སེང་ག་ཕོར།
ལོ་རྒྱུས།
[རྩོམ་སྒྲིག]༡༨༡༩ལོའི་སྔོན།
[རྩོམ་སྒྲིག]སིང་གྷ་ཕོར་གྱི་མིང་ནི་ལེགས་སྦྱར་སྐད་ཀྱི་སིང་གྷ་ཕོས་རཱ་ཞེས་པ་ལས་བཏགས་ཤིང་། དེ་ནི་སེང་གེའི་གྲོང་ཁྱེར་ཞེས་པའི་དོན། སེ་ལྗ་ར་མེ་ལ་ཡུའུ་(མཱ་ལེ་ལོ་རྒྱུས་དེབ་ཐེར)་དང་བསྟུན་ན། སུའུ་མ་དྲེན་གྱི་རྒྱལ་སྲས་མིང་ལ་སཱང་ནི་ལ་ཡུའུ་དི་མ་ཞེས་པ་ཞིག་དེ་མཱ་སེ་ཁི་(སིང་གྷ་ཕོར་གྱི་མིང་རྙིང་བ)རུ་བབས་པ་དང་། ཁོས་སེང་གེ་ཞིག་མཐོང་། མ་ལེའི་སྐད་དུ་སེང་གེ་ལ་སིང་གྷ་ཟེར། དེ་བས་ཁོས་གླིང་ཕྲན་དེར་སིང་གྷ་ཕོས་རཱ་ཞེས་མིང་གསར་བ་ཞིག་བཏགས། གང་ལྟར་ཡང་གཅིག་བྱས་ན་སཱང་ནི་ལ་ཡུའུ་དི་མ་ཡིས་ནོར་འཁྲུལ་བཟོས་པ་འདྲ། རྒྱུ་མཚན་ནི་སིང་གྷ་ཕོར་གྱི་ནང་དུ་སེང་གེ་གཏན་ནས་གནས་མྱོང་མེད་པས་སོ།། སིང་གྷ་ཕོར་གྱི་ནང་དུ་སྟག་རྩ་སྟོང་དུ་ཕྱིན་ཡོད་ཀྱང་། ཁྱིམ་མཚེས་རྒྱལ་ཁབ་མ་ལེ་ཞི་ཡའི་ནང་དུ་སྟག་གནས་ཡོད་པས། སེང་གེ་དེ་ནི་དོན་དངོས་སུ་མ་ལེ་ཡི་སྟག་ཅིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། དེ་མཱ་སེ་ཁི་རུ་དངོས་པོ་རྙིང་པ་མང་པོ་རྙེད་རྒྱུ་ཡོད་པར་བལྟས་ན། དབྱིན་ཇི་ཡིས་གླིང་ཕྲན་འདི་དབང་སྒྱུར་མ་བྱས་སྔོན་ནས་ས་ཆ་དེ་ནི་ཚོང་ལས་གྲུ་ཁ་ཞིག་ཡིན་པ་ཤེས་ཐུབ།
༡༨༡༩ནས་༡༩༤༠་བར།
[རྩོམ་སྒྲིག]༡༨༡༩ལོར། སྐུ་ཞབས་ཐོ་མ་སི་ཟི་དམ་ཧྤོར་དྲི་རེ་ཧྤིལ་སི་ཡིས་སིང་གྷ་ཕོར་ནི་དབྱིན་ཇིའི་ཚོང་ལས་གྲོང་རྡལ་ཞིག་ཏུ་འཛུགས་སྐྲུན་བྱས་ཤིང་། མ་ལེ་གླིང་ཕྲན་ཚོམ་བུའི་ནང་གི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར། ༡༨༦༧ལོར། རྒྱལ་ཁབ་འདི་ནི་མི་སེར་སྤེལ་ཡུལ་གྱི་གྲས་སུ་ཚུད།
རེ་ཧྤིལ་སི་སིང་གྷ་ཕོར་སླེབས་པ་དང་ཁོས་སིང་གྷ་ཕོར་གྱི་ལྷོ་ཕྱོགས་ཀྱི་ས་ཆ་དུམ་བུ་ཞིག་གི་ཆེད་དུ། སྐབས་དེའི་ཁ་ཆེའི་རྒྱལ་བོ་ལ་དངུལ་འབོར་མི་ཉུང་བ་ཞིག་སྤྲད། ༡༨༢༤ལོའི་ཟླ་༨པའི་ནང་། མཁས་དབང་ཇོན་ཁི་རོ་ཧྤི་དྲི་ཡིས་ཚ་ཡུལ་གྱི་གླིང་ཕྲན་ཧྲིལ་བོ་དབང་འཛིན་བྱེད་སླད་དུ་ཁ་ཆེའི་རྒྱལ་བོ་དང་ལྷན་དུ་ཆིངས་ཡིག་བཞག
འཛམ་གླིང་དམག་ཆེན་གཉིས་པ།
[རྩོམ་སྒྲིག]འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་དམག་མི་སིང་གྷ་ཕོར་ནང་གོམ་བགྲོད་བྱེད་བཞིན་པ། ཉི་ཧོང་གིས་སིང་གྷ་ཕོར་བདག་བཟུང་བྱས་ཡོད་པའི་སྐབས།
༡༩༤༡ལོར། སིང་གྷ་ཕོར་རྒྱལ་ཁབ་ཀྱི་འགོག་སྲུང་ནུས་པ་ཧ་ཅང་ཞན་པས། ཉི་ཧོང་གིས་འཐབ་རྒོལ་བྱས་ཏེ། ༡༩༤༢ལོའི་ཟླ་༡ཚེས་༡༥ཉིན། སིང་གྷ་ཕོར་དབང་སྒྱུར་བྱས། དེའི་སྐབས་སུ་ཉི་ཧོང་གིས་སིང་གྷ་ཕོར་གྱི་མིང་ལ་ཞོ་ནན་དོ་ཞེས་མིང་བསྐྱར་དུ་བཏགས། དེ་ནི་ལྷོ་ཕྱོགས་ཀྱི་འོད་ཅེས་པའི་དོན།
༡༩༤༢ལོའི་ཟླ་༡ཚེས་༡༥ཉིན། དབྱིན་ཇི་ཡིས་ཧྤོར་དྲི་སྣུམ་འཁོར་བཟོ་གྲྭ་རུ་ཉི་ཧོང་ལ་མགོ་འདོགས་རྒྱུ་ཐག་གཅོད་བྱས། ༡༩༤༥ལོའི་ཟླ་༩པའི་ནང་ཉི་ཧོང་གིས་མགོ་མ་སྒུར་བར་དུ། སིང་གྷ་ཕོར་མི་མང་གིས་ཉི་ཧོང་གི་དབང་སྒྱུར་འོག་དཀའ་སྡུག་གང་མང་མྱངས། དེ་ལ་ཉི་ཧོང་གི་དབང་སྒྱུར་ཞེས་བརྗོད། དེའི་རྗེས་སུ་སིང་གྷ་ཕོར་ཕྱིར་དབྱིན་ཇི་ལ་དབང་སྤྲད།
སིང་གྷ་ཕོར་མི་དམངས་ཀྱིས་སྒྲིག་གཞི་ཚུལ་མཐུན་ངང་བརྩི་སྲུང་མ་བྱས་པའམ། ཡང་ན་ཁོ་ཚོ་ཉི་ཧོང་གི་ཁ་གཏད་དུ་ལངས་པར་དོགས་གཞི་བྱས་ཏེ། ཉི་ཧོང་གིས་སིང་གྷ་ཕོར་གྱི་མི་མང་པོ་ལ་མནར་གཅོད་བཏང་སྟེ་བསད།
འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་དཀའ་སྡུག་ཆེན་པོ་མྱངས་པའི་རྒྱུ་མཚན་གྱིས། མི་མང་ལ་དབྱིན་ཇི་སྔར་བཞིན་སྟོབས་ཤུགས་ཆེན་པོ་མེད་པའི་བསམ་བློ་འཁོར། དེ་བས་མི་མང་མང་པོ་ཞིག་གིས་རང་བཙན་དོན་དུ་གཉེར།
རང་བཙན།
[རྩོམ་སྒྲིག]༡༩༦༣ལོར། སིང་གྷ་ཕོར་མ་ལེ་ཡ་དང་སཱ་པ། ས་ར་བ་ཁི་དང་ལྷན་དུ་ཟླ་སྒྲིལ་ཏེ་མ་ལེ་ཞི་ཡའི་རྒྱལ་ཁབ་གསར་བ་ཆགས། མ་ལེ་ཞི་ཡ་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན། མ་ལེའི་ནང་དུ་མ་ལེའི་མི་གཅིག་པུར་དམིགས་བསལ་གྱི་ཁེ་ཕན་རག་གིན་ཡོད། དཔེར་ན། མི་རིགས་གཞན་དང་བསྡུར་ན་མ་ལེའི་མི་ལ་གཙུག་ལག་སློབ་ཆེན་གྱི་ཤེས་ཡོན་སྦྱོང་པའི་གོ་སྐབས་ལས་སླ་པོས་རག་གིན་ཡོད།
སིང་གྷ་ཕོར་གྱི་མི་མང་མང་ཆེ་བ་ནི་རྒྱ་མི་ཡིན་པས་སིང་གྷ་ཕོར་གྱིས་མ་ལེ་ཞི་ཡའི་མི་མང་ཡོད་ཚད་འདྲ་མཉམ་ཆགས་པའི་ཐད་ལ་འབད་པ་བྱས།མ་ལེ་ཞི་ཡའི་དངོས་པོ་དག་ལ་དཔྱ་ཁྲལ་སྤྲོད་མི་དགོས་པའི་ཆེད་དུ། སིང་གྷ་ཕོར་གྱིས་ཐུན་མོང་གི་ཁྲོམ་ར་ཞིག་འཛུགས་པའི་དགོས་པ་ཡང་བཏོན། གང་ལྟར་ཡང་དེ་ལྟར་སྒྲུབ་མ་ཐུབ་པས། སིང་གྷ་ཕོར་སྲིད་གཞུང་དང་མ་ལེ་ཞི་ཡའི་མཉམ་འབྲེལ་སྲིད་གཞུང་གཉིས་ཀྱི་བར་ལ་རྩོད་གླེང་བྱུང་།
༡༩༦༥ལོའི་ཟླ་༨ཚེས་༩ཉིན། སིང་གྷ་ཕོར་མ་ལེ་ཞི་ཡ་ལས་ལོགས་སུ་བཀར་ཏེ་རང་བཙན་རྒྱལ་ཁབ་ཅིག་ཏུ་གྱུར།
རང་བཙན་གྱི་རྗེས།
[རྩོམ་སྒྲིག]རང་བཙན་ཐོབ་པའི་རྗེས་སུ། ཡུའུ་སོ་ཧྤི་བྷིན་ཨེ་ཞ་ཁི་ཡིས་སིང་གྷ་ཕོར་གྱི་སྲིད་འཛིན་གྱི་འགན་ཁུར་ཞིང་། ལི་ཁོན་ཡེའུ་ཡིས་སྲིད་བློན་གྱི་འགན་ཁུར། དང་ཐོག་མི་མང་མང་པོ་ཞིག་གི་སེམས་སུ་སིང་གྷ་ཕོར་རང་ཉིད་ཀྱིས་རང་རྐྱ་འཕེར་ཐུབ་རྒྱུ་མ་རེད་འདོད། ༡༩༦༧ལོར། སིང་གྷ་ཕོར་གྱིས་ཤར་ལྷོའི་ཨེ་ཤ་ཡ་རྒྱལ་ཁབ་མཐུན་ཚོགས་ལ་རོགས་རམ་བྱེད་པའི་འགོ་བཙུགས་པ་དང་། ༡༩༧༠ལོར་རང་རྐྱ་ཐུབ་པའི་ལས་འགུལ་ནང་ཚོགས་ཞུགས་བྱས། ལི་ཁོན་ཡེའུ་ཡིས་སིང་གྷ་ཕོར་རྒྱལ་ཁབ་ཀྱི་སྲིད་བློན་གྱི་འགན་ཁུར་ཡོད་པ་དང་ཡར་རྒྱས་ཆེན་པོ་ཕྱིན། ༡༩༩༠ལོར། ལི་ཁོན་ཡེའུ་སྲིད་བློན་རྒན་པར་གྱུར་རྗེས་སུ། གོ་ཆོ་དོང་གིས་ལི་ཁོན་ཡེའུ་ཡི་ཚབ་དུ་སྲིད་བློན་གྱི་འགན་ཁུར། གོ་ཆོ་དོང་སྲིད་བློན་ཡིན་པའི་སྐབས་སུ། སིང་གྷ་ཕོར་གྱིས་༡༩༩༧ལོའི་ཨེ་ཤ་ཡའི་དཔལ་འབྱོར་ཉམས་ཉེན་དང་། ༢༠༠༣ལོའི་སར་སི་(ཧ་ཅང་ཚབས་ཆེན་གྱི་ནད་རིགས་ཤིག)་ཁྱབ་གདལ་དང་ཇེ་མ་ཨེ་སི་ལ་མེ་ཡའི་དྲག་སྤྱོད་པའི་འཇིགས་སྐུལ་སོགས་ལས་དཀའ་ངལ་མང་པོར་མྱངས།༢༠༠༤ལོར། ལི་ཁོན་ཡེའུ་ཡི་བུ་ལི་སན་ལོང་གིས་སྲིད་བློན་གྱི་འགན་ཁུར། གོ་ཆོ་དོང་སྲིད་བློན་རྒན་པར་གྱུར་པ་དང་ལི་ཁོན་ཡེའུ་སིང་གྷ་ཕོར་གྱི་སྲིད་བློན་སློབ་སྟོན་པར་གྱུར།
སྲིད་གཞུང་དང་ཆབ་སྲིད།
[རྩོམ་སྒྲིག]སིང་གྷ་ཕོར་ནི་གྲོས་ཚོགས་སྤྱི་མཐུན་ལྷན་དུ་དབྱིན་ཇིའི་གྲོས་ཚོགས་ལམ་ལུགས་ཡོད་པ་ཞིག་ཡིན། དེ་ནི་ཁྲིམས་བཟོ་ཁང་རྐྱང་པའི་གྲོས་ཚོགས་ཀྱི་གཞུང་ཞིག་ཡིན། གྲོས་ཚོགས་དེས་འོས་འདེམ་ས་ཁུལ་གྱི་ངོ་ཚབ་བྱེད་ཀྱིན་ཡོད། དེའི་རྩ་ཁྲིམས་ནང་དུ་འཐུས་མི་དམངས་གཙོ་ནི་དེའི་ཆབ་སྲིད་ལམ་ལུགས་ཡིན་པར་བརྗོད། རང་དབང་གྲོས་ཚོགས་ཀྱིས་འཛམ་གླིང་སྙན་ཐོའི་ནང་དུ། སིང་གྷ་ཕོར་ལ་རང་དབང་ཕྱེད་ཀ་ཡིན་པ་བཀོད་ཡོད་པ་དང་། དཔལ་འབྱོར་རིག་གནས་མཁས་པ་ཚོས་སིང་གྷ་ཕོར་སྲིད་ལུགས་འདྲེས་མ་ཡིན་པ་བཀོད་ཡོད། དམངས་གཙོའི་དཀར་ཆག་མ་དེབ་ནང་དུ། སིང་གྷ་ཕོར་གྱི་སྐོར་ལ་གང་ཡང་བཀོད་མེད། རྒྱལ་སྤྱིའི་དྭངས་གསལ་ཚོགས་པས་བཀོད་པར་གཞིར་བཟུང་ན་སིང་གྷ་ཕོར་ནི་འཛམ་གླིང་རྒྱལ་ཁབ་དག་གི་གྲས་ནས་ལྐོག་ཟ་རུལ་སུངས་ཆེས་ཉུང་བའི་རྒྱལ་ཁབ་ཅིག་ཡིན།
སྲིད་འཛིན་དང་སྲིད་བློན་གྱིས་འགོ་ཁྲིད་པའི་བཀའ་ཤག་ལ་འཛིན་སྐྱོང་དབང་ཆ་ཡོད། སྲིད་འཛིན་ནི་མི་མང་གིས་འོས་ཤོག་འཕེན་ནས་འོས་འདེམ་བྱེད་དགོས་པ་དང་། ཁོང་ལ་རྒྱལ་ཡོངས་དགོས་མཁོ་ཟུར་འཇོག་བེད་སྤྱོད་དང་། ཁྲིམས་དཔོན་བསྐོ་བཞག་བྱེད་པ་ལྟ་བུའི་ཐག་གཅོད་ཆེན་པོ་འགའ་ཤས་ལ་དགག་བྱའི་དབང་ཚད་ཡོད་པ་ལས། དེ་མིན་གོ་གནས་མཐོན་པོ་བཟུང་ཡོད་པ་མ་གཏོགས་དབང་ཆ་ཆུང་ཆུང་ལས་མེད།
གྲོས་ཚོགས་ཀྱིས་སྲིད་གཞུང་གི་ཁྲིམས་བཟོའི་ཡན་ལག་གི་བྱ་བ་སྒྲུབ་ཀྱིན་ཡོད། གྲོས་ཚོགས་ཀྱི་ཚོགས་མི་རྣམས་ནི་འོས་འདེམ་བྱས་ཏེ་འོས་མིར་བདམ་ཟིན་པའི་ཁོངས་མི་དག་ཡིན། འདེམ་ཐོན་བྱུང་བའི་གྲོས་ཚོགས་ཚོགས་མི་རྣམས་ནི། ཚོགས་མི་རྐྱང་པའམ་ཡང་ན་འོས་འདེམ་ས་ཁུལ་གྱི་འཐུས་མི་ཚོགས་པའི་ངོ་ཚབ་ཡིན་ལ། ཁོང་ཚོ་གྲོས་ཚོགས་ནང་དུ་ཞུགས་པར་མང་མོས་འོས་འདེམ་ལམ་ལུགས་གཞིར་བཞག་གིས་འོས་ཤོག་འཕེན་གྱི་ཡོད། ༡༩༥༩ལོར་སྲིད་གཞུང་རང་ཉིད་ཀྱིས་འཛིན་སྐྱོང་བྱས་པ་ནས་བཟུང་། འོས་བསྡུ་བྱེད་ཐེངས་རེར་མི་མང་བྱ་འགུལ་ཚོགས་པར་རྒྱབ་སྐྱོར་ཆེན་པོ་ཐོབ་པས། གྲོས་ཚོགས་ཀྱི་དབང་འཛིན་གྱི་ཡོད། གང་ལྟར་ཡང་། ༢༠༡༡ལོའི་ཆེས་ཉེ་ཆར་གྱི་གྲོས་ཚོགས་འོས་བསྡུ་དག་གི་སྐབས་སུ། ལས་རྩོལ་བའི་ཚོགས་པས་སྣེ་ཁྲིད་པའི་ཁ་གཏད་ཚོགས་པ་ཡར་སྐྱེད་ཆེན་པོ་བྱུང་སྟེ། སྤྱི་འཐུས་ལྷན་ཚོགས་ནང་དུ་ཁོ་ཚོའི་འཐུས་མི་དེ་འདེམ་ཐོན་བྱུང་བའི་གྲོས་ཚོགས་ཚོགས་མི་དྲུག་དང་འོས་མིར་བདམ་པའི་གྲོས་ཚོགས་ཚོགས་མི་གཉིས་བྱུང་ཡོད།
སིང་གྷ་ཕོར་ཁྲིམས་ཀྱི་ལམ་ལུགས་ནི་དབྱིན་ཇི་ཐུན་མོང་ཁྲིམས་ལུགས་ཐོག་གཞིར་བཞག་ཡོད་ཅིང་། རང་གི་ས་གནས་ཀྱི་དབྱེ་བ་ཆེན་པོ་དང་གཙོ་གལ་ཡང་གཞི་ལ་བཞག་ཡོད། ༡༩༧༠ལོར། བཤེར་དཔང་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་བྱེད་པ་རྩ་བ་ནས་མེད་པར་བཟོས་པ་དང་། ཁྲིམས་དཔོན་གོ་གནས་གཅིག་པུས་ཁྲིམས་འཛིན་གྱི་ཁྲིམས་སའི་བཅད་མཚམས་ཆ་ཚང་ཐག་གཅོད་རྒྱུ་བྱས། སིང་གྷ་ཕོར་ལ་ཁྲིམས་ཀྱི་ལུས་ཐོག་ཉེས་ཆད་ཚུད་པའི་ཁྲིམས་ཆད་རེ་འགའ་ཡོད། ཁྲིམས་ཀྱི་ལུས་ཐོག་ཉེས་ཆད་ནི་བཙན་གཡེམ་དང་། འཁྲུག་ཟིང་། བརླག་བཅོམ་རིང་ལུགས། ཡུལ་སྤོས་ནག་ཉེས་འགའ་ཤས་མེད་པར་གཏོང་པའི་ཆེད་དུ་ཡིན། མི་གསོད་སྲོག་སྦྱོར་བྱེད་པ་དང་ཉལ་ཐའི་ཚོང་ལས་གཉེར་བ། ཁྲིམས་འགལ་གྱི་མེ་མདའ་བཀོལ་སྤྱོད་བྱེད་མཁན་ཚོ་སྲོག་ཁྲིམས་ལ་གཟུར་དུ་མེད། ༢༠༠༨ལོར་དཔྱད་ཞིབ་ཅིག་བྱས་པའི་རྗེས་སུ། རྒྱལ་སྤྱིའི་ལས་འགན་འགན་འཛིན་པ་ཚོས་ཨེ་ཤ་ཡའི་ནང་དུ་སིང་གྷ་ཕོར་དང་ཧོང་ཁོང་གཉིས་ལ་ཁྲིམས་ཀྱི་ལམ་ལུགས་ཡག་ཤོས་ཡོད་པར་ངོས་འཛིན་བྱས།
ཆོས་ལུགས།
[རྩོམ་སྒྲིག]སིང་གྷ་ཕོར་གྱི་ཆེས་ཐུན་མོང་གི་ཆོས་ལུགས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ལ། ཐུན་མོང་གི་ཆོས་ལུགས་གཞན་ཡང་ཡོད་དེ། དེ་དག་ནི་ཡི་ཤུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས། དོའེ་ཆོས་ལུགས། ཧིན་རྡུ་ཆོས་ལུགས་བཅས་ཡིན།
སྐད་ཡིག།
[རྩོམ་སྒྲིག]སིང་གྷ་ཕོར་གྱིས་གཞུང་འབྲེལ་སྐད་ཡིག་བཞི་བདམ་ཡོད་དེ། དེ་དག་ནི་དབྱིན་ཡིག་དང་མ་ལེ་སྐད་ཡིག རྒྱ་ཡིག(རྒྱ་ནག་སྤྱི་སྐད)ད་མེལ་སྐད་ཡིག་བཅས་ཡིན། དབྱིན་ཡིག་ནི་གཞི་རྩའི་སྐད་ཡིག་དེ་ཡིན་ལ། སིང་གྷ་ཕོར་གྱི་ནང་དུ་སིང་གྷ་ཕོར་དབྱིན་ཡིག་ནི་སྐད་ཡིག་གཙོ་བོ་དེ་ཡིན།
དབྱིན་ཡིག་ནི་སིང་གྷ་ཕོར་རྒྱལ་ཁབ་ཀྱི་སྐད་ཡིག་དང་པོ་དེ་ཡིན་ཡང་། ཆེས་ཐུན་མོང་གི་སྐད་ཡིག་མ་ཡིན། དེ་ནི་སིང་གྷ་ཕོར་མི་ཡིས་ཆེས་ཐུན་མོང་གིས་བཤད་པའི་སྐད་ཡིག་གཉིས་པ་ཡིན། སིང་གྷ་ཕོར་མིས་རང་ཁྱིམ་སོགས་སུ་བཤད་པའི་ཆེས་ཐུན་མོང་གི་སྐད་ཡིག་ནི་རྒྱ་ཡིག་(བརྒྱ་ཆ་༥༡)ཡིན་ལ། དེའི་རྗེས་སུ་དབྱིན་ཡིག(བརྒྱ་ཆ་༣༢)མ་ལེ་སྐད་ཡིག(བརྒྱ་ཆ་༡༣)ད་མེལ་སྐད་ཡིག་(བརྒྱ་ཆ་༣)ཡིན། འདི་ཡིས་སིང་གྷ་ཕོར་མི་བརྒྱ་ཆ་༣༢ནི་ས་སྐྱེས་རྡོ་སྐྱེས་ཀྱི་དབྱིན་སྐད་བཤད་མཁན་ཡིན་པ་བསྟན་ཡོད། ཤུལ་གྱི་མི་མང་མང་ཤོས་ཀྱིས་དེ་ནི་སྐད་ཡིག་གཉིས་པ་ཡིན་པར་བཤད། གང་ལྟར་ཡང་ས་སྐྱེས་རྡོ་སྐྱེས་ཀྱི་དབྱིན་སྐད་བཤད་མཁན་དང་། སྐད་ཡིག་གཉིས་པ་བྱས་ནས་བཤད་མཁན་གཉིས་མཉམ་དུ་བསྡོམས་ན་དབྱིན་སྐད་བཤད་མཁན་གྱི་གྲངས་འབོར་ཆེས་མང་ཤོས་ཡིན། རྒྱ་ནག་གི་སྤྱི་སྐད་ནི་ཆེས་ཐུན་མོང་གི་སྐད་ཡིག་གཉིས་པ་ཡིན།
སིང་གྷ་ཕོར་ནང་གི་མི་མང་བརྒྱ་ཆ་༤༠ཕྱིའི་རྒྱལ་ཁབ་ཀྱི་མི་ཡིན་ལ། དེའི་གྲས་ནས་ཕྱི་མི་མང་ཆེ་བ་ཨེ་ཤ་ཡ་ནས་འོང་བ་ཡིན། མ་ལེ་ཞི་ཡ་(མང་ཆེ་བ་མ་ལེ་ཞི་ཡའི་རྒྱ་མི)རྒྱལ་ཁབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནས་ཕྱི་མི་མང་ཤོས་ཡོང་གིན་ཡོད།༢༠༠༩ལོར། སིང་གྷ་ཕོར་ནང་དུ་ལས་ཀ་བྱེད་མཁན་གྱི་མ་ལེ་ཞི་ཡའི་མི་༣༥༠,༠༠༠ཡོད། རྒྱ་སྐད་བཤད་མཁན་གྱི་ཕྱི་མི་དང་རྒྱ་སྐད་བཤད་མཁན་གྱི་སིང་གྷ་ཕོར་མི་མང་པོ་ཞིག་གིས་ཞབས་ཞུའི་བྱ་བ་གཉེར་གྱིན་ཡོད་པར་བརྟེན། དེང་སང་སིང་གྷ་ཕོར་ནང་དུ་སྐོར་ཚོང་བ་དང་། སིལ་ཚོང་ལས་རོགས་པ། སྐྲ་བཟོ་བ་སོགས་ལྟ་བུའི་ལས་མི་མང་པོ་ཞིག་གི་སྐད་ཡིག་གཙོ་བོ་ནི་རྒྱ་ཡིག་ཡིན།
སིང་གྷ་ཕོར་དབྱིན་ཡིག་ནི་གཙོ་བོ་དབྱིན་ཇིའི་སྐད་ཡིག་ལས་བྱུང་ཡོད། སིང་གྷ་ཕོར་ནང་དུ་བཤད་པའི་དབྱིན་ཡིག་གི་ངོ་བོ་ནི་དབྱིན་ཡིག་ཚད་ལྡན་ལས་སྐད་ཟུར་དུ་དབྱེ་ཞིང་སིང་གྷི་ལི་ཞི་ཞེས་བརྗོད། སིང་གྷ་ཕོར་གཞུང་དང་སིང་གྷ་ཕོར་མི་མང་པོ་ཞིག་སིང་གྷི་ལི་ཞི་བེད་སྤྱོད་བྱེད་པར་མོས་མཐུན་བྱེད་ཀྱི་མེད།ལོར་རེར་དབྱིན་སྐད་ལེགས་པོ་བཤད་ཅེས་པའི་ལས་འགུལ་སྤེལ་བ་དང་། སྒེར་སྐྱོང་སློབ་གྲྭ་ཁག་དང་གློག་བརྙན་དང་རླུང་འཕྲིན་བརྒྱུད་ལམ་དུ་སིང་གྷི་ལི་ཞི་ལ་ངོ་རྒོལ་བྱེད་པའི་སྒྲིག་གཞི་ཡོད། གྲོང་ཁྱེར་ནང་དུ་མི་སྣ་འདྲ་མིན་དང་སྐད་ཡིག་མང་པོ་ཡོད་སྟབས། དབྱིན་ཡིག་ནང་དུ་སིང་གྷ་ཕོར་གྱི་སྐད་གདངས་མང་པོ་ཐོན་གྱི་ཡོད། མི་རབས་འགའ་ཤས་རིང་མཐའ་ན་སྐད་ཡིག་འགྱུར་འགྲོ་སྲིད་ལ། བྱིས་པ་ཚོས་སྐད་རིགས་མི་འདྲ་བ་བཤད་ངེས་ཤིང་ཁོ་ཚོར་ཨ་མ་ལས་བསླབས་པའི་སྐད་གདངས་ཀྱང་མི་འདྲ་བ་ཡོད་སྲིད། དཔེར་ན། སིང་གྷ་ཕོར་རྒྱ་མིའི་ཁྱིམ་ཚང་ཞིག་ཏུ། རྨོ་མོ་ཡིས་རང་གི་སྐད་ཡིག་དང་པོ་ཧོ་ཁེན་སྐད་བཤད་སྲིད་པ་དང་། ཨ་མ་ཡིས་རྒྱ་ནག་སྤྱི་སྐད་རང་གི་སྐད་ཡིག་དང་པོ་དང་ཧོ་ཁེན་སྐད་ཡིག་དང་དབྱིན་ཡིག་སྐད་ཡིག་གཉིས་པ་བྱས་ནས་བཤད་སྲིད། དུས་མཚུངས་སུ་ཚ་བོ་ཡིས་དབྱིན་ཡིག་རང་གི་སྐད་ཡིག་དང་པོ་དང་རྒྱ་ནག་སྤྱི་སྐད་སྐད་ཡིག་གཉིས་པ་བྱས་ནས་བཤད་སྲིད།
༡༩༦༥ལོའི་རང་བཙན་གྱི་སྔོན་དུ། རྒྱ་མིའི་ཡུལ་སྐད་ཞིག་སྟེ་ཧོ་ཁེན་ཞེས་པ་ནི་རྒྱ་མི་ངལ་རྩོལ་ཚོའི་ཐུན་མོང་གི་སྐད་རིགས་ཡིན། མི་རིགས་ཤོག་ཁག་མི་འདྲ་བ་ཚོས་ཕན་ཚུན་འབྲེལ་བ་བྱེད་དུས་མ་ལེ་སྐད་ཡིག་དང་དབྱིན་ཡིག་བེད་སྤྱོད་བྱེད་ཀྱིན་ཡོད། ༡༩༦༥ལོའི་རང་བཙན་གྱི་རྗེས་སུ། དབྱིན་ཡིག་ནི་རྒྱལ་ཁབ་ཀྱི་སྐད་ཡིག་དང་པོ་སྟེ་སྤྱི་པས་བཤད་པའི་སྐད་ཡིག་ཅིག་ཏུ་གྱུར། དེང་སྐབས་སིང་གྷ་ཕོར་ན་གཞོན་མང་ཤོས་ཀྱིས་དབྱིན་ཡིག་ནི་ཁོ་ཚོའི་སྐད་ཡིག་དང་པོ་རུ་བརྩི་ཞིང་། དེ་ལ་ཧ་ཅང་བྱང་ཆ་ལྡན།
གྲོང་ཁྱེར་གྱི་ལོ་རྒྱུས་ལ་ཁུངས་གཏུག་ན་མ་ལེ་སྐད་ཡིག་ནི་སིང་གྷ་ཕོར་གྱི་རྒྱལ་ཡོངས་སྐད་ཡིག་ཡིན་མོད། གང་ལྟར་མ་ལེ་སྐད་ཡིག་འབྲི་ཤེས་མཁན་དང་ཀློག་ཤེས་མཁན་ནི་བརྒྱ་ཆ་༢༠ལས་ཉུང་བ་ཡིན། ད་དུང་ཡང་སིང་གྷ་ཕོར་མ་ལེ་མི་མང་ཤོས་ཀྱིས་རང་ཁྱིམ་དུ་མ་ལེའི་སྐད་བེད་སྤྱོད་བྱེད་ཀྱིན་ཡོད། སིང་གྷ་ཕོར་གྱི་ནང་དུ་བེད་སྤྱོད་བྱེད་པའི་མ་ལེ་སྐད་ཡིག་(བྷ་ཧ་སཱ་མ་ལེ་ཡུའུ)ཧིན་ཉི་གི་མ་ལེ་སྐད་ཡིག་དང་བསྡུར་ན་མ་ལེ་ཞི་ཡའི་མ་ལེ་སྐད་ཡིག་དང་འདྲ་བའི་ཆ་མང་པོ་ཡོད། དེ་ལྟར་ཡིན་ཡང་མ་ལེ་ཞི་ཡའི་མ་ལེ་སྐད་ཡིག་དང་སིང་གྷ་ཕོར་གྱི་མ་ལེ་སྐད་ཡིག་གཉིས་ཀྱི་བར་ལའང་དབྱེ་བ་ཡོད། རྒྱལ་ཁབ་རྒྱལ་གླུ་<<མ་ཇོས་ལཱ་སིང་གྷ་ཕོས་ར>>མ་ལེ་སྐད་ནང་གཏོང་གིན་ཡོད།
སིང་གྷ་ཕོར་གྱི་ནང་དུ་མི་མང་མང་པོ་ཞིག་གིས་རྒྱ་མིའི་སྤྱི་སྐད་དང་རྒྱ་མིའི་ཡུལ་སྐད་གཞན་བཤད་ཀྱིན་ཡོད། སིང་གྷ་ཕོར་མི་བརྒྱ་ཆ་༥༠ཡིས་རང་ཁྱིམ་དུ་རྒྱ་སྐད་བཤད་ཀྱིན་ཡོད་པས། དེ་ནི་རང་ཁྱིམ་གྱི་ཆེས་ཐུན་མོང་གི་སྐད་ཡིག་ཏུ་ཆགས། སིང་གྷ་ཕོར་གྱི་མིས་བཤད་པའི་རྒྱ་ནག་གི་སྤྱི་སྐད་ནི་རྒྱ་ནག་སྟབས་བདེའི་སྐད་ཡིག་གི་སྒང་ལ་གཞི་བཞག་ཡོད་པ་དང་། རྒྱ་ནག་སྐམ་ས་ཆེན་མོའི་སྐད་ཡིག་གི་ལམ་ལུགས་དང་འདྲ་བོ་ཡིན།སིང་གྷ་ཕོར་རྒྱ་ནག་སྤྱི་སྐད་ཀྱི་ངོ་བོ་ནི་རྒྱ་ནག་སྤྱི་སྐད་ཚད་ལྡན་ལས་ཟུར་དུ་ཆག་སྟེ་སིང་དྲ་རེན་ཞེས་བརྗོད། སིང་གྷ་ཕོར་གྱི་ནང་དུ་རྒྱ་ནག་སྤྱི་སྐད་ཁར་གཞན་རྒྱ་ནག་ལྷོ་ཁུལ་གྱི་སྐད་ལུགས་མང་པོའང་བཤད་ཀྱིན་ཡོད།
ཧོ་ཁེན་ནི་སྔོན་ཆད་སིང་གྷ་ཕོར་རྒྱ་མིས་བེད་སྤྱོད་པའི་ཁྱབ་ཆེ་བའི་སྐད་ཡིག་ཅིག་ལ། སིང་གྷ་ཕོར་གྱི་མི་བགྲེས་པོ་ཚོས་ད་དུང་ཡང་ཧོ་ཁེན་སྐད་ཧ་གོ སིང་གྷ་ཕོར་མིས་བཤད་པའི་ཆེས་མཐུན་མོང་གི་རྒྱ་ནག་སྐད་ལུགས་དག་ནི་ཧོ་ཁེན་སྐད་དང་། ཧེ་ནན་སྐད། དེའོ་ཆི། ཁན་དོ་ནེ་སི་བཅས་ཡིན། རྒྱ་ནག་སྤྱི་སྐད་མ་གཏོགས་རྒྱ་ནག་སྐད་ལུགས་གཞན་དག་གསར་འགྱུར་བརྒྱུད་ལམ་དུ་བེད་སྤྱོད་བྱེད་མི་འཇུག་པས། སྐད་ལུགས་འདི་དག་མགྱོགས་མྱུར་ངང་ཉམས་བཞིན་ཡོད། སིང་གྷ་ཕོར་ན་གཞོན་མང་ཆེ་བས་སྐད་ལུགས་འདི་དག་བེད་སྤྱོད་བྱེད་ཀྱི་མེད།
སིང་གྷ་ཕོར་ནང་དུ་ཡོད་པའི་རྒྱ་གར་མི་བརྒྱ་ཆ་༦༠ཡིས་ད་མེལ་སྐད་བཤད་ཀྱིན་ཡོད་ལ། དེ་ནི་སིང་གྷ་ཕོར་མི་ཡོངས་ཀྱི་བརྒྱ་ཆ་༥ཙམ་ཡིན། སིང་གྷ་ཕོར་ནང་དུ་རྒྱ་གར་སྐད་ཡིག་མ་ལ་ཡ་ལམ་དང་དེ་ལོའུ་གོའུ། ཧིན་རྡུ་ལྟ་བུ་བཤད་མཁན་གྱི་སིང་གྷ་ཕོར་གྱི་རྒྱ་གར་མི་ཉུང་ཤས་ཀྱང་ཡོད།
ཤེས་ཡོན།
[རྩོམ་སྒྲིག]སིང་གྷ་ཕོར་ནང་དུ་སློབ་མ་ཚོས་ལོ་ངོ་དྲུག་རིང་གི་གཞི་རིམ་སློབ་གྲྭ་ངེས་པར་དུ་འགྲིམས་དགོས་པ་དང་། སློབ་མ་ཡོད་ཚད་ཀྱིས་རྒྱལ་ཡོངས་གཞི་རིམ་སློབ་གྲྭའི་ཡིག་རྒྱུགས་སྤྲོད་དགོས་པ་རེད། དེ་ནས་སློབ་མ་རང་ཉིད་ཀྱི་རྒྱལ་ཡོངས་གཞི་རིམ་སློབ་གྲྭའི་ཡིག་རྒྱུགས་ཀྱི་མཇུག་འབྲས་ལ་བལྟས་ཏེ། ཁོ་ཚོ་ཆེད་ལས་སྡེ་ཚན་དང་ཆེད་བརྗོད་སྡེ་ཚན། འཆར་ཅན་སློབ་གྲྭའཆར་ཅན་བཟོ་ལས་སྡེ་ཚན་སོགས་ལ་སྤོ་བ་རེད། འབྲིང་རིམ་སློབ་གྲྭའི་དུས་ཡུན་(༤-༥)ནི་ཁོ་ཚོ་སྡེ་ཚན་གང་ལ་འཛུལ་ཡོད་པར་རག་ལས་ཡོད།
སློབ་མ་ཚོར་དབྱིན་ཡིག་དང་རང་ཉིད་ཀྱི་སྐད་ཡིག་དེ་རྒྱ་ཡིག་དང་མ་ལེའི་སྐད་ཡིག ད་མེལ་སྐད་ཡིག་གི་སྒང་ནས་སློབ་ཁྲིད་བྱེད་ཀྱིན་ཡོད། འབྲིང་རིམ་སློབ་གྲྭའི་སློབ་མ་ཚོས་སྐད་ཡིག་གསུམ་པ་བདམ་ནས་སློབ་གཉེར་བྱས་ཀྱང་ཆོག
འཇར་མན་སྐད་ཡིག
ཉི་ཧོང་སྐད་ཡིག
ཧྥ་རན་སིའི་སྐད་ཡིག
མ་ལེ་སྐད་ཡིག་དམིགས་བསལ་ལས་རིམ།-མ་ལེ་མིན་པ་ཚོའི་ཆེད།
རྒྱ་ཡིག་དམིགས་བསལ་ལས་གཞི།-རྒྱ་མི་མིན་པ་ཚོའི་ཆེད།
སློབ་མ་ཚོས་སྐད་ཡིག་གསུམ་པར་སློབ་གཉེར་བྱེད་པ་དེས། ཁོ་ཚོར་ཕྱི་རྒྱལ་གླིང་གི་སློབ་ཡོན་རག་པའི་གོ་སྐབས་མང་དུ་བསྐྲུན་པ་དང་། ཁོ་ཚོའི་ཡིག་རྒྱུགས་གནས་རིམ་གོང་དུ་སྤེལ་ཐུབ་པ། ཁྱད་པར་དུ་སྤྱི་ཁྱབ་ཤེས་ཡོན་ལག་འཁྱེར་རམ་ཨོ་གནས་ཚད་(Oགནས་ཚད)ཅེས་པའི་ཡིག་རྒྱུགས་སྐབས་ཕན་ཐོག་ཆེན་པོ་ཡོད། ཡིག་རྒྱུགས་དེ་ནི་འབྲིང་རིམ་སློབ་མ་ཚོས་ལོ་བཞིའམ་ལྔའི་ཤེས་ཡོན་མཇུག་རྫོགས་ནས་ད་གཟོད་སྤྲོད་དགོས་པ་ཞིག་ཡིན། གང་ལྟར་སློབ་མ་འགའ་ཤས་ཁོ་ན་ལ་སྐད་ཡིག་གསུམ་པ་ཞིག་སློབ་གཉེར་བྱེད་པའི་ཤེས་ཚད་ལྡན་ཡོད།
ཨོ་གནས་ཚད་ཡིག་རྒྱུགས་མཇུག་རྫོགས་རྗེས། སློབ་མ་ཚོས་ལས་རིགས་སྣ་མང་སློབ་གཉེར་ཁང་དུ་ཤེས་ཚད་ལག་འཁྱེར་ལེན་ཆེད་དུ་ལོ་ངོ་གསུམ་རིང་སློབ་གཉེར་བྱེད་ཆོག་ལ།ཡང་ན་སློབ་ཆེན་ཆུང་བ་རུ་གཙུག་ལག་ཤེས་ཡོན་གྱི་སྔོན་འགྲོའི་ཨེ་གནས་ཚད་(Aགནས་ཚད)ཆེད་ལོ་གཉིས་རིང་སློབ་གཉེར་བྱེད་ཆོག སློབ་མ་ཚོས་རྒྱལ་ཡོངས་བཟོ་རིག་ཤེས་ཡོན་ལྟེ་གནས་ཀྱི་ལག་འཁྱེར་ལེན་པའི་ཕྱིར་དུ། བཟོ་རིག་ཤེས་ཡོན་ལྟེ་གནས་སུ་ལོ་གཉིས་རིང་སློབ་གཉེར་བྱེད་ཀྱང་ཆོགལག་འཁྱེར་འདི་ནི་སིང་གྷ་ཕོར་ནང་ཁོ་ནར་ངོས་ལེན་བྱེད། བཟོ་རིག་ཤེས་ཡོན་ལྟེ་གནས་ལ་འགྲོ་མཁན་སློབ་མ་ཚོས་ནམ་རྒྱུན་ནས་ལས་རིགས་སྣ་མང་སློབ་གཉེར་ཁང་དུ་སློབ་གཉེར་བྱེད་ཀྱིན་ཡོད།
སློབ་མ་ཚོས་ཤེས་ཚད་ལག་འཁྱེར་རམ་ཨེ་གནས་ཚད་ལག་འཁྱེར་གང་རུང་ཞིག་ལེན་ཐུབ་ན། སིང་གྷ་ཕོར་གྱི་གཙུག་ལག་སློབ་གཉེར་ཁང་ངམ་ཕྱི་རྒྱལ་གླིང་གི་གཙུག་ལག་སློབ་གཉེར་ཁང་དུ་འགྲོ་བར་སྙན་ཞུ་འབུལ་ཆོག
རིག་གཞུང་།
[རྩོམ་སྒྲིག]སིང་གྷ་ཕོར་ནང་དུ་མི་རིགས་འདྲ་མིན་དང་ས་ཆ་མང་པོ་ནས་ཡོང་བའི་ཡུལ་སྤོ་མཁན་མང་པོ་ཡོད། དེའི་རྐྱེན་གྱིས་སིང་གྷ་ཕོར་གྱི་རིག་གཞུང་ནི། དབྱིན་ཇི་དང་། མ་ལེ། རྒྱ་ནག རྒྱ་གར་། ཕེ་ར་ན་ཁེན་བཅས་མཉམ་དུ་བསྲེས་ཡོད་པའི་རིག་གཞུང་ཞིག་ཡིན་པར་བཤད། དེ་མ་ཟད། སིང་གྷ་ཕོར་མི་འབོར་གྱི་བརྒྱ་ཆ་༤༢ཕྱི་མི་ཡིན་པ་དང་། ཁོ་ཚོ་ནི་སིང་གྷ་ཕོར་གྱི་རིག་གཞུང་ལ་འགྱུར་བ་ཐེབས་པའི་རྒྱུ་ཞིག་ཏུ་གྱུར་ཡོད།
དཔལ་འབྱོར།
[རྩོམ་སྒྲིག]སིང་གྷ་ཕོར་རྒྱལ་ཁབ་ལ་འབྱོར་འབྲིང་གྲལ་རིམ་ཆེན་པོ་ཞིག་ལ་རམ་འདེགས་བྱེད་པའི་བརྟན་བརླིང་དང་རང་དབང་དཔལ་འབྱོར་ཞིག་ཡོད། གྲོང་ཁྱེར་རྒྱལ་ཁབ་འདི་ནི་འཛམ་བུ་གླིང་གི་མཚོ་ཐོག་སྐྱེལ་འདྲེན་དང་མཁོ་སྒྲུབ་ཞབས་འདེགས་རིག་པའི་ལྟེ་ཤིང་ཡིན་ལ། རྒྱལ་ཁབ་སྣ་ཚོགས་ཀྱི་ཐུན་མོང་ཚོང་ལས་ཁང་དག་གིས་ཁོ་ཚོའི་ལས་ཁུངས་ས་དེར་གཞི་བྱས་ཡོད། སིང་གྷ་ཕོར་རྒྱལ་ཡོངས་མཁའ་ལམ་ནི་འཛམ་གླིང་གི་དྲ་བ་ཆེན་པོ་ཞིག་ཡིན་པས། ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་ལས་འགྲུལ་བ་མང་བོ་གྲོང་ཁྱེར་དེར་ཡོང་གིན་ཡོད།
སིང་གྷ་ཕོར་ལ་སིང་གྷ་ཕོར་གྱི་ལྷོ་ཕྱོགས་སུ་ཆགས་པའི་གྲུ་གཟིངས་འབབ་ཚུགས་ཤིག་ཀྱང་ཡོད། དེ་ལ་ཁེ་ཕིལ་གྲུ་ཁ་ཞེས་བརྗོད། དེ་ནི་འཛམ་གླིང་སྟེང་གི་གྲུ་གཟིངས་འབབ་ཚུགས་བྲེལ་ཚུབ་ཆེ་ཤོས་ཤིག་ཡིན་པ་དང་། ཉིན་རེར་ཚོང་རྒྱག་ཏུ་ཡོང་མཁན་གྱི་གྲུ་གཟིངས་ཤིན་ཏུ་མང་པོ་ཡོད། ཇོས་རོང་གླིང་ཕྲན་སྟེང་དུའང་གྲུ་གཟིངས་འབབ་ཚུགས་ཤིག་ཡོད།
ས་ཁམས།
[རྩོམ་སྒྲིག]སིང་གྷ་ཕོར་ནི་གླིང་ཕྲན་གཙོ་བོ་ཚུད་པའི་གླིང་ཕྲན་༦༣གྱིས་གྲུབ་ཡོད་པ་དང་། གླིང་ཕྲན་གཙོ་བོ་དེར་མི་མང་ཤོས་ཀྱིས་སིང་གྷ་ཕོར་ཞེས་འབོད་ལ། པོས་ལོ་ཡུའུ་ཇང་ཡང་ཟེར། ཇོ་ཧོར་དང་མ་ལེ་ཞི་ཡ་ལ་འབྲེལ་བའི་མིས་བཟོས་ཀྱི་འབྲེལ་ལམ་གཉིས་ཡོད་དེ། གཅིག་ནི་བྱང་ཕྱོགས་སུ་ཡོད་པའི་ཇོ་ཧོར་སིང་གྷ་ཕོར་སྟེགས་ལམ་དང་། གཞན་དེ་ནི་ནུབ་ཕྱོགས་སུ་ཡོད་པའི་དོ་སི་སྦྲེལ་མཚམས་གཉིས་པ་ཡིན། སིང་གྷ་ཕོར་གྱི་གླིང་ཕྲན་ཆུང་ངུ་དག་གི་གྲས་ནས་ཇོས་རོང་གླིང་ཕྲན་དང་། ཕོས་ལོ་དེ་ཁོང་། ཕོས་ལོ་ཡུའུ་པན། སན་དོ་ས་གླིང་ཕྲན་བཅས་ནི་ཆེ་ཤོས་ཡིན། རང་བྱུང་གི་གནས་ཆེས་མཐོ་ཤོས་ནི་པོས་ཁི་དི་དེ་མཱ་རི་བོ་ཡིན། དེའི་མཐོ་ཚད་ནི་མི་ཊར་༡༦༦(ཧྤེ་ཊར་༥༤༥)ཡིན།
སིང་གྷ་ཕོར་གྱི་ས་གཞིའི་རྒྱ་ཁྱོན་བརྒྱ་ཆ་༢༣ཙམ་ནགས་ཚལ་དང་རང་བྱུང་ཁམས་ཀྱི་ཟུར་བཀག་ས་ཆ་ཡིན། གྲོང་ཁྱེར་གྱི་ངོ་བོར་བསྒྱུར་བ་ལ་བརྟེན་ཆར་ཆུ་མོད་པའི་ཐོག་མའི་ནགས་ཚལ་མེད་པར་བཟོས་ཤིང་། ཤུལ་དུ་ལྷག་ཡོད་པའི་གལ་གནད་ཅན་གྱི་ནགས་ཚལ་གཅིག་པུ་དེ་ནི་རང་བྱུང་ཁམས་ཀྱི་ཟུར་བཀག་ས་ཆའམ་རི་བོ་པོས་ཁི་དི་དེ་མཱ་ཡིན། སིང་གྷ་ཕོར་ནང་དུ་ཐོག་མའི་ནགས་ཚལ་ཉུང་ཉུང་ལས་མེད་ཀྱང་། གླིང་ག་༣༠༠ལྷག་དང་རང་བྱུང་ཁམས་ཀྱི་ཟུར་བཀག་ས་ཆ་བཞི་བཅས་ཡོད། སིང་གྷ་ཕོར་གྱི་ས་ཆ་གང་ས་གང་དུ་ཤིང་སྡོང་བཙུགས་ཡོད་པ་དང་། ཕལ་ཆེར་རྒྱལ་ཁབ་ཀྱི་བརྒྱ་ཆ་༥༠ཤིང་སྡོང་དང་རྩི་ཤིང་གིས་ཁེངས་ཡོད། དེ་ལྟར་ཡིན་པས་སིང་གྷ་ཕོར་ལ་ལྡུམ་ར་གྲོང་ཁྱེར་ཞེས་གྲགས་ཡོད།
སིང་གྷ་ཕོར་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པར་བརྟེན། ཁོ་ཚོས་གླིང་ཕྲན་མཐའ་འཁོར་དུ་ཡོད་པའི་རྒྱ་མཚོའི་ནང་དུ་ས་རྒྱ་ཇེ་ཆེར་བཏང་ཞིང་ས་རྒོད་གསར་དུ་སྦོལ།༡༩༦༠ལོར།
སིང་གྷ་ཕོར་རྒྱལ་ཁབ་ཀྱིས་ས་རྒོད་གསར་དུ་སྦོལ་བའི་འགོ་བརྩམས། སྐབས་དེར་སིང་གྷ་ཕོར་གྱི་ས་ཆའི་རྒྱ་ཁྱོན་ཧྲིལ་བོ་ལ་སྤྱི་ལེ་གྲུ་བཞི་མ་༥༨༡.༥ཡོད་པ་དང་།༡༩༩༠ལོར། སྤྱི་ལེ་གྲུ་བཞི་མ་༦༣༣ལ་འཕེལ་སྐྱེད་བཏང་ཡོད། དེ་ནི་ས་ཆའི་རྒྱ་ཁྱོན་ཧྲིལ་བོའི་བརྒྱ་ཆ་༩ཙམ་ཟིན་ཡོད། དེང་སྐབས་སྤྱི་ལེ་གྲུ་བཞི་མ་༧༠༤(ལེ་དབར་གྲུ་བཞི་མ་༢༧༢)ཡོད། ༢༠༣༠ལོར་སྤྱི་ལེ་གྲུ་བཞི་མ་༡༠༠(ལེ་དབར་གྲུ་བཞི་མ་༤༠)ཡིས་ཇེ་ཆེར་འགྲོ་བ་རེད། ས་སློག་ལས་གཞི་འགའ་ཤས་ནི་གླིང་ཕྲན་ཆུང་བ་རྣམས་ལྷན་གཅིག་ཏུ་སྦྲེལ་ནས། གླིང་ཕྲན་ཆེན་པོ་དང་ཇོས་རོང་གླིང་ཕྲན་ལྟར་བེད་སྤྱོད་ཡོད་པ་ཞིག་ཏུ་སྒྱུར་རྒྱུ་དེ་ཡིན། སིང་གྷ་ཕོར་གྱིས་ས་རྒོད་གསར་སྦོལ་བྱེད་པའི་ཐབས་ལམ་བེད་སྤྱད་ནས་སིང་གྷ་ཕོར་གྱི་ལྷོ་ཕྱོགས་ཀྱི་རྒྱ་མཚོ་རུ་ས་སློག་བྱེད་ཀྱིན་ཡོད། སིང་གྷ་ཕོར་གྱི་མགྱོགས་མྱུར་ས་སློག་ལས་གཞི་དེའི་རྐྱེན་པས། ཁྱིམ་མཚེས་རྒྱལ་ཁབ་མ་ལེ་ཞི་ཡ་དང་ཧིན་ཉི་ལྷན་དུ་རྩོད་གླེང་བྱུང་།
གཤམ་གྱི་རྒྱུ་མཚན་དག་གི་རྐྱེན་གྱིས་སིང་གྷ་ཕོར་གྱིས་ས་སློག་མང་པོ་བྱེད་དགོས་བྱུང་། རྒྱལ་ཁབ་ཀྱི་སའི་རྒྱ་ཁྱོན་ཆུང་བ། མི་འབོར་གོང་འཕེལ་དུ་སོང་པས་ས་ཆ་ཆེན་པོ་དགོས་པ།
གནམ་གཤིས།
[རྩོམ་སྒྲིག]སིང་གྷ་ཕོར་གྱི་ནགས་ཚལ་གྱི་ཆ་ཤས་ཏེ་རྩི་ཤིང་རིག་པའི་གླིང་ག སིང་གྷ་ཕོར་ནི་ལོ་ཧྲིལ་བོར་ཚ་བ་ཆེ་ཞིང་རླན་གཤེར་ལྡན་པ་ཞིག་ཡིན་ལ། སའི་གོ་ལའི་དཀྱིལ་ཐིག་གི་གནམ་གཤིས་(ཁོ་ཕེན་གནམ་གཤིས་དབྱེ་འབྱེད་ལྟར་ན)ཡིན་པས། དཔྱིད་ཀ་དང་དབྱར་ཁ། སྟོན་ཀདགུན་ཁ་ཞེས་པ་མེད། ལོ་མཇུག་ཏུ་ཆར་བ་མང་པོ་འབབ་པ་དང་ནམ་རྒྱུན་དྲོད་ཚད་ནི་ཏུའུ་༢༠་ནས་༣༥་བར་ཡིན།
སིང་གྷ་ཕོར་ལ་དུས་ཚིགས་བཞི་མེད་ཀྱང་། ཟླ་བ་ལྔ་བ་ནས་དྲུག་པའི་བར་ནམ་རྒྱུན་དྲོན་པོ་ཡོད་ལ། ལོ་མཇུག་སྐབས་སིང་གྷ་ཕོར་ནང་ཆར་བ་ཡང་ཡང་འབབ་པ་དང་། ཆར་དུས་ལྷགས་པ་ལྡང་པའི་རྐྱེན་གྱིས། ཟླ་བ་བཅུ་གཅིག་ནས་ཟླ་བ་དང་པོའི་བར་བསིལ་མོ་ཡོད།
| |||
Republik Singapura
新加坡共和国 சிங்கப்பூர் குடியரசு | |||
རྒྱལ་ཁབ་ཀྱི་སྐད་ཡིག ས་ཁུལ་རིམ་པའི་སྐད་ཡིག། |
དབྱིན་ཡིག་ མ་ལེ་སྐད་ཡིག་ རྒྱ་ཡིག་ ཏ་མེལ་སྐད་ཡིག་ | ||
རྒྱལ་ས། | སེང་གེའི་གྲོང་ཁྱེར་་ སིང་གྷ་ཕོར | ||
སྲིད་གཞུང་། | འཐུས་མི་དམངས་གཙོ་། |
ཨེ་ཤེ་ཡའི་གླིང་གི་རྒྱལ་ཁབ། |
---|
ཉི་ཧོང་། · ཨ་ཧྥུའུ་གན་སི་ཐན། · ཨར་མེ་ནི་ཡ། · ཨ་ཟེ་རྦཡི་ཇན།1 · བྷཧ་རཡིན། · བྷང་ལ་རྡེ་ཤུ། · འབྲུག་ཡུལ། · བྷི་རུ་ནི། · བྷར་མ། · ཁམ་པོ་ཛ། · སིབ་རུས། · ཇིཨོར་ཇི་ཡ།1 · རྒྱ་གར། · ཨི་ཌོ་ནེ་ཤི་ཡ།3 · ཏ་ཟིག · ཡི་ལའ་ཁོ། · ཨི་སི་ར་ཨེལ། · རྗོར་ཌན། · ཀཟ་ཀ་སྟན།1 · བྱང་ཀོ་རི་ཡ། · ལྷོ་ཀོ་རི་ཡ། · ཁུ་ཝི་ཐི། · ཀི་རྒི་ཟ་སྟན། · ལའོ་སུ། · ལེ་པ་ནོན། · མ་ལ་ཤི་ཡ། · མལ་དིཝེསུ། · མོང་གོལ། · བལ་ཡུལ། · ཨོ་མན། · པ་ཀི་སི་སྟན། · ཧྥི་ལི་པིན། · ཁ་ཏར། · ཨུ་རུ་སུ།1 · སའུ་དི་ཨ་ར་པི་ཡ། · སེང་ག་ཕོར། · ཤྲཱི་ལངྐ། · སི་རི་ཡ། · ཐ་ཇི་ཁེ་སི་ཏན། · ཐའེ་ལེན། · ཤར་ཏིམོར།3 · ཏུར་ཀི1 · ཏུརཀ་མེ་ནི་སྟན། · ཡི་ནེ་ཁྲེ་ཀྲི་ཨ་རབ་ཨེ་མེ་རེ་ཁྲི། · ཨུ་ཟ་བེ་ཀི་སྟན། · ཝིཏི་ནམ། · ཡེ་མེན།2 |