི་སྤྱིའི་ས་དབྱིབས་ནི་ནུབ་དམའ་ཞིང་ཤར་མཐོ་བ། གཙོ་བོ་ཡོ་རོབ་ཤར་རྒྱུད་ཀྱི་རྩྭ་ཐང་དང་ཝོ་ལར་རི་རྒྱུད། ཞི་པའོ་ལི་ཡའི་ཤར་མའི་བདེ་ཐང་། ཞི་པའོ་ལི་ཡ་བར་མའི་མཐོ་སྒང་། ཡ་པའོ་ལོ་ནོའོ་ཧྥུ་རི་རྒྱུད། ཆེར་སི་ཅི་རི་རྒྱུད་བཅས་ཀྱིས་གྲུབ། ཨུ་རུ་སིའི་ས་རྒྱ་ཆེ་ཞིང་རང་བྱུང་གཏེར་ཁུངས་ཕུན་སུམ་ཚོགས་པར་མ་ཟད། འཛམ་གླིང་སྟེང་གི་ནགས་ཚལ་ཁེབས་རྒྱ་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་འདིའི་བཟོ་ལས་འཕེལ་རྒྱས་ཀྱི་འགྲོས་མགྱོགས་ཤིང་འཐུས་ཚང་བའི་བཟོ་ལས་མ་ལག་གྲུབ་ཡོད་ལ། ས་བབ་དང་གནམ་གཤིས་ཀྱི་དབང་གིས་ལོ་རེའི་ཆར་འབབ་ཚད་ཉུང་ལ་ལྟོས་བཅས་ཀྱིས་ཞིང་ལས་འཕེལ་རྒྱས་ཀྱི་འགྲོས་དལ་བ་དང་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་མི་འདང་པའི་གནས་ཚུལ་ཡོད།


ཧྥུའུ་ཨེར་ཅ་གཙང་པོ་ནི་ཨུ་རུ་སུའི་ནུབ་བྱང་ཁུལ་དུ་གནས་ཤིང་། གཙང་པོ་འདིའི་སྤྱིའི་རིང་ཚད་ལ་སྨི་36900ཡོད་པ་དང་ཡོ་རོབ་གླིང་གི་ཆེས་རིང་བའི་གཙང་པོ་ཡིན་པར་མ་ཟད་འཛམ་གླིང་གི་ཆེས་རིང་བའི་ནང་བཞུར་གཙང་པོར་ངོས་འཛིན་བྱེད། ཧྥུའུ་ཨེར་ཅ་གཙང་པོས་ཨུ་རུ་སུའི་རྒྱལ་དམངས་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བའི་ཐད་ལ་ཕན་ནུས་གལ་ཆེན་འདོན་བཞིན་ཡོད་གཤིས་ཨུ་རུ་སུའི་མིས་དེ་ལ་མ་ཡུམ་གཙང་པོ་ཞེས་འབོད། གཙང་པོ་འདི་ནི་ཡོ་རོབ་ཤར་རྒྱུད་ཀྱི་ཝེར་ཏེ་ཡི་དེའུ་འབུར་མང་པའི་མཚེའུ་ཚོགས་ཡིན་ལ། ནགས་ཚལ་ཁུལ་དང་ནགས་ཚལ་རྩྭ་ཐང་ཁུལ། རྩྭ་ཐང་ཁུལ་བཅས་བརྒྱུད་ཅིང་། གཙང་པོའི་འགྲམ་རྒྱུད་དུ་ཁྱོན་བསྡོམས་མི་གྲངས་ཁྲི་6450འཚོ་སྡོད་བྱས་ཡོད་པ་དང་དེས་ཨུ་རུ་སུ་སྤྱིའི་མི་གྲངས་ཀྱི་43%ཟིན། ཧྥུའུ་ཨེར་ཅ་གཙང་པོས་ཨུ་རུ་སུའི་རིག་གནས་དང་ལོ་རྒྱུས། དཔལ་འབྱོར་བཅས་ཀྱི་འཕེལ་རྒྱས་ལ་ཕན་ནུས་ཆེན་པོ་ཐོན་པས་ཨུ་རུ་སུའི་མིའི་སེམས་སུ་གཙང་པོ་འདིར་གོ་གནས་གལ་ཆེན་ཟིན་ཡོད།


ཨུ་རུ་སུས་མཁའ་སྐྱོད་ལས་དོན་གྱི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་དེ། སྤྱི་ལོ་1957ལོའི་ཟླ་10བར་འཛམ་གླིང་གི་ཆེས་ཐོག་མའི་མིས་བཟོས་སའི་གོ་ལའི་འཁོར་སྐར་བདེ་བླག་ངང་ཤར་གཏོང་བྱས་ཤིང་། སྤྱི་ལོ་1961ལོའི་ཟླ་4པའི་ཚེས་12ཉིན་མཁའ་སྐྱོད་པ་ཡོའུ་ལི་ཅ་ཅ་ལིན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་ཐོག་མའི་མཁའ་དབྱིངས་འགུལ་སྐྱོད་ལེགས་པར་གྲུབ་པས་འཛམ་གླིང་གི་མཁའ་སྐྱོད་ལས་དོན་ཐད་མཛད་རྗེས་ཆེན་པོ་བཞག

རྒྱལ་རྟགས།

ཨུ་རུ་སུའི་རྩོམ་རིག་ཀྱང་འཛམ་གླིང་གི་རྩོམ་རིག་ལྡུམ་རའི་ཁྲོད་ཀྱི་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་རྐང་གཅིག་ཡིན་ཏེ། དུས་རབས་19པའི་ནང་དུ་ཡོ་རོབ་གླིང་གི་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་རླབས་རྒྱུན་གྱི་ཤུགས་རྐྱེན་འོག་ཨུ་རུ་སུའི་སྙན་ངག་ལ་འགྱུར་བ་ཆེན་པོ་བྱུང་ཞིང་། སྙན་ངག་པ་ཞི་ལི•རོ་ཁོ་ཧྥུའུ་སི་ཆི་དང་ཡ་ལེ་ཧྲན་ཏ•ཕུའུ་ཞི་ཅིན་ནི་སྐབས་དེའི་མིང་དུ་གྲགས་པའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པར་བརྩི། གཞན་དུས་རབས་19པའི་ཨུ་རུ་སུའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་འཆར་ཡན་རིང་ལུགས་ལས་འཕེལ་རྒྱས་ཆེན་པོ་ཕྱིན་ཅིང་ཧྥ་རན་སི་དང་དོ་ཟླར་མཉམ་པའི་རྩོམ་རིག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་གྱུར། ཀུན་གྱིས་དེ་ཨུ་རུ་སུའི་རྩོམ་རིག་ལོ་རྒྱུས་སྟེང་གི་རྫོགས་ལྡན་གྱི་དུས་རབས་སུ་ངོས་འཛིན་བྱེད། དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་གྲུབ་འབྲས་ཆེས་མཐོ་ཤོས་དེ་བརྩམས་སྒྲུང་གི་སྟེང་ན་མངོན་ཡོད་པ་དང་སྐབས་ཐོག་དེར་འཛམ་གླིང་ན་མིང་དུ་གྲགས་པའི་བརྩམས་སྒྲུང་རྩོམ་པ་པོ་སྐོར་ཞིག་ཀྱང་ཨུ་རུ་སུར་བྱུང་པ་སྟེ། དཔེར་ན་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་རྩོམ་པ་པོའི་ཡབ་ཆེན་དུ་འབོད་པའི་ལེ་ཧྥུའུ•ཐོ་ཨེར་སི་ཐན་གྱི་མིང་དུ་གྲགས་པའི་བརྩམས་སྒྲུང་གསུམ་སྟེ《ཨེན་ན•ཁཱ་ལེ་ནིས་ན།》དང《དམག་འཁྲུག་དང་ཞི་བདེ།》《བསྐྱར་གསོན།》གྱིས་མཚོན་པའི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་དུས་རབས་19པའི་ཨུ་རུ་སུའི་རྩོམ་རིག་གི་ཆེས་མཐོ་བའི་གྲུབ་འབྲས་མཚོན་པར་བཞེད།


ཐང་ཆེན་དམར་པོ་ནི་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་གྲོང་ཁྱེར་གྱི་ལྟེ་གནས་སུ་གནས་ཤིང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་དགུ་ཡོད། སྤྱི་ལོ་1917ལོར་ཟླ་བཅུ་པའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་རྗེས་ཐང་ཆེན་དམར་པོ་ནི་མི་དམངས་ཀྱི་དུས་ཆེན་དང་བྱེད་སྒོ་སྤེལ་སའི་གནས་གལ་ཆེན་ཞིག་ཏུ་གྱུར། ཐང་ཆེན་དེའི་ཉེ་འགྲམ་དུ་ཨུ་རུ་སུའི་རླབས་ཆེན་གྱི་ལོ་རྒྱུས་མི་སྣ་དང་མིང་དུ་གྲགས་པའི་དངོས་མང་བཤམས་སྟོན་ཁང་སོགས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བཟོ་བཀོད་མང་པོ་ཡོད།


ཁི་ལི་མོ་ལིན་ཕོ་བྲང་ནི་མོ་སི་ཁི་གཙང་པོའི་བྱང་ཕྱོགས་སུ་ཡོད་པ་དང་སྤྱི་ལོ་1156ལོར་གསར་བསྐྲུན་ལེགས་གྲུབ་བྱུང་། སྔོན་ཆད་ཧྲ་ཧོང་གོང་མའི་ཕོ་བྲང་ཡིན་པ་དང་ད་ལྟ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་མགོ་ཁྲིད་སྡེ་ཁག་གི་ལྟེ་གནས་སུ་གྱུར་འདུག ཨུ་རུ་སུའི་ལོ་རྒྱུས་སྟེང་གི་མིང་དུ་གྲགས་པའི་ཕོ་བྲང་འདི་མིག་སྔར་རྒྱལ་དོན་བྱེད་སྒོ་དང་རྒྱལ་ཁབ་སོ་སོའི་མགྲོན་པོ་སྣེ་ལེན་བྱེད་སའི་གནས་གལ་ཆེན་ཞིག་ཡིན་ཞིང་། ཕོ་བྲང་འདིའི་ཉེ་འགྲམ་དུ་མཐོ་ཞིང་བརྗིད་པའི་ཁང་བརྩེགས་མང་པོ་ཡོད་པ་དང་དེ་དག་ལས་མཐོ་ཚད་ལ་སྨི་81ཡོད་པའི་ཡེ་ཧྥན་ཏ་ཅོང་ཁང་གིས་མི་མང་པོའི་མཚར་འཛིན་གྱི་བློ་ངོར་རྔམ་བརྗིད་དང་གཟི་དཔལ་གྱིས་ཕྱུག་པའི་བཟོ་བཀོད་ཅིག་ལོངས་སྤྱོད་དུ་བསྟར་པ་ལགས། དེ་མིན་ཕོ་བྲང་འདིར་ཏུན་200ལྷག་ཡོད་པའི་ཅོང་ཞིག་ཡོད་པ་དང་། ཅོང་དེ་ནི་འཛམ་གླིང་གི་ཆེས་ཆེ་བའི་ཅོང་ཡིན་ཞིང་ཀུན་གྱིས་དེ་ལ་ཅོང་གི་རྒྱལ་པོ་ཞེས་འབོད།


མའེ་ཆི་ལི་མཚེའུ་ནི་ཨུ་རུ་སུའི་བྱང་རྒྱུད་དུ་གནས་ཤིང་མཚེའུ་ཆེན་པོ་དེའི་མིང་གཞན་ལ་བརྩེགས་རིམ་མཚེའུ་ཡང་བྱ། མཚེའུ་དེ་ལ་བརྩེགས་རིམ་ལྔ་ཡོད་ཅིང་བརྩེགས་རིམ་སོ་སོའི་ཆུ་རྒྱུ་དང་ཁ་མདོག སྐྱེས་དངོས་ཚོགས་པ་སོགས་མི་འདྲ་སྟེ། ཆེས་ཐོག་མའི་རིམ་པ་ནི་ཚྭ་མེད་ཆུ་དང་དེར་ཚྭ་མེད་ཆུའི་སྐྱེས་དངོས་འཚོ་སྡོད་བྱས་ཡོད། བརྩེགས་རིམ་གཉིས་པ་ནི་ཚྭ་ལྡན་དང་ཚྭ་མེད་མཉམ་འདྲེས་ཀྱི་ཆུ་ཡིན་ཞིང་། དེར་གཙོ་བོར་སྡིག་སྲིན་སོགས་འཚོ་སྡོད་བྱས་ཡོད། བརྩེགས་རིམ་བར་མ་ནི་ཚྭ་ལྡན་ཆུ་ཡིན་ཞིང་ཚྭའི་མཐུག་ཚད་ཤིན་ཏུ་མཐོ། བརྩེགས་རིམ་བཞི་པ་ནི་སྲེའུ་བརྩེགས་རིམ་ཡིན་ཞིང་ཆུ་མདོག་དམར་པོ་ཡིན་པས་དེ་ལྟར་བཏགས། འདིར་གཙོ་བོ་འབུ་ཕྲ་མང་པོ་འཚོ་སྡོད་བྱས་ཡོད། ཆེས་གཏིང་རིམ་ནི་མཉམ་འདྲེས་ཀྱི་ས་འདམ་ཡིན་ཞིང་དེ་ནི་གཙོ་བོ་མཚེའུ་ནང་གི་སྐྱེས་དངོས་ཀྱི་བེམ་པོ་དང་ས་འདམ་གྱིས་གྲུབ་ཅིང་། གཙོ་བོར་དབྱང་རླུང་མི་དགོས་པའི་འབུ་ཕྲ་འཚོ་སྡོད་བྱས་ཡོད། བརྩེགས་རིམ་ལྔ་བོས་མཛེས་སྡུག་གིས་ཕྱུག་པའི་མཚེའུ་ཡི་འཇིག་རྟེན་ཞིག་གྲུབ་པ་དང་དེ་ནི་འཛམ་གླིང་གི་ས་རྒྱུས་རིག་པ་དང་སྐྱེས་དངོས་རིག་པའི་ཁྱབ་ཁོངས་ཀྱི་ཆེས་ཁྱད་མཚར་གྱི་རང་བྱུང་སྣང་ཚུལ་ཞིག་ཡིན།


ཞི་པོའོ་ལི་ཡ་འཁྱགས་ཀློང་ནི་ནུབ་ཝོ་ལར་རི་རྒྱུད་དང་ཤར་པེ་ལིན་མཚོ་འགག ནུབ་འཁྱགས་རོམ་རྒྱ་མཚོ་བྱང་མ། ལྷོ་ཀྲུང་གོ་དང་ཕྱི་སོག་སོགས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། གནས་འདིར་སྐམ་སའི་རང་བཞིན་གྱི་ཁྱད་ཆོས་མངོན་པར་གསལ་བས་གྲང་ངར་ཆེ་ཞིང་ཆར་ཆུ་ཉུང་། འཁྱགས་ཀློང་འདིའི་དགུན་ཁའི་ཆེས་དམའ་བའི་ཏུའུ་གྲངས-67℃ཡིན་ཞིང་གཏིང་རིམ་དུ་ཕུན་སུམ་ཚོགས་པའི་གཏེར་རྫས་མང་པོ་ཡོད་པ་དང་གནའ་བོའི་སྲོག་ཆགས་ཀྱི་བེམ་རོ་ཆ་ཚང་མང་པོའང་རྙེད་མུས་སུ་མཆིས།


པའེ་ཅར་མཚེའུ་ནི་ཨུ་རུ་སུའི་ཞི་པའོ་ལི་ཡའི་ལྷོ་རྒྱུད་དུ་གནས་ཤིང་དེ་ནི་འབྱོར་ཕྱུག་གི་མཚེའུ་ཞེས་པའི་དོན་དུ་འགྲེལ། མཚེའུ་འདི་ཟོར་དབྱིབས་སུ་མངོན་ཞིང་རྒྱ་ཁྱོན་ལ་ཧ་ལམ་སྨི་གྲུ་བཞི་མ་སྟོང་3.15ཡོད། མཚེའུ་འདི་ནི་སྐྱེས་དངོས་ཀྱི་བཤམས་སྟོན་ཁང་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་པ་སྟེ། འཛམ་གླིང་གི་ས་ཆ་གཞན་ན་མེད་པའི་སྲོག་ཆགས་ཀྱི་རིགས་ཧ་ལམ་1800དང་སྐྱེས་དངོས་ཀྱི་རིགས་ཧ་ལམ་600ལྷག་འདུས་ཡོད། །

ས་ཁམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ལྦེ་ཁེ་མཉམ་སྤྱོད་ཐོན་ཁུངས་ཁྲོད་ཀྱི་འབྲེལ་ཡོད་སྨྱན་སྦྱོར་མང་པོའི་ཐོན་ཁུངས: