Jump to content

རྒྱ་གར།

ཡོང་ཁུངས་Wikipedia
རྒྱ་གར་གྱི་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།
ভারতীয় প্রজাতন্ত্র
དར་ཆ། རྒྱལ་རྟགས།
(རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་དར།) (རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་རྟགས།)
ཀྲུང་གོ།
རྒྱལ་ཁབ་ཀྱི་སྐད་ཡིག
ས་ཁུལ་རིམ་པའི་སྐད་ཡིག།
ཧིན་སྐད།དབྱིན་སྐད།
ཏ་མིལ་སྐད།ཨུར་ཏུ་སྐད།པན་ཇབ་སྐད།ཨ་སམ་སྐད།
རྒྱལ་ས།
གྲོང་ཁྱེར་ཆེ་ཤོས།
ལྡི་ལི་གསར་པ།
མོམ་བྷའི་
སྲིད་གཞུང་། གྲོས་ཚོགས་སྤྱི་མཐུན་ཀྱི་སྲིད་གཞུང་།
སྲིད་འཛིན། རམ་ ནཐ་ ཀོ་བིནཌ
སྲིད་བློན། ན་རེན་ཌར་ མོ་ཊི།
སའི་རྒྱ་ཁྱོན་།
 - རྒྱ་ཁྱོན་ཧྲིལ་པོ་།
 - མཚོ་ཐོག་རྒྱ་ཁྱོན་གི་བརྒྱ་ཆ།
3,287,591 km2
9.6
མི་འབོར།
 - མི་འབོར་ཧྲིལ་པོ། (༢༠༡༠)
 - མི་འབོར་མཐུག་ཚད་།
1,210,193,422
 380.7/km2
དངུལ་ལོར། ཧིན་སྒོར། (INR)
དུས་ཚིགས་ས་ཁུལ། UTC+05:30
རྒྱལ་གླུ། མི་མང་གི་བློ་སྤོབས།
ཏར་ཡིག་ཨང་རྟགས། +91

རྒྱ་གར། གཞུང་འབྲེལ་ཐོག་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་(རྒྱ་གར་སྐད་དུ།: भारत गणराज्य) ཞེས་འབོད་པ་དང་། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ། འཛམ་གླིང་གི་མི་འབོར་ཆེ་ཤོས་གཉིས་པ་ཡིན་པ་དང་། ས་རྒྱ་ཁྱོན་ཆ་ནས་འཛམ་གླིང་གི་ཨང་བདུན་པར་སླེབས་ཀྱི་ཡོད། མ་ཟད་དམངས་གཙོ་རྒྱལ་ཁབ་ཆེ་ཤོས་ཞིག་ཡིན། ཨེ་ཤི་ཡ་གླིང་ཆེན་འདིའི་ནང་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་གར་གྱི་སྐམ་ས་ཆེན་མོ་ནི་གོ་ལ་ཕྱེད་བྱང་མའི་ཕྱོགས་སུ་འཕྲེད་ཐིག་ 804’N ནས་ 3706’N ཡི་བར་དང་། གཞུང་ཐིག་ 6807’E ནས་ 97025’E ཡི་བར་དུ་ཆགས་ཡོད། རྒྱ་གར་གྱི་བྱང་ཕྱོགས་སུ་ཧི་མ་ལ་ཡའི་རི་རྒྱུད་དང་། ནུབ་ཕྱོགས་སུ་ཨ་རབ་རྒྱ་མཚོ། ཤར་ཕྱོགས་སུ་བངྒལ་གྱི་མཚོ་ཁུག ལྷོ་ཕྱོགས་སུ་རྒྱ་གར་རྒྱ་མཚོ་བཅས་ཀྱིས་བསྐོར་ཡོད། ཡུལ་འདིའི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ 3.28 ཡོད་པ་དང་། བྱང་གི་ཀཱསྨིར་མངའ་སྡེ་ནས་ལྷོ་ཡི་ཀཱན་ཡ་ཀཱུ་མ་རི་དབར་བར་ཐག་ཀི་ལོ་མི་ཊར་ 3,214 ཡོད། དེ་བཞིན་ཤར་གྱི་ཨ་རུ་ནཱ་ཅལ་མངའ་སྡེ་ནས་ནུབ་ཀྱི་གུཇ་རཱཏ་དབར་བར་ཐག་ཀི་ལོ་མི་ཊར་ 2,933 ཡོད། ས་ཆའི་ཆགས་སྟངས་ནི་དཔངས་མཐོ་བའི་རི་བོ་དང་རྒྱ་ཆེ་བའི་བྱེ་ཐང་། བྱང་ ཕྱོགས་གྱི་བདེ་ཐང་། ངོ་མཚར་ཆེ་བའི་མཐོ་སྒང། མཚོ་ཁ་དང་གླིང་ཕྲན་ སོགས་སྣ་མང་རང་བཞིན་གྱིས་གྲུབ་ཡོད། ས་ཁྱོན་ཆེ་བའི་རྒྱལ་ཁབ་འདིའི་གནམ་གཤིས་དང་རྩི་ཤིང་། སྲོག་ཆགས། རིག་གནས་སོགས་ནི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད།

རྒྱ་གར་ལ་སྐམ་ས་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་བདུན་ཡོད་པ་དེ་དག་ནི། བོད་དང་བལ་ཡུལ། འབྲུག། བངྒ་ལ་དེཤ། འབར་མ། པཀི་སྟཱན། ཨཧྥ་ག་ནི་སྟཱན་བཅས་ཡིན། ད་དུང་རྒྱ་མཚོས་བར་ཆོད་ཅིང་ཕན་ཚུལ་ཁ་སྤྲོད་དུ་གནས་པའི་རྒྱལ་ཁབ་ཅིག་ཡོད་པ་དེ་ནི་ཤྲི་ལངྐ་ཡིན། རྒྱ་གར་གྱི་ཆ་ཤས་ ཨན་ཌ་མན་དང་ནཱི་ཀོ་རྦར་གླིང་ཕྲན་ནི་ཐེ་ལན་ཊ་དང་ཨིན་རྡོ་ནི་ཥི་ཡ་བར་མཚོ་ཐོག་རྒྱལ་མཚམས་འབྲེལ་ཡོད། པཀི་སྟཱན་དང་བངྒ་ལ་དེཤ་གཉིས་ནི་སྔར་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་ཡང་ཕྱིས་སུ་ལོགས་སུ་གྱེས་ནས་རྒྱལ་ཁབ་མི་འདྲ་བ་གསུམ་དུ་གྱེས་པ་རེད།

རྒྱ་གར་ནི་སེང་གེ་གཙང་པོའི་གཤོངས་ཀྱི་དཔལ་ཡོན་དར་བའི་གནས་ཡིན་པ་དང་ད་ལྟའི་ཆར་པ་ཀི་སི་ཐན་ཁུལ་དུ་ཡོད་པའི་ཧར་པན་གནའ་རྫས་ལས་རྒྱ་སྐྱེད་དང་དབང་ཤུགས་སོགས་རྟོགས་ཐུབ། ཧིན་རྡུ་ཆོས་ལུགས་དང་། ནང་ཆོས། ཇིན་ཆོས་ལུགས། སིག་ཆོས་ལུགས་བཅས་ཀྱི་འབྱུང་ཁུངས་ཡིན། མ་ཟད་ ཇུ་ཌའི་ཆོས་ལུགས། ཛོ་རཱས་ཊི་ཆོས་ལུགས། ཡི་ཤུ་ཆོས་ལུགས། ཁ་ཆེའི་ཆོས་ལུགས་བཅས་སྤྱི་ལོའི་དུས་རབས་དང་པོའི་ནང་དར་ཁྱབ་བྱུང་། དེས་རྐྱེན་པས་སྣ་མང་རིག་གཞུང་ཕུན་སུམ་ཚོགས་པ་ཞིག་རྒྱ་གར་སྐམ་ས་ཆེན་མོ་ཁྱོན་དུ་དར་ཁྱབ་བྱུང་། ཕྱིས་སུ་རིམ་པས་ རྒྱ་གར་ནང་དབྱིན་ཇི་དབང་ཤུགས་སླེབས་ཏེ་མངའ་ཁོངས་ཡོངས་སུ་ཟླ་སྒྲིལ་བྱས། སྤྱི་ལོའི་དུས་རབས་བཅོ་བརྒྱད་ནས་བཅུ་དགུ་བར་ཤར་རྒྱ་གར་དབྱིན་ཇིའི་ཚོང་འབྲེལ་ཀུང་སིས་རྒྱ་གར་རྒྱལ་ཡོངས་འཛིན་སྐྱོང་བྱས་། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་དབུ་ཁྲིད་འོག་དབྱིན་གཞུང་གི་བཀོད་ཁྱབ་མི་བརྩི་བའི་ཞི་རྒོལ་ལས་འགུལ་(འཆི་གསོན་དབྱེ་ཐག་གཅོད་པའི་ལས་འགུལ) གཞི་རྒྱ་ཆེ་བ་ཞིག་སྤེལ་བས། སྤྱི་ལོ་ 1947 ཟླ་ 8 ཚེས་ 14 ཡི་མཚན་དཀྱིལ་དུ་རྒྱ་གར་ལ་རང་བཙན་ཐོབ།

National symbols of the Republic of India (Official)
རྒྱལ་ཁབ་ཀྱི་སྲོག་ཆགས
རྒྱལ་བྱ
རྒྱལ་སྡོང་
རྒྱལ་ཁབ་ཀྱི་མེ་ཏོག
National heritage animal
National aquatic marine mammal
National reptile
National heritage mammal
རྒྱལ་ཁབ་ཀྱི་ཚོད་རིགས།
རྒྱལ་ཁབ་ཀྱི་དགོན་སྡེ
རྒྱལ་ཁབ་ཀྱི་གཙང་བོ
རྒྱལ་ཁབ་ཀྱི་རི་རྒྱུད།

.

ཐ་སྙད་བྱུང་ཚུལ།

[རྩོམ་སྒྲིག]

རྒྱ་གར་འཕགས་པའི་ཡུལ་ཞེས་པ་དེ་ཡང། བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པ་དང་མཁས་གྲུབ་བླ་མེད་ཀླུ་སྒྲུབ་ཡབ་སྲས་སོགས་བཀའ་དྲིན་ཅན་གྱི་འཕགས་པའི་གང་ཟག་དུ་མ་ཞབས་བཅག་པའི་ཡུལ་ཡིན་པས་དེ་ལྟར་འབོད་ རྒྱ་གར་ཞེས་པ་ནི་ཐག་རིང་གི་ཡུལ་གྲུ་དང་ དེར་གནས་པའི་མི་རྣམས་ཀྱི་གོས་དཀར་པོ་གྱོན་སྲོལ་ཡོད་པས་སོ། དབྱིན་སྐད་དུ་ ཨིན་རྡི་ཡ་ཞེས་འབོད་པ་དང་། དེ་ཡང་ཏ་ཟིག་ཡུལ་སྐད་དུ་སེང་གེ་གཙང་པོར་ ཨིན་རྡུ་ས་ཞེས་འབོད་པ་ལས་བྱུང་། ལེགས་སྦྱར་སྐད་དུ་ སཱིན་རྡུ་ཞེས་འབོད་པ་དེ་ཡིན། གནའ་རབས་ཀྱི་གྷི་རི་སི་སྐད་དུ་ ཨིན་རྡུ་ཞེས་འབོད་པ་དང་། དོན་དུ་སེང་གེ་གཙང་པོའི་ཉེ་གདྭབས་སུ་གནས་པའི་མི་ལ་ཟེར།

རྒྱ་གར་བ་རང་ཉིད་ནས་བྷར་ར་ཊ་ཞེས་འབོད་ཀྱི་ཡོད་པ་དང་། རྩ་ཁྲིམས་ནས་གཞུང་འབྲེལ་ཀྱི་མིང་དུ་ངོས་འཛིན་དུ་གནང་ཡོད། རྒྱ་གར་སྐད་རིགས་འདྲ་མིན་ནང་བེད་སྤྱོད་བྱེད་ཀྱི་ཡོད། ཧིན་རྡུ་ཆོས་ལུགས་ནང་ངོས་འཛིན་བྱེད་པའི་རྒྱ་གར་གྱི་གནའ་རབས་རྒྱལ་པོ་གྲགས་ཅན་ཞིག་ཀྱི་མིང་ཡིན།

མིང་གཞན་ཞིག་དུ་ཧིན་རྡུ་སི་ཐན་ཞེས་ཀྱང་འབོད། པཱར་ཤན་སྐད་དུ་ ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འབྲངས་པ་གནས་པའི་ཡུལ་ལ་ཟེར།

འཛིན་སྐྱོང་མངའ་ཁོངས།

[རྩོམ་སྒྲིག]

རྒྱ་གར་ནི་ས་ཁྱོན་ཧ་ཅང་ཆེ་ཞིང་སྐད་ཡིག་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། ཡུལ་མིའི་ཁེ་དབང་སྲུང་སྐྱོབ་དང་འཛིན་སྐྱོང་ཚགས་ཚུད། ལས་དོན་མཉམ་སྒྲུབ། བདེ་སྐྱིད་མཉམ་མྱོང་སོགས་ཀྱི་ཆེད་རྒྱལ་ཁབ་ཧྲིལ་པོ་དེ་མངའ་སྡེ་28 དང་ཐད་སྐྱོང་ས་ཁུལ་7 ལ་བགོས་ཡོད། ས་ཁྱོན་གྱི་ཆ་ནས་རཱ་ཇ་སྠཱན་ནི་མངའ་སྡེ་ཆེ་ཤོས་དང་། ཆུང་ཤོས་ནི་གྷོ་བ་(Goa)རེད། མངའ་སྡེ་དེ་དག་ཀྱང་རྫོང་དང་གྲོང་གསེབ་རིམ་པར་དབྱེ་ནས་འཛིན་སྐྱོང་བྱེད་བཞིན་ཡོད། ད་ལྟའི་ཆར་དབུས་གཞུང་ནི་རྒྱལ་ས་དིལླིར་ཆགས་ཡོད།

མངའ་སྡེ་དང་ཐད་སྐྱོང་ས་ཁུལ། རྒྱལ་ས། ས་ཁྱོན། km² མི་འབོར།
ཨན་དར་ར་པར་དེ་ཤི། ཧེདྲ་བཱད་ 275,045 75,727,541
ཨ་རུ་ན་ཅཱལ། ཨི་ཊ་ན་གར། 83,743 1,091,117
ཨ་སཱམ། ཌིས་པུར། 78,438 26,638,407
བི་ཧར། པཊ་ན། 99,199 82,878,796
ཆཱཏྶི་གྷར། རཱཡེ་པུར། 135,237 20,795,956
གོ་བ། པ་ཎ་ཇི། 3,702 1,343,998
གུཇ་རཱཏ། གཱན་དྷཱི་ན་གར། 196,024 50,596,992
ཧ་རི་ཡ་ན། ཅནྜི་གར། 44,212 21,082,989
ཧི་མཱ་ཅལ་པྲདེཤ སིམ་ལ། 55,673 6,077,248
ཇམ་མུ་དང་ཀསྨིར། ཤྲི་ན་གར། 100,569 10,069,917
ཇར་ཁན་ཌ྄ རན་ཅི། 74,677 26,909,428
ཀཱརནཱ་ཊཀ བེངྒ་ལོར། 191,791 52,733,958
ཀེར་ལ། ཏིརུ་ཝ་ནྲན་ཐ་པུ་རམ། 38,864 31,838,619
མ་དྱཱ། པྲ་དེཤ བྷོ་པཱལ། 308,209 60,385,118
མ་ཧཱ་རཱཥྲ་ཏྲ། མུམ་བཻ། 307,713 96,752,247
མ་ཎི་པུར། ཨིམ་ཕཱལ། 22,327 2,388,634
མེ་གྷཱ་ལ་ཡ། ཤི་ལོང་། 22,429 2,306,069
མི་ཛོ་རམ། ཨཡི་ཛི་ཝལ། 21,081 891,058
ནཱ་གཱ་ལནྜ། ཀོ་ཧི་མ། 16,579 1,988,636
ཨོ་རི་ས། བུབ་ནེ་ཤི་ཝར། 155,782 36,706,920
པན་ཇཱབ། ཅནྜི་གར། 50,362 24,289,296
རཱ་ཇ་སྠཱན། ཇེཡ་པུར། 342,239 56,473,122
འབྲས་ལྗོངས། (སི་ཀིམ།) སྒང་ཏོག 7,096 540,493
ཏ་མིལ་ནཱཌུ། ཅི་ཎཡེ། 130,058 62,110,839
ཏྲི་པུ་ར། ཨ་གར་ཏ་ལ། 10,486 3,191,168
ཨུཏྟ་རཱན་ཅལ དེ་ར་དཱུན། 63,157 8,479,562
ཨུ་ཏྟར་པྲདེཤ ལག་ནོ། 231,256 166,052,859
ནུབ་བངྒལ། ཀ་ལི་ཀ་ཏ། 88,752 80,221,171
ཨནྡ་མན་དང་ནི་ཀོ་བར་གླིང་ཕྲན། པོརྚ་བིལེར། 8,249 356,265
ཅན་ཌི་གར། ཅནྜི་གར། 114 900,914
དཱ་དྲ་དང་ན་གར་ཧ་ཝེལི། སིལ་ཝ་ས། 491 153,000
དྷ་མན་དང་དིའུ། དྷ་མན། 112 158,059
དིལླི། དིལླི། 1,483 13,782,976
ལཀྵ་དྭིབ། ཀར་ཝཱར་ཏི། 32 60,595
པོན་ཌི་ཅ་རི། པོན་ཌི་ཅ་རི། 492 973,829

ལོ་རྒྱུས།

[རྩོམ་སྒྲིག]

རྒྱ་གར་གི་ལོ་རྒྱུས་སྐོར་ཞིབ་ཕྲ་འདིར་གཟིགས་རོགས།

ས་ཁམས་ཆགས་ཚུལ།

[རྩོམ་སྒྲིག]

རྒྱ་གར་ནི་རི་བོ་དང་མཐོ་སྒང་། གཤོངས་ས། བདེ་ཐང་། མཚོ་ཁ། གླིང་ཕྲན་སོགས་ས་དབྱིབས་དུ་མས་གྲུབ་ཡོད་པ་ལས། ཧི་མ་ལ་ཡ་དང་། གངྒཱའི་བདེ་ཐང་། ཌེཀྐན་མཐོ་སྒང་བཅས་དབྱེ་བགོད་གསུམ་དུའང་ཕྱེ་ཆོག་པ་ཡིན། དེ་ལས་ཧི་མ་ལ་ཡ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དང་བོད་སྐད་དུ་རི་བོ་གངས་ཅན་ཞེས་བརྗོད་པ་ཡིན། རི་བོ་འདི་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་དང་རི་རྒྱུད་རིང་ཤོས་ཤིག་ཡིན། ཧི་མ་ལ་ཡ་ནི་ཧི་མ་དི་རི་དང་། ཧི་མ་ཅལ། ཤི་ཝ་ལི་བཅས་རི་རྒྱུད་གསུམ་གྱིས་གྲུབ། རྒྱ་གར་བྱང་ཕྱོགས་བདེ་ཐང་ནི་ཧི་མ་ལ་ཡའི་ལྷོ་ཕྱོགས་སུ་ཆགས་ཡོད། གངྒཱ་དང་ཧིན་དྷུ་གཙང་པོ།(སེང་གེ་ཁ་འབབ) བྲ་མཧཱ་པུཏྲ་(རྟ་མཆོག་ཁ་འབབ་)བཅས་དང་དེ་དག་གི་ཆུ་ལག་གིས་བྱེ་འདམ་རིམ་གསོག་གིས་བདེ་ཐང་དེ་ཆགས་པ་ཡིན། བདེ་ཐང་འདི་རྒྱ་ཆེ་ལ་ངོས་སྙོམས་པ་མ་ཟད། ས་གཤིས་གཤིན་པོ་ཡོད་ལ་ཞིང་ལས་ཐོན་སྐྱེད་བཟང་བས། ས་ཁུལ་འདིར་མི་ཚོགས་ཀྱང་མང་པོ་འདུས་སྡོད་བྱས་ཡོད། རྒྱ་གར་གྱི་ནུབ་ཕྱོགས་སུ་རྒྱ་གར་བྱེ་ཐང་ཆེན་མོའམ་ཐཱར་བྱེ་ཐང་ (Great Indian desert) ཆགས་ཡོད། ཁུལ་དེར་སྐམ་ཤས་དང་ཚ་དྲོད་ཆེ་བས་རྩི་ཤིང་ཉུང་ངུ་ལས་སྐྱེ་ཐུབ་ཀྱི་མེད། རྒྱ་གར་གྱི་ལྷོ་ཕྱོགས་སུ་ཕྱེད་གླིང་མཐོ་སྒང་(Peninsular plateau) ཡོད། དེའི་དབྱིབས་ཟུར་གསུམ་ཡིན་པས་ས་དབྱིབས་གཞན་དང་མི་འདྲ་བའི་ཁྱད་པར་ཆེན་པོ་མཐོང་ཐུབ། ཁུལ་འདིར་ཨ་རཱ་ཝ་ལི་རི་(Aravali hill) དང་། ཝིན་དི་ཡཱ་ (Vindhyas) དང་སཱ་ཏེ་པུ་ར་ (Satpuras) སོགས་ཀྱི་རི་རྒྱུད། ནརྨ་དཱ་ (Narmada) དང་ཏཱ་པི་ (Tapi) གཙང་པོ་སོགས་ཆགས་ཡོད་ཅིང་། གཙང་པོ་འདི་དག་ནུབ་ཕྱོགས་སུ་བཞུར་ནས་ཨ་རབ་རྒྱ་མཚོའི་ནང་འབབ་ཀྱི་ཡོད། བྱང་རི་ (Western Ghats) སཱ་ཡ་དི་རིའི་རི་རྒྱུད་ཀྱིས་བྱང་གི་ས་མཚམས་བྱེད་པ་དང་། ཤར་རིའི་ (Eastern Ghats) རི་རྒྱུད་ཀྱིས་ཤར་གྱི་ས་མཚམས་མཚོན་པར་བྱེད། རི་རྒྱུད་འདི་གཉིས་ཀྱི་འདབས་སུ་མཚོ་ཁའི་བདེ་ཐང་ (Coastal Plain) ཆགས་ཡོད་ཅིང་། ཁུལ་འདིར་རྡོ་སོལ་དང་ལྕགས་རིགས་སོགས་གཏེར་ཁའི་ཐོན་ཁུངས་ལེགས་པོ་ཡོད། མ་ཧཱ་ན་དི་དང་། (Mahanadi) གོ་དཱ་ཝ་རཱི། (Godavari) ཀྲྀཥྞཱ (Krishna) ཀཱ་ཝེ་རཱི་ (Kaveri) གཙང་པོ་སོགས་ནི་ཤར་ཕྱོགས་སུ་བཞུར་ནས་མཐར་བངྒལ་མཚོ་ཁུག་ཏུ་འབབ་ཀྱི་ཡོད། སྐམ་ས་ཆེན་མོ་ཕུད་ད་དུང་རྒྱ་གར་གྱི་མངའ་ཁོངས་སུ་གླིང་ཕྲན་གཉིས་ཡོད་པ་ལས། ཨ་རབ་རྒྱ་མཚོའི་ངོགས་སུ་ལཀྵ་དཱིབ་གླིང་ཕྲན་ (Lakshadweep Islands) དང་། བངྒལ་མཚོ་ཁུག་ཏུ་ཨནྜ་མཱན་དང་ནི་ཀོ་བཱར་ (An- daman and Nicobar Islands) གླིང་ཕྲན་ཆགས་ཡོད།

སྐྱེས་དངོས་དང་ཁོར་ཡུག།

[རྩོམ་སྒྲིག]

རྒྱ་གར་ལ་རྩྭ་དང་རྩི་ཤིང་སྣ་ཚོགས་ཡོད་ཀྱང་། དེ་དག་རྩ་བའི་རིགས་ལྔར་དབྱེ་བ་སྟེ། ཚ་ཁུལ་གྱི་རྒྱུན་ལྗང་ནགས་ཚལ་(Tropical evergreen forest) དང་། ཚ་ཁུལ་གྱི་ལོ་མ་དུས་སུ་ལྷུང་བའི་ནགས་ཚལ། (Tropi- cal deciduous forest) ཚེར་ཤིང་།(Thorny bushes) རི་ཤིང་། (Mountain vegetation) མཚོ་ཁའི་ཆུ་ཤིང་ (Mangrove forest) བཅས་སོ།། ནགས་ཚལ་ནི་རི་སྐྱེས་སྲོག་ཆགས་མང་པོ་འཚོ་གནས་བྱེད་ས་ཡིན། མིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ ལ་རི་སྐྱེས་སྲོག་ཆགས་ཟེར། རྒྱ་གར་ལ་ལྟོ་འགྲོའི་སྲོག་ཆགས་(Reptiles)དང་། ས་ཆུ་གཉིས་སྡོད་ཀྱི་སྲོག་ཆགས།(Amphibians) འོ་འཐུང་སྲོག་ཆགས། (Mammals) བྱ་རིགས། འབུ་སྲིན་སོགས་སྲོག་ཆགས་རིགས་སྣ་ཚོགས་ཡོད། ཤིང་ནགས་གང་བྱུང་དུ་གཅོད་འབྲེག་དང་། རྨ་བྱ་དང་ཁྲུང་ཁྲུང་སོགས་བྱ་རིགས་དང་། སྟག་དང་། གཟིག གླང་ཆེན་ སོགས་རྩ་ཆེའི་སྲོག་ཆགས་རིགས་རྔོན་རྒྱག་བྱས་དང་བྱེད་མུས་ལ་བརྟེན། དེང་སྐབས་རི་སྐྱེས་སྲོག་ཆགས་མང་པོ་ཞིག་རྩ་སྟོང་འགྲོ་བའི་ཉེན་ཁ་ཆེན་པོ་འཕྲད་ཀྱིན་ཡོད། རྩ་སྟོང་འགྲོ་ཉེན་ཆེ་བའི་སྲོག་ཆགས་དེ་དག་སྲུང་སྐྱོབ་བྱ་ཆེད་གཅན་གཟན་ཁང་དང་། གླིང་ག་སོགས་བཟོ་སྐྲུན་གང་འཚམ་བྱས་ཡོད་ནའང་། རི་སྐྱེས་སྲོག་ཆགས་རྣམས་རྩ་སྟོང་འགྲོ་བའི་ཉེན་ཁ་མུ་མཐུད་འཕྲད་བཞིན་ཡོད།

དཔལ་འབྱོར།

[རྩོམ་སྒྲིག]

རྒྱ་གར་མིག་སྔར་འཕེལ་རྒྱས་སུ་ཕྱིན་ཀྱིན་པའི་འབྱོར་ཞན་རྒྱལ་ཁབ་ཅིག་ཡིན། ཡིན་ནའང་སློབ་གསོ་ཡི་སྤུས་ཀ་བཟང་བ་དང་མི་འབོར་གྱི་རྒྱབ་བརྟེན་བཟང་བས་རྐྱེན་གྱིས་ད་སྔ་འཛམ་གླིང་ཧྲིལ་བོ་ན་དཔལ་འབྱོར་ཐད་ནས་ཤུགས་རྐྱེན་ཆེན་པོ་འབྱུང་བཞིན་ཡོད་པའི་རྒྱལ་ཁབ་ཅིག་རེད། རྒྱ་གར་ནི་ཞིང་ལས་གཙོ་བའི་རྒྱལ་ཁབ་ཡིན་དང་། བཟོ་ལས་ད་ལྟ་མང་ཆེ་ཤོས་གྲོང་ཁྱེར་ཆེན་པོའི་ཉེ་འགྲམ་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ད་དུང་རྒྱ་གར་ནི་མཉེན་ཆས་ལས་རིགས་ཀྱི་རྟེན་ས་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་དེ་ནས་བྱུང་བའི་མཉེན་ཆས་ལས་བཟོ་བས་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། ད་དུང་དབྱིན་ཡིག་གི་རྨང་གཞི་བཟང་བ་དང་ཞབས་ཞུའི་ལས་རིགས་ལ་ཞུགས་མཁན་གྱི་མི་འབོར་གྲངས་ཆེ་བས་ཞབས་ཞུ་ཁ་པར་དང་ལས་གཞི་གཞན་གླས་ཀྱི་ལས་ཀ་གཉེར་མཁན་ཤིན་ཏུ་མང་། ཡིན་ནའང་དཔལ་འབྱོར་གྱི་ཆ་ནས་འཕེལ་རྒྱས་ཆེ་ཞིང་གྲངས་འབོར་མཐོ་རུང་། འཛད་སྤྱོད་པའི་ཁ་གྲངས་བཟང་བ་དང་དབུག་ཕྱུག་ཆ་སྙོམས་མིན་པའི་གནད་དོན་ཤིན་ཏུ་ཛ་དྲག་ཡིན་སྟབས་ད་སྔ་རྒྱ་གར་གྱི་དཔལ་འབྱོར་ཐད་ལ་གནད་དོན་གང་མང་བྱུང་བཞིན་ཡོད་པ་རེད།

མི་འབོར།

[རྩོམ་སྒྲིག]

རྒྱ་གར་ནི་འཛམ་གླིང་སྟེང་གི་མི་འབོར་གྱི་གྲངས་ཀ་ཐེར་འབུམ་ལ་སོན་ཡོད་པའི་རྒྱལ་ཁབ་གཉིས་པ་ཡིན་ལ། མིག་སྔར་མི་འབོར་དུང་ཕྱུར་བཅུ་གཉིས་དང་བྱེ་བ་བརྒྱད་ལྷག་ཡོད། སྔོན་དཔོག་བྱེད་པ་ལྟར་ན། མི་ལོ་ལྔ་ནས་བཅུ་བར་ལ་རྒྱ་གར་གྱི་མི་འབོར་ཡོངས་སུ་རྒྱ་ནག་ལས་བརྒལ་ནས་འཛམ་གླིང་ཡོངས་ཀྱི་མི་འབོར་ཆེས་མང་བའི་རྒྱལ་ཁབ་དེ་རུ་གྱུར་ངེས་རེད།

ཆོས་ལུགས།

[རྩོམ་སྒྲིག]

རྒྱ་གར་ནི་འཛམ་གླིང་སྟེང་གི་ཆོས་ལུགས་དད་མོས་བྱེད་མཁན་དང་ཆོས་ལུགས་ཀྱི་རིགས། ད་དུང་ཆོས་ལུགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ཡོད་པ་སོགས་གང་ཅི་ཐད་ནས་རྩེ་ལ་སོན་ཡོད་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་གར་ལ་གཙོ་བོ་ཧིན་རྡུལ་ཆོས་ལུགས་སམ་བྲམ་ཟེ་ཆོས་ལུགས་ལ་དད་མོས་བྱེད་མཁན་མང་པོ་ཡོད་པ་ལས་གཞན། ད་དུང་ཁ་ཆེ་ཆོས་ལུགས་སམ་ཡེ་ཟི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས་དང་ཡེ་ཤེས་ཆོས་ལུགས། ད་དུང་ཇེ་ན་ཆོས་ལུགས་སོགས་རིགས་མང་པོ་ཡོད། དེ་བས་མ་ཟད་ལུང་བ་སོ་སོ་ན་རང་རང་གིས་རྟེན་གཙོ་དང་གཙོ་སྐུ་ཡོད་པ་དེ་ལ་དད་མོས་བྱེད་པ་ཡང་མང་དུ་མཐོང་། དེ་ཁྲོད་དུ་རྒྱལ་བོ་རཱ་མ་ནའི་སྒྲུང་ལ་འབྲེལ་བའི་གཏམ་རྒྱུད་དང་། ད་དུང་དམངས་ཁྲོད་དུ་གྲགས་པའི་རྒྱལ་བོ་སོགས་ལ་དད་པའི་ཆོས་ཡང་ཤན་ཏུ་མང་པོ་ཡོད་པ་རེད། ངེས་པར་གསལ་ཁ་འདོན་རྒྱུ་ཞིག་ལ། སངས་རྒྱས་ཆོས་ལུགས་ནི་སྤྱིར་རྒྱ་གར་དང་བལ་བོ་གཉིས་ཀྱི་ས་མཚམས་ནས་བྱུང་ན་ཡང་། ད་ལྟ་རྒྱ་གར་གྱི་སྤྱི་དམངས་ཁྲོད་ན་དེར་དད་པ་བྱེད་མཁན་གྱི་མི་གྲངས་སྤྱིའི་བརྒྱ་ཆ་དང་བསྡུར་ན་ཤིན་ཏུ་ཉུང་བའི་ཚོད་ལ་སླེབས་ཡོད་པ་རེད།

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]