ཚིག་ཚན། entry 词条(条目)
|
སྨོན་ལམ་ཚིག་མཛོད་ལས།
ཚིག་མཛོད་ཀྱི་ནང་གི་རྩ་ཚིག་དང་འགྲེལ་བ་སོགས་ཚན་པ་སོ་སོར་ཕྱེས་པའི་ཚིག་ཕྲེང་གི་ཚན་པའོ། །
ཚིག་ཚན་ནི་ཝེ་ཁེ་རིག་མཛོད་ཀྱི་ཆེས་རྨང་གཞིའི་ཚན་པ་ཞིག་ཡིན་ཞིང་། ཤེས་བྱ་དང་ཆ་འཕྲིན་ཕྱོགས་བསྡུས་བྱེད་པའི་ཚན་པ་ཞིག་ལགས། གནད་ལ་འཁེལ་བའི་ཚིག་ཚན་ལ་དམིགས་བསལ་གྱི་བརྗོད་བྱ་དང་ལྡན་པ་མ་ཟད་གཙོ་གནད་དེར་ཕྱོགས་ཡོངས་ནས་གནད་བསྡུས་རང་བཞིན་གྱི་ཕྱོགས་བསྡོམས་དང་ལུང་འདྲེན་བྱས་ཡོད།
|
|
བྷང་སྒྲ་ཆེན་མོ།
མི་གསལ།
འཇིག་རྟེན་གྱི་ཁམས་ཧྲིལ་པོ་འདི་བུ་ག་དང་སྲུབ་ཀ་ཅི་ཡང་མེད་པའི་གོང་བུ་གཅིག་ཏུ་བཙིར་སྒྲིལ་བྱས་པ་ཞིག་ཏུ་སོམས་དང༌། དེ་ནི་དྲན་ངོར་འཆར་དཀའ་བ་ཞིག་ཡིན། འོན་ཀྱང༌། དེ་ནི་དེང་སྐབས་ཚན་རིག་པ་ཚོས་ཇི་ལྟར་འཇིག་རྟེན་ཁམས་འདི་འགོ་ཚུགས་མིན་ཤེས་རྟོགས་བྱེད་བཞིན་པ་དེ་ཡིན་ནོ།། དེ་དག་ཡོད་ཚད་ནི་གོར་ཐིག་གཅིག་ལས་འགོ་ཚུགས་ཀྱང༌། བར་སྣང་གི་གོར་ཐིག་ཅིག་མིན་དེ། དེར་བར་སྣང་མེད་པས་སོ།། མ་ཟད་དུས་ཚོད་ངེས་ཅན་ཞིག་གི་གོར་ཐིག་ཀྱང་མིན་དེ། དེར་དུས་ཚོད་ཀྱང་མེད་པས་སོ།། ཁྱེད་ཀྱིས་ད་དུང་ཡང་དེ་ལྟའི་བྱ་དངོས་ཤིག་ལ་སེམས་ཐུབ་བམ། འོན་ཀྱང་དེ་ནི་ཁ་གསལ་བའི་དཔང་རྟགས་ཤིག་གོ། ལོ་ངོ་ས་ཡ་སྟོང་ཕྲག་བཅུ་བཞི་(14 billion)ཙམ་གྱི་ཡར་སྔོན་དུ་གོར་ཐིག་འདི་ཧ་ཅང་རྒྱ་ཆེ་བའི་མེ་ཟླུམ་ཞིག་ཏུ་འགས་གཏོར་བྱུང་བ་དང༌། བར་སྣང་གོ་སདང་དུས་ཀྱང་འགས་གཏོར་འདི་དང་མཉམ་དུ་འགོ་ཚུགས་པ་རེད། འདི་ནི་ང་ཚོས་བཤད་བཞིན་པའི་བྷང་སྒྲ་ཆེན་མོ་ཞེས་པ་དེ་ཡིན་ནོ།།
བྷང་སྒྲ་ཆེན་མོ་འདི་ཅིའི་ཕྱིར་བྱུང་བ་ཡིན་ནམ། འོན་ཀྱང་ང་ཚོས་ཤེས་རྟོགས་ཐུབ་མེད།
ཡིན་ན་ཡང་ཚན་རིག་པ་མང་པོ་ཞིག་གིས་བྷང་སྒྲ་ཆེན་མོའམ་འགས་གཏོར་ཆེན་མོ་དག་ནི་ཅུང་རྒྱུན་ལྡན་ཞིག་ཡིན་པར་སེམས་བཞིན་ཡོད། ང་ཚོས་བྷང་སྒྲ་ཆེན་མོ་གཞན་གྱི་ཐོག་ལ་ཧ་ཅི་ཡང་གོ་མེད། རྒྱུ་མཚན་ནི། གལ་སྲིད་དེ་ཚོ་དངོས་ནས་ཡོད་པ་ཞིག་ཡིན་ན་དེ་དག་གིས་འཇིག་རྟེན་ཁམས་གཞན་རྣམས་སྒྲིབ་པར་རྩོམ་པ་དང༌། ང་ཚོ་རང་ཉིད་ཀྱི་འཇིག་རྟེན་འདིའི་ནང་དུ་བཙོན་དུ་བཅུག་པ་རེད།
བྷང་སྒྲ་ཆེན་མོའི་སྐད་ཅིག་གཉིས་པ་དེར་
ཅི་ཞིག་བྱུང་བ་ཡིན་ནམ།
བྷང་སྒྲ་ཆེན་མོའི་སྐད་ཅིག་གཉིས་པ་དེར་འཇིག་རྟེན་གྱི་ཁམས་འདི་ནི་ཆེས་ཧ་ཅང་གིས་ཚ་ཞིང་ཚགས་དམ་པ་ཞིག་ཡིན། སྐྱེས་མ་ཐག་པའི་འཇིག་རྟེན་གྱི་ཁམས་ཆུང་ཆུང་འདི་བཀྲགས་མདངས་ཀྱི་ནུས་ཤུགས་ཀྱིས་ཁེངས་པ་ཞིག་དང༌། བར་སྣང་འདི་ཡང་མགྱོགས་མྱུར་སྒོས་རྒྱ་བསྐྱེད་པ་རེད། དེ་ཉིད་རྒྱ་སྐྱེད་རིམ་བཞིན་ཚ་གྲང་རིམ་བཞིན་མར་ཆག་པ་དང༌། ནུས་ཤུགས་དེ་ཉིད་ལས་དངོས་པོའི་རྒྱུ་ཕྲ་རབ་དག་ཐོག་མར་གྲུབ་པ་རེད། ང་ཚོའི་སྤྱིར་བཏང་གི་དངོས་རྫས་ཙམ་དུ་མ་ཟད། ཚན་རིག་པ་ཚོས་མི་མངོན་པའི་དངོས་རྫས་ཏེ་ནག་རྫས་ (dark matter)སུ་འབོད་པ་དག་ཀྱང་བྷང་སྒྲ་ཆེན་མོའི་སྐད་ཅིག་གཉིས་པ་དེར་གྲུབ་པར་འདོད་བཞིན་ཡོད། ང་ཚོས་དེ་དག་མིག་གིས་མཐོང་ཐབས་བྲལ་བ་མ་ཟད། དེ་དག་ཅི་ཞིག་གིས་གྲུབ་མིན་ཡང་ཤེས་ཀྱིན་མེད། འོན་ཀྱང་ང་ཚོས་འཇིག་རྟེན་གྱི་ཁམས་འདིའི་ནང་དུ་དེའི་རིགས་ཁྱོན་འབོར་ཧ་ཅང་ཆེན་པོ་ཞིག་ཡོད་པ་མ་ཟད། ང་ཚོའི་སྣང་ཡུལ་དུ་གྱུར་བའི་དངོས་པོ་འདི་དག་ལས་ཀྱང་མང་བ་ཡོད་པ་རྟོགས་ཐུབ་ཡོད། ང་ཚོས་དེ་ལྟར་ཁ་ཚོན་བཅད་ནས་བཤད་ཐུབ་སྟེ། ཅིའི་ཕྱིར་ཞེ་ན་དེ་དག་གི་འཐེན་ཤུགས་ཀྱིས་སྤྱིར་བཏང་གི་དངོས་པོ་རྣམས་འཐེན་བཞིན་ཡོད་པས་སོ།།
སྤུས་རྡུལ་དང་མ་ནིང་རྡུལ་སོགས་ཀྱིས་མཚོན་པའི་རྡུལ་ཕྲ་རབ་དག་ནི་སྐར་ཆ་གཅིག་ཆ་ཤས་བརྒྱར་བགོས་པའི་ཆ་ཤས་དང་པོའི་ནང་དུ་བྱུང་བ་དང༌། དེ་ནས་རིམ་བཞིན་མཉམ་འདུས་ཀྱིས་ཆེས་ཐོག་མའི་འདུས་རྫས་ཧྱི་ཌརོ་ཇིན་དང༌། ཧི་ལིཡམ། ལི་ཐིཡམ་སོགས་བྱུང་བ་རེད། བྷང་སྒྲ་ཆེན་མོའི་རྗེས་ཀྱི་ལོ་ངོ་འབུམ་གསུམ་ཙམ་གྱི་རྗེས་སུ། རྡུལ་ཕྲ་རབ་དེ་དག་གིས་རང་དབང་དུ་རྒྱུ་བའི་གློག་རྡུལ་དང་འདྲེས་ཤིང་ཆེས་ཐོག་པའི་རྡུལ་ཕྲན་ཧྱི་ཌརོ་ཇིན་དང༌། རྡུལ་ཕྲན་ཧི་ལིཡམ། རྡུལ་ཕྲན་ལི་ཐིཡམ་སོགས་བྱུང་བ་རེད། ལོ་ངོ་ས་ཡ་སྟོང་གཅིག་གི་རྗེས་སུ་ཆེས་ཐོག་མའི་སྐར་མ་དང་དགུ་ཚིགས་ཆགས་ཤིང༌། འཇིག་རྟེན་གྱི་ཁམས་འདི་རང་ཉིད་ཀྱི་ཁྱིམ་རྒྱུད་ཀྱི་རྣམ་པར་གྲུབ་པ་རེད།།
ལོ་ངོ་ས་ཡ་སྟོང་ཕྲག་ལྷག་གི་སྔོན་དུ་ཅི་ཞིག་བྱུང་མིན་
ང་ཚོས་ཇི་ལྟར་རྟོགས་ཐུབ་བམ།
ཚན་རིག་གི་གཏན་ཚིགས་ལེགས་པོ་ཞིག་གིས་ང་ཚོར་དོ་སྣང་གང་བྱུང་བ་རྣམས་ལ་འགྲེལ་བརྗོད་བྱེད་ཐུབ་དགོས། དེ་ཙམ་དུ་མ་ཟད་དེས་ད་དུང་ང་ཚོས་ཚོད་ལྟ་ཅི་ཞིག་བྱེད་ཐུབ་མིན་ཐད་ལ་སྔོན་དཔག་ཀྱང་བྱ་དགོས། ཨེལ་བྷར་ཊ ཨཻནས྄་ཊན་གྱི་ལྟོས་གྲུབ་ཀྱི་གཏན་ཚིགས་དེས་བར་སྣང་གོ་ས་དང་དུས་ཚོད་གཉིས་ནི་བྷང་སྒྲ་ཆེན་མོ་ཞིག་ལས་བྱུང་པ་ཡིན་པར་སྔོན་དཔག་བྱས། འོན་ཀྱང་ང་ཚོར་དཔང་རྟགས་མཁོ་གལ་ཆེན་པོ་ཡིན།
དུས་རབས་ཉི་ཤུ་པའི་ནང་དུ་དཔང་རྟགས་རིགས་ཁ་ཤས་རྙེད་སོན་བྱུང་བ་སྟེ། དང་པོ་ནི། ང་ཚོའི་འཇིག་རྟེན་གྱི་ཁམས་འདི་མུ་མཐུད་ནས་རྒྱ་སྐྱེད་བཞིན་པའི་གསང་བརྟོལ་བྱུང་བ་དང༌། དགུ་ཚིགས་ཡོད་ཚད་ནི་ང་ཚོ་དང་རྒྱང་ཐག་རིང་དུ་འགྲོ་བཞིན་པ་མ་ཟད། ཁོང་ཚོ་ནང་ཕན་ཚུན་ཡང་རྒྱང་དཀྱེད་བཞིན་ཡོད། དེའི་རྒྱུ་མཚན་ནི་ཁོང་ཚོ་ཕན་ཚུན་དབར་གྱི་བར་སྣང་ངམ་གོ་ས་རྒྱ་སྐྱེད་བཞིན་པས་ཡིན། དེའི་ཕྱིར། གལ་སྲིད་ང་ཚོ་འདས་པའི་དུས་སུ་ཕྱིར་ལོག་བྱས་པ་ཡིན་ན། ཁྱེད་ཀྱིས་འཇིག་རྟེན་གྱི་ཁམས་འདི་ཐིག་ལེ་གཅིག་ཏུ་ནང་བསྐུམ་བྱེད་ཐུབ་པ་རྟོགས་ཐུབ། དེར་བརྟེན། འདི་ནི་ཁྱེད་ཀྱིས་བྷང་སྒྲ་ཆེན་མོའི་གཏན་ཚིགས་ལས་འཐོབ་ཏུ་རེ་རུང་བ་དེ་ཡིན་ནོ།།
ང་ཚོ་དོགས་གཞི་དངོས་ཤིག་གི་ཐོག་ཏུ་ཡོད་པའི་དཔང་རྟགས་གཞན་ཞིག་ནི་འཇིག་རྟེན་གྱི་ཁམས་འདིའི་ནང་གི་རྫས་ཧྱི་ཌརོ་ཇིན་དང་ཧི་ལིཡམ་གྱི་ཁྱོན་འབོར་ལས་རྙེད་སོན་བྱུང་ཡོད། འདིས་འཇིག་རྟེན་གྱི་ཁམས་འདི་བཞིན་ཚ་ཞིང་ཚགས་དམ་པའི་ཟླུམ་གཟུགས་ཤིག་ལས་འགོ་ཚུགས་པར་འདོད་པའི་ང་ཚོའི་རེ་སྙེགས་དེའི་ཁ་སྐོང་དུ་འགྱུར་བཞིན་ཡོད་དོ།།
དཔང་རྟགས་གསུམ་པ་དེ་ནི་ཆེས་ཡིད་དུ་འོང་བའི་ཟློས་གར་ལྟ་བུ་ཞིག་སྟེ། བྷང་སྒྲ་ཆེན་མོའི་གཏན་ཚིགས་ཀྱིས་གདོད་མའི་འཇིག་རྟེན་གྱི་ཁམས་ཚ་ཞིང་སྲེགས་པ་དེའི་འོད་ཀྱི་ལྷག་མ་རྣམས་ད་དུང་ཡང་ང་ཚོ་དང་ལྷན་དུ་ཡོད་པར་སྔོན་དཔག་བྱས་པ་རེད། འོན་ཀྱང་ད་ལྟ་ཧ་ཅང་མངོན་ཆུང་དུ་གྱུར་ཡོད། སྤྱི་ལོ་༡༩༦༥ ལོར། ཨེར་ནཱོ པེན་ཛིཡ་དང་རཱོ་བྷེར་ཊ ཝིལ་སོན་ཟེར་བའི་ཨ་རིའི་ཚན་རིག་པ་གཉིས་ཀྱིས་སྟེས་དབང་ལྟ་བུའི་སྒོ་ནས་གནམ་མཁའི་ཕྱོགས་ཡོངས་ནས་འོང་བའི་"སྣང་སྲིད་གཞི་གདན་ཕྲ་རླབས་"ཞེས་པ་དེ་རྙེད་སོན་བྱུང་བ་རེད། བྷང་སྒྲ་ཆེན་མོ་དེ་ཧ་ལམ་ལོ་ངོ་ས་ཡ་སྟོང་ཕྲག་བཅུ་བཞི་ཙམ་གྱི་ཡར་སྔོན་དུ་བྱུང་རུང་དེས་འཇིག་རྟེན་གྱི་ཁམས་འདིར་མངོན་གསལ་དོད་པོ་མེད་པའི་རྟགས་མཚན་བཞག་ཡོད་པ་རེད། །
འཇིག་རྟེན་གྱི་ཁམས།
ཕྱི་རོལ་ཏུ་གོམ་པ་སྤོས་ནས་ཁྱེད་རང་ཉིད་ཀྱི་ཉེ་འཁོར་ལ་ལྟོས་དང༌། ཁང་པ་དང་ལྗོན་ཤིང་གི་ཚོགས་འདི་ཚང་མ་ང་ཚོའི་ཁྱིམ་གཞི་སྟེ། སའི་གོ་ལའི་ངོས་སུ་ཆགས་ནས་ཡོད་པ་རེད། ད་ཁྱེད་ཀྱིས་ཡར་ལྟོས་དང༌། ཁྱེད་ཀྱིས་ཅི་ཞིག་མཐོང་སོང༌། གནམ་སྔོན་པོ་དང༌། སྤྲིན་པ། ཉི་མ། གཅིག་བྱས་ན་ཟླ་བ་དང༌། མཚན་མོའི་དུས་སུ་ད་དུང་ཁྲ་ལམ་ལམ་གྱི་སྐར་ཚོགས་བཅས་གནམ་ངོ་ནས་མཐོང་ཐུབ་ངེས། ཉིན་མོའི་དུས་སུ་ཡང་སྐར་ཚོགས་མུ་མཐུད་ནས་བཀྲ་བཞིན་ཡོད། འོན་ཀྱང་ང་ཚོས་རང་ཉིད་ཀྱི་ཁོར་ཡུག་ནང་གི་སྐར་མ་སྟེ། ཉི་མའི་བཀྲགས་མདངས་ལ་བརྟེན་ནས་སྐར་མ་གཞན་རྣམས་ཉིན་མོར་མཐོང་མི་ཐུབ། གལ་སྲིད་སྐར་ཚོགས་རྣམ་པར་བཀྲ་བའི་མཚན་མོའི་གནམ་མཁར་བལྟས་པ་ཡིན་ན་ཁྱེད་ཀྱིས་ཆེས་རྒྱང་ཐག་རིང་པོ་དང༌། འདས་པའི་དུས་རབས་ནང་གི་སྐར་ཚོགས་ཀྱང་མཐོང་ཐུབ། ཁྱེད་ཀྱིས་མཐོང་ཚད་ཚང་མ་དང༌། ཆེས་ཆུང་བའམ་ཡང་ན་མངོན་པར་མི་གསལ་བའི་རྐྱེན་གྱིས་ཁྱེད་ཀྱིས་མཐོང་མི་ཐུབ་པ་དང༌། ཡང་ན་འོད་དུ་མི་འཚེར་བའི་དངོས་པོ་སོགས་ཡོད་ཚད་ནི་འཇིག་རྟེན་གྱི་ཁམས་ཞེས་པ་འདིའི་ཆ་ཤས་ཡིན་ནོ།།
འགྲོ་བ་མིའི་ལོ་རྒྱུས་ཀྱི་རྒྱུད་རིམ་ཁྲོད་དུ་མི་རྣམས་ཀྱིས་གནམ་མཁར་ཅེར་བཞིན་འཇིག་རྟེན་གྱི་ཁམས་འདི་ངོ་མཚར་དུ་འཛིན་པ་རེད། ཁོང་ཚོས་འཇིག་རྟེན་གྱི་ཁམས་འདི་གཏམ་རྒྱུད་དུ་བསྐྲུན་པ་དང༌། དེ་དག་དཔའ་བོའི་མི་སྣ་དང་ངོ་མཚར་བའི་སྲོག་ཆགས་སུ་བསྐྲུན་པ་རེད། འོན་ཀྱང༌། འདས་པའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཤིག་ནས་བཟུང་དོན་དངོས་ཐོག་འཇིག་རྟེན་གྱི་ཁམས་འདི་ཇི་འདྲ་ཞིག་ཡིན་མིན་ང་ཚོས་གཞི་ནས་ཤེས་རྟོགས་བྱུང་འགོ་ཚུགས་པ་ཡིན་ནོ།།
འཇིག་རྟེན་ཁམས་ལ་འཛིན་པའི་གནའ་བོའི་རིག་པ།
གདོད་མའི་མི་ཐམས་ཅད་ཀྱིས་སའི་གོ་ལ་ནི་འཇིག་རྟེན་གྱི་དཀྱིལ་དབུས་སུ་ཡོད་པར་འདོད་པ་རེད། དུས་རབས་བར་མའི་སྐབས་སུ། མི་རྣམས་ཀྱིས་གནའ་བོའི་གྷི་རིཀ་ཡི་རིག་པ་དང༌། ཨེ་རིས྄ ཊོ་ཊོལ་དང༌། ཊོ་ལི་མཱེ་བཅས་ཀྱི་རིག་པར་ཡིད་ཆེས་བྱས། ཁོང་ཚོས་སྐར་ཚོགས་ནི་ཕྱི་གསལ་ནང་གསལ་གྱི་ངོས་དེར་གཏན་འཇགས་སུ་གནས་པ་དང༌། སྐར་མའི་ཚོགས་དང༌། ཉི་མ། གཟའ་སྐར་གྱི་ཚོགས་ཀྱིས་སའི་གོ་ལར་འཁོར་སྐྱོད་བྱེད་ཀྱིན་པར་བསམ་པ་རེད།
སྤྱི་ལོ་༡༥༤༣ ལོར། པོ་ལི་ཞི་རྒྱལ་ཁབ་ཀྱི་སྐར་དཔྱད་རིག་པ་བ་ནཱི་ཀོ་ལས྄ ཀོ་པཱར་ནིཀས྄་ཡིས་སའི་གོ་ལ་དང་གཟའ་སྐར་རྣམས་ཀྱིས་ཉི་མར་འཁོར་སྐྱོད་བྱེད་བཞིན་པའི་དགོངས་འཆར་བཏོན་པ་དང༌། དེ་ནས་ཅུང་མི་རིང་བར། ཨི་ཋཱ་ལི་རྒྱལ་ཁབ་ཀྱི་ཚན་རིག་པ་གྷེ་ལི་ལིཡོ་ཡིས་རྒྱང་མཐོང་ཆེ་ཤེལ་བེད་སྦྱད་ནས་ཆེས་ཐོག་མར་གནམ་མཁར་ཞིབ་འཇུག་བྱས། ཀོ་པཱར་ནིཀས྄་ཡི་ལྟ་བས་ཡི་ཤུ་ཁཱེ་ཐོ་ལིཀ་ཆོས་ལུགས་དགག་གིན་ཡོད་ཀྱང་ཁོས་དེ་ཉིད་བརྒྱུད་བསྒྲགས་བྱས། ནིའུ་ཊོན་གྱིས་རང་ཉིད་ཀྱི་འཐེན་ཤུགས་གཏན་ཚིགས་ལེགས་གྲུབ་ཟིན་པའི་སྐབས་སུ། ཁོང་གིས་སའི་གོ་ལ་དང་གཟའ་སྐར་གཞན་རྣམས་ཀྱིས་ཉི་མར་རང་འཁོར་ཇི་ལྟར་བྱེད་ཚུལ་རྩིས་རིག་པའི་ཐོག་ནས་འགྲེལ་བརྗོད་བྱེད་ཐུབ་པར་གྱུར་ཏོ།།
མི་རྣམས་ཀྱིས་གཅིག་ལས་གཅིག་ལེགས་པའི་རྒྱང་མཐོང་ཆེ་ཤེལ་བེད་སྤྱོད་བྱས་པ་ལ་བརྟེན་ནས། ཁོང་ཚོས་མངོན་པར་མི་གསལ་པའི་བྱ་དངོས་དག་ཀྱང་མཐོང་ཐུབ་པར་གྱུར། ཁོང་ཚོས་སྐར་མའི་ཚོགས་རྣམས་རྒྱང་ཐག་ཅི་ཙམ་རིང་མིན་ཚད་གཞལ་རྒྱུ་དང༌། གནམ་མཁར་གནས་པའི་མངོན་པར་མི་གསལ་བའི་སྒོ་ནས་འཚེར་བཞིན་པའི་དངོས་པོ་དག་དོན་དངོས་ཐོག་ཅི་ཞིག་ཡིན་མིན་འཚོལ་ཞིབ་བྱ་རྒྱུའི་ཐབས་ལམ་རྙེད་པ་རེད། དེ་ལྟར་ཁོང་ཚོས་གཞི་ནས་འཇིག་རྟེན་ཁམས་འདི་བཞིན་ཇི་འདྲའི་གཟི་བྱིན་ལྡན་པ་ཞིག་དང་རྒྱ་ཆེ་བ་ཞིག་ཡིན་མིན་ངེས་ཤེས་རྙེད་འགོ་ཚུགས་སོ།།
འཇིག་རྟེན་ཁམས་འདིའི་ནང་ནས་ང་ཚོས་
ཅི་ཞིག་མཐོང་ཐུབ་བམ།
ང་ཚོའི་སའི་གོ་ལ་འདི་ནི་ཉི་མར་རང་འཁོར་བྱེད་ཀྱིན་པའི་གཟའ་སྐར་དགུའི༡་ནང་གི་གཅིག་ཡིན་ཞིང༌། ང་ཚོས་དེར་ཕྱོགས་སྒྲིག་གཟའ་སྐར་གྱི་ཚོགས་ཟེར་བ་དང༌། དེར་མཚམས་རེར་གཤིན་རྒྱལ་ལས་རྒྱང་ཐག་རིང་བའི་ཉི་མའི་ཁྱིམ་རྒྱུད་ནས་ལྷུང་ཡོང་བའི་རྒྱུ་སྐར་ཕྲ་མོ་དང༌། སྐར་མ་དུ་བ་མཇུག་རིང་སོགས་ཀྱང་འདུའོ།།
ཉི་མ་ནི་ང་ཚོ་དང་རྒྱང་ཐག་སྤྱི་ལེ་ས་ཡ་༡༥༠ ཙམ་གྱི་ཕ་རོལ་ཏུ་ཡོད། དེ་ཉིད་ང་ཚོར་མཚོན་ན་ཆེས་ཧ་ཅང་ཆེ་བས་བསམ་ཡུལ་ལས་འདས་པ་ཞིག་ཡིན་རུང༌། འོན་ཀྱང༌། སྐར་མ་གཞན་དག་གི་རྒྱང་ཐག་དང་བསྡུར་ན་དེ་ནི་ཧ་ལས་དགོས་པ་དེ་འདྲ་ཞིག་མིན། སྐར་དཔྱད་རིག་པ་བ་ཚོས་རྒྱང་ཐག་འགྲེལ་བརྗོད་བྱེད་པ་ལ་ཐབས་ལམ་ལས་སླ་བོ་གཞན་ཞིག་རྙེད་པ་དང༌། དེར་ཁོང་ཚོས་འོད་ཀྱི་མགྱོགས་ཚད་བེད་སྤྱོད་ཀྱིན་ཡོད། དེ་ནི་དངོས་པོ་ཀུན་ལས་ཆེས་མགྱོགས་ཤོས་དེ་ཡིན་པ་སྟེ། འོད་ཀྱིས་དུས་ཡུན་སྐར་ཆ་གཅིག་གི་ནང་དུ་རྒྱང་ཐག་སྤྱི་ལེ་༣༠༠༠༠༠ འགྲུལ་སྐྱོད་བྱེད་ཐུབ། ཉི་མའི་འོད་དེ་སའི་གོ་ལར་འབྱོར་བར་དུས་ཡུན་སྐར་མ་བརྒྱད་འགོར་བས་ན། ང་ཚོས་ཉི་མ་ནི་སའི་གོ་ལ་ལས་རྒྱང་ཐག་འོད་སྐར་བརྒྱད་ཀྱི་ཕ་རོལ་ཏུ་ཡོད་པར་བཤད་པ་རེད། ཉི་མ་དང་རྒྱང་ཐག་ཆེས་ཉེ་ཤོས་ཀྱི་ཁྱིམ་མཚེས་ནི་སྐར་མ་ Proxima Centauri ཡིན་པ་དང༌། དེ་ནི་ཉི་མ་དང་རྒྱང་ཐག་འོད་ལོ་བཞི་ཙམ་གྱི་ཕ་རོལ་ཏུ་ཡོད། དེའི་ཕྱིར། ང་ཚོས་སྐར་མ་དེ་ཉིད་མཐོང་དུས་ཀྱི་འོད་ནི་སྐར་མ་དེས་ལོ་ངོ་བཞིའི་ཡར་སྔོན་དུ་བཀྱེས་པའི་འོད་མདངས་དེ་ཡིན་པ་དང༌། ཁྱེད་ཀྱིས་གནམ་ངོར་ཅེ་རེར་བལྟ་དུས་སུ། དོན་དངོས་ཐོག་ཁྱེད་ཀྱིས་འདས་པའི་དུས་ཚོད་ལ་ཕྱིར་བལྟ་བྱེད་ཀྱིན་ཡོད་དོ།།
ང་ཚོའི་ཉི་མ་ནི་ཆེས་སྤྱིར་བཏང་གི་སྐར་མ་ཞིག་ཡིན་པ་མ་ཟད། ཅུང་ཆུང་ཆུང་ཞིག་ཀྱང་རེད། དེ་ནི་དགུ་ཚིགས་སྟེ། ང་ཚོས་གནམ་གྱི་སྐེ་རགས་སུ་འབོད་པ་འདི་ཉིད་སྒྲུབ་བྱེད་ཀྱི་རྒྱུ་སྐར་སྟོང་ཕྲག་མང་པོའི་ནང་གི་གཅིག་ཉིད་དོ།།
གནམ་གྱི་སྐེ་རགས་ནི་གཅུས་འཁྱིལ་གྱི་དགུ་ཚིགས་ཤིག་ཡིན་པ་དང༌། ང་ཚོའི་ཉི་མ་ནི་གཅུས་འཁྱིལ་འདིའི་ཕྱི་ངོས་ཤིག་ཏུ་ཡོད། ང་ཚོའི་དགུ་ཚིགས་ནང་འདིར་རླངས་རྫས་དང་རྡུལ་རྫས་ཀྱང་མང་པོ་ཞིག་ཡོད་པར་མ་ཟད། རླངས་རྫས་ཀྱི་ཚོགས་འགའ་ཤས་ནང་དུ་སྐར་མ་གསར་པ་ཡང་སྐྱེ་བཞིན་ཡོད། ང་ཚོས་དགུ་ཚིགས་འདིའི་དཀྱིལ་དབུས་སུ་བོངས་ཆེ་བའི་ནག་ཁུང་ཞིག་ཡོད་པར་སེམས་བཞིན་ཡོད། ང་ཚོའི་དགུ་ཚིགས་སྟེ། གནམ་གྱི་སྐེ་རགས་འདིའི་རྒྱ་ཁྱོན་ལ་འོད་ལོ་འབུམ་གཅིག་ཙམ་ཡོད་དོ།།
ང་ཚོ་དང་ཐག་ཉེ་སར་དགུ་ཚིགས་གཞན་ཡང་ཡོད། དགུ་ཚིགས་ཨེན་ཌ་རཱོ་མེ་ཌ་ནི་ང་ཚོའི་དགུ་ཚིགས་ལས་ཀྱང་ཆེ་བའི་གཅུས་འཁྱིལ་ཅན་ཞིག་ཡིན། ང་ཚོ་དང་དགུ་ཚིགས་ཨེན་ཌ་རཱོ་མེ་ཌ་གཉིས་ཀྱིས་དགུ་ཚིགས་༣༠ ལྷག་གིས་གྲུབ་པའི་ས་གནས་ཚོགས་ཆུང་Local Groupཟེར་བ་དེའི་ནང་གི་སྐར་ཚོགས་ཤིག་གི་ཆ་ཤས་ཙམ་གྲུབ་ཐུབ་པ་དང༌། ས་གནས་ཚོགས་ཆུང་གཅིག་གི་རྒྱ་ཁྱོན་ལ་འོད་ལོ་ས་ཡ་གསུམ་ལྷག་ཡོད་དོ།།
དགུ་ཚིགས་ཀྱིས་སྐར་ཚོགས་གྲུབ་ཅིང་སྐར་ཚོགས་དག་ནི་ཆེས་མཐོའི་སྐར་ཚོགས་ཀྱི་གྲུབ་ཆར་འགྱུར་བ་རེད། ང་ཚོ་དང་ཐག་ཉེ་བ་ནི་ཝིར་གྷོ་སྐར་ཚོགས་ཡིན་ཞིང༌། དེ་ནི་ས་གནས་ཚོགས་ཆུང་ལས་ཆེས་ཧ་ཅང་གིས་ཆེ་བ་ཡོད། དེའི་རྒྱ་ཁྱོན་ལ་འོད་ལོ་ས་ཡ་དགུ་ཙམ་ཡོད་པ་དང་དགུ་ཚིགས་གྲངས་༢༠༠༠ ལྷག་འདུས་ཡོད།
ང་ཚོ་དང་ཝིར་གྷོ་སྐར་ཚོགས་གཉིས་ནི་ཕལ་ཆེར་ཆེས་ཆེ་བའི་ཆེས་མཐོའི་སྐར་ཚོགས་ཤིག་གི་ཆ་ཤས་ལྟ་བུར་སྣང༌། སྐབས་རེར་དགུ་ཚིགས་དང་སྐར་ཚོགས་དག་གིས་འོད་ལོ་ས་ཡ་མང་པོའི་རིང་ལ་སྟར་ཆགས་སུ་གྲུབ་པ་དང༌། དགུ་ཚིགས་འདི་དག་གི་ཉག་མཚམས་ནི་རྒྱ་ཁྱོན་ཧ་ཅང་ཆེ་བའི་བར་སྣང་སྟོང་པ་ཡིན་ནོ།།
བར་སྣང་རང་ཉིད་ནི་རྒྱ་བཀྱེད་བཞིན་ཡོད། དེར་བརྟེན་བར་སྣང་དུ་ཡོད་པའི་དགུ་ཚིགས་དག་ཀྱང་སྤྱིའི་ཆ་ནས་ཕན་ཚུན་རྒྱ་བཀྱེད་བཞིན་ཡོད་ལ།གལ་སྲིད་ཁོ་ཚོ་ཐག་ཉེ་ཞིང་ཕན་ཚུན་དབར་འཐེན་ཤུགས་ཀྱི་ཤུགས་རྐྱེན་མེད་ཚེ། འཇིག་རྟེན་ཁམས་འདི་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། མ་ཟད། ཉེ་བའི་ཆར་ཚན་རིག་པ་ཚོས་འཇིག་རྟེན་གྱི་ཁམས་འདི་རྒྱ་བཀྱེད་ཚད་དེ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་པའི་གསང་བརྟོལ་བྱུང་ཡོད་དོ།།
འདི་ནི་སྐར་དཔྱད་རིག་པ་བ་ཚོས་རྒྱང་མཐོང་ཆེ་ཤེལ་བེད་སྦྱད་ནས་ཆ་ཤས་མང་པོ་བསགས་ཐུབ་པར་གྱུར་བའི་འཇིག་རྟེན་ཁམས་ཀྱི་གཟུགས་བརྙན་རེད། འོན་ཀྱང༌། རྒྱང་མཐོང་ཆེ་ཤེལ་གྱིས་ཀྱང་དེར་སླེབས་ཐུབ་པའི་འོད་ཟེར་རེ་ཟུང་ལ་བརྟེན་དགོས། དེའི་གོ་དོན་ནི་ང་ཚོས་རྒྱུན་ལྡན་ནས་མིག་གིས་མཐོང་ཐུབ་པའི་འོད་ཟེར་མ་ཡིན་པ་སྟེ། མིག་གིས་མཐོང་མི་ཐུབ་པའི་འོད་དཔེར་ན་འོད་དང༌། སྨུག་ཕྱི། དམར་ནང༌། རླུང་འཕྲིན་འོད་རླབས་སོགས་ལྟ་བུའོ།། ང་ཚོས་ཆོས་ཐམས་ཅད་མཐོང་བཞིན་ཡོད་དམ། ཡང་ན་འོད་ཟེར་བེད་སྤྱད་ནས་ཀྱང་མཐོང་མི་ཐུབ་པའི་བྱ་དངོས་ཡོད་དམ།།
འཇིག་རྟེན་ཁམས་འདིའི་ནང་ནས་ང་ཚོས་ཅི་ཞིག་
མཐོང་མི་ཐུབ་བམ།
དུས་ཡུན་རིང་པོ་ཞིག་གི་ནང་དུ་ཚན་རིག་པ་ཚོས་ང་ཚོས་ཅི་ཞིག་མཐོང་ཐུབ་པ་ནི་འཇིག་རྟེན་གྱི་ཁམས་འདིའི་ནང་གི་ཡོད་ཚད་ཡིན་པར་ཡིད་ཆེས་བྱས་པ་རེད། བེམ་གཟུགས་ནི་ཡོད་ཚད་སྟེ། རྡུལ་ཕྲན་ལས་གྲུབ་ཅིང་ཚ་དྲོད་ཆེ་བའི་གནས་སྐབས་སུ་འོད་སྤྲོ་བ་དང༌། ང་ཚོས་འོད་ཟེར་དེ་དག་ཆེས་མངོན་པར་མི་གསལ་བར་འགྱུར་བའི་བར་དུ་བསྡུ་ལེན་བྱེད་ཐུབ། གོང་དུ་འགྲེལ་བཤད་བྱས་ཟིན་པ་མཐའ་དག་ནི་སྤྱིར་བཏང་གི་བེམ་གཟུགས་ཀྱིས་གྲུབ་པ་ཤ་སྟག་ཡིན་པ་དང༌། དེ་དག་འོད་སྤྲོ་བའི་རྒྱུ་མཚན་གྱིས་ང་ཚོས་དེ་དག་གི་སྐོར་ལ་ཤེས་རྟོགས་བྱེད་ཐུབ་པ་ཡིན་ནོ།།
སྐར་དཔྱད་རིག་པ་བ་ཚོས་དགུ་ཚིགས་དག་གི་འཁོར་འགྲོས་ཇི་ཙམ་མགྱོགས་མིན་ལ་བརྟགས་པའི་ཚེ་ནདགུ་ཚིགས་མང་ཆེ་བ་ཞིག་གི་རང་འཁོར་རྒྱག་བཞིན་ཡོད།། ཁོང་ཚོས་འཇིག་རྟེན་གྱི་ཁམས་འདིའི་ནང་དུ་ང་ཚོས་མཐོང་ཐུབ་པའི་དངོས་པོ་ལས་ཀྱང་ཆེས་མང་བ་ཞིག་ཡོད་པར་རྟོགས་པ་རེད། ང་ཚོས་མཐོང་ཐུབ་པའི་སྐར་མ་དང༌། རླངས་རྫས། རྡུལ་བཅས་ནི་དགུ་ཚིགས་ཀྱི་གོང་བུ་འདིའི་ཆ་ཤས་ཆུང་ཆུང་ཙམ་ཞིག་ཡིན་ལ། ལྷག་མ་ཐམས་ཅད་ནི་མི་མངོན་པའི་དངོས་རྫས་ཡིན་པར་སྙམ་ལ། དེར་ཚན་རིག་པ་ཚོས་ནག་རྫས་སུ་འབོད་དོ།། ཁོང་ཚོས་དངོས་པོ་དེ་དག་ཅི་ཞིག་ཡིན་མིན་ཐད་འཚོལ་ཞིབ་བྱེད་ཀྱིན་ཡོད། ཚན་རིག་པ་རེ་ཟུང་གིས་དེ་དག་ནི་ཧ་ཅང་ཁྱད་མཚར་བའི་རྡུལ་ཞིག་གིས་གྲུབ་པར་སྙམ་པ་རེད། དེ་ནི་ཅི་ཞིག་ཡིན་རུང༌། འཇིག་རྟེན་གྱི་ཁམས་འདིར་དངོས་པོ་དེའི་རིགས་ཆེས་ཧ་ཅང་མང་པོ་ཞིག་ཡོད་པར་སྣང་ངོ༌།།
དེ་ལས་ཀྱང་ཆེས་གལ་ཆེ་བ་གཞན་ཞིག་སྟེ། འཇིག་རྟེན་གྱི་ཁམས་འདིའི་གྲུབ་ཆ་ཞིག་ལྐོག་གྱུར་ཇི་བཞིན་དུ་འབྱུང་བཞིན་ཡོད། ཚན་རིག་པ་ཚོས་འཇིག་རྟེན་གྱི་ཁམས་འདིའི་རྒྱ་བཀྱེད་ཚད་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་པའི་གསང་བརྟོལ་མ་བྱུང་བའི་བར་དུ་དེ་ལྟ་བུ་ཞིག་ཡོད་པ་ཡང་ངོས་འཛིན་བྱས་ཐུབ་མེད། འཇིག་རྟེན་གྱི་ཁམས་འདིའི་ནང་དུ་འཐེན་ཤུགས་ཀྱི་ཁ་གཏད་དུ་ལངས་པའི་ལྡོག་ཟླའི་འཐེན་ཤུགས་ཀྱི་བྱེད་ལས་ཤིག་ཡོད་པར་སྣང་ལ། དེར་ཚན་རིག་པ་ཚོས་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་ནང་དུ་ཁྱད་མཚར་བའི་ནུས་ཤུགས་ཤིག་ཡོད་པ་དང་དེས་རྐྱེན་འདི་ཉིད་བསྐྱེད་པར་འདོད་བཞིན་ཡོད་པ་དང༌། ཁོང་ཚོས་དེ་ལ་ནག་ཤུགས་སམ་མི་མངོན་པའི་ཤུགས་སུ་འབོད་པ་རེད། །
ང་ཚོས་མིག་གིས་མཐོང་ཐུབ་པའི་སྐར་མ་རྣམས་དང་དགུ་ཚིགས་ཀྱི་ཚོགས་དང༌། འཇིག་རྟེན་གྱི་ཁམས་འདིའི་ནང་གི་སྤྱིར་བཏང་གི་དངོས་པོ་ཡོད་ཚད་བཅས་ནི་རང་རང་གི་ཆ་ཤས་ཚོགས་པ་ལས་གྲུབ་པ་ལྟར་སྣང་ཡང༌། ལྷག་མ་ཐམས་ཅད་ནི་ནག་རྫས་དང་ནག་ཤུགས་ཀྱིས་གྲུབ་པར་འདོད་དོ།།
འདི་དག་ཡོད་ཚད་ནི་ང་ཚོས་ཤེས་རྟོགས་ཐུབ་ཡོད་པའི་འཇིག་རྟེན་གྱི་ཆ་ཤས་ཤིག་ཡིན། འདི་ལས་ལྷག་པ་གཞན་ཡོད་དམ། ང་ཚོའང་རང་ཉིད་ལས་ཆེ་བའི་དབྱིབས་གཟུགས་གཞན་ཞིག་གི་ཆ་ཤས་ཡིན་ནམ། འོན་ཀྱང་ང་ཚོས་ད་དུང་ཤེས་རྟོགས་ཐུབ་མེད།
འཇིག་རྟེན་གྱི་ཁམས་འདི་ཇི་ལྟར་འགོ་ཚུགས་པ་ཡིན་ནམ།
འཇིག་རྟེན་གྱི་ཁམས་འདི་ནི་ལོ་ངོ་ཐེར་འབུམ་བཅུ་བཞིའི་དུང་ཕྱུར་༡༤༠སྔོན་དུ་འགས་གཏོར་ཆེན་པོ་ཞིག་བྱུང་བ་ལས་འགོ་ཚུགས་པར་དཔང་རྟགས་ཁུངས་བཙན་པོ་ཡོད་པ་དང༌། ང་ཚོས་དེར་བྷང་སྒྲ་ཆེན་པོ་ཞེས་འབོད་པ་རེད། དེ་ནས་བཟུང་བར་སྣང་དང་དུས་ཚོད་ཡོད་པར་གྱུར་བ་དང་བར་སྣང་ནི་དུས་དེ་ནས་ད་ལྟའི་བར་དུ་ནམ་ཡང་རྒྱ་བཀྱེད་བཞིན་ཡོད། མ་ཟད་ཚན་རིག་པ་ཚོས་བྷང་སྒྲ་ཆེན་པོ་དེའི་མི་མངོན་པའི་བྲག་ཅའང་བསྡུས་ཡོད་དོ།།
བྷང་སྒྲ་ཆེན་པོ་དེའི་སྐད་ཅིག་གཉིས་པར་འཇིག་རྟེན་གྱི་ཁམས་འདི་ནི་ཆེས་ཧ་ཅང་གིས་ཚ་ཞིང་ཚགས་དམ་པ་ཞིག་ཡིན། མ་ཟད་དེ་ནི་ཆེས་བཀྲགས་པའི་འོད་དང་བཅས་འབར་བཞིན་ཡོད། དེ་ཉིད་རིམ་བཞིན་གྲང་བར་གྱུར་བ་དང་མཉམ་དུ་ནུས་ཤུགས་དེ་དག་རྡུལ་དུ་གྱུར་བ་དང༌། ལོ་ངོ་འབུམ་གསུམ་ཙམ་གྱི་རྗེས་སུ་རྡུལ་ཕྲན་གྲུབ་པ་རེད། དུས་ཡུན་རིང་པོ་ཞིག་གི་ནང་ལ་དེ་ནི་སྨག་རུམ་གྱིས་ཁེངས་ཡོད་པ་དང༌། བྷང་སྒྲ་ཆེན་པོའི་རྗེས་ཀྱི་ལོ་ངོ་ཐེར་འབུམ་གཅིག་ས་ཡ་༡༠༠༠ཙམ་གྱི་རྗེས་སུ་སྐར་མ་དང་དགུ་ཚིགས་རྣམས་གྲུབ་པ་དང་མཉམ་དུ་འོད་སྤྲོ་འགོ་བརྩམས་སོ།།
འཇིག་རྟེན་གྱི་ཁམས་འདིར་ཅི་ཞིག་
འབྱུང་ངེས་སམ།
བྷང་སྒྲ་ཆེན་པོ་བྱུང་བ་ནས་བཟུང་བར་སྣང་ནི་རྒྱ་བཀྱེད་བཞིན་ཡོད། ཚན་རིག་པ་རེ་ཟུང་གིས་བར་སྣང་རྒྱ་བཀྱེད་ཚད་འདི་རིམ་བཞིན་ཇེ་དལ་དུ་འགྲོ་བ་དང་དེ་ནས་རིམ་བཞིན་ཕྱིར་བསྐུམ་པ་དང༌། དངོས་པོ་ཐམས་ཅད་གོང་བུ་གཅིག་ཏུ་བསྒྲིལ་བ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་འདི་བཞིན་བཙིར་གཅུན་ཆེན་པོ་ཞིག་གི་ནང་དུ་མཇུག་བསྒྲིལ་བར་འདོད་བཞིན་ཡོད། འོན་ཀྱང་དེ་ནི་དོན་དངོས་དང་མཐུན་པ་ལྟ་བུར་མི་སྣང༌། ད་ལྟ་ཚན་རིག་པ་ཚོས་བྱ་དངོས་ཡོད་ཚད་ནི་སྔར་ལས་ཀྱང་རྙོག་འཛིང་ཅན་དུ་འགྱུར་བཞིན་པ་རྟོགས་ཡོད་དེ། འཇིག་རྟེན་རྒྱ་བཀྱེད་ཚད་ནི་ཇེ་དལ་དུ་འགྲོ་བའི་ཚབ་ལ་ད་དུང་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས་སོ།།
འཇིག་རྟེན་གྱི་ཁམས་འདི་བཞིན་མུ་མཐུད་ནས་རྒྱ་ཇེ་ཆེ་དང་ཇེ་གྲང་དུ་འགྲོ་ངེས་པ་ལྟ་བུ་དེ་ལྟར་ཡང༌། དུས་ཀྱི་འགྱུར་རིམ་ཁྲོད་ནས་དགུ་ཚིགས་ཚོའི་ཁྲོད་དུ་གནས་པའི་རླངས་གཟུགས་ཡོད་ཚད་ནི་སྐར་མའི་གྲུབ་ཆར་བེད་སྤྱོད་བྱེད་པར་ངེས་པ་དང༌། སྐར་མ་རྣམས་ནི་རིམ་བཞིན་ན་ཚོད་ལོན་ནས་འཇིག་པར་འགྱུར་ངེས་རེད། འོན་ཀྱང༌། དེ་གར་ང་ཚོས་ད་དུང་ཡང་རྟོགས་མེད་པའི་དངོས་པོ་ཡོད་སྲིད་པ་དང༌། དེས་སྐྱེ་དངོས་རིགས་ལ་ཅི་ཞིག་བྱེད་ནུས་མིན་ནི་སུས་ཀྱང་བཤད་མི་ཐུབ་པ་ཞིག་གོ།
འཇིག་རྟེན་གྱི་ཁམས་གཅིག་ལས་མེད་དམ།
གཏན་ཚིགས་རེ་ཟུང་གིས་བྷང་སྒྲ་ཆེན་མོ་འདི་འདྲ་གཅིག་ལས་མ་བྱུང་བ་མིན་པ་དང༌། འཇིག་རྟེན་གྱི་ཁམས་གཞན་དག་མང་པོ་ཞིག་དུས་རྟག་ཏུ་འབྱུང་བཞིན་ཡོད་པར་ཚོད་དཔགས་བྱེད་བཞིན་ཡོད། གཅིག་བྱས་ན་འདི་དག་ཕལ་ཆེ་བ་ཞིག་ཡུན་གནས་ཐུབ་པ་ཞིག་མིན་པར་སྣང་ལ། གཅིག་བྱས་ན་ང་ཚོ་ནི་བྱ་དངོས་ཆེན་པོ་སྐར་མ་དང་གཟའ་སྐར་ལྟ་བུ་རྣམས་ཆགས་པར་གློག་ཤུགས་དང་འཐེན་ཤུགས་ཀྱིས་མཚོན་པའི་ཤུགས་ནུས་འཚམས་པོར་ཡོད་པ་དང༌། སྐྱེ་དངོས་རིགས་ལ་འཕེལ་འགྱུར་བྱུང་རག་བར་ཡུན་གནས་ཐུབ་མཁན་ཞིག་གི་ནང་ཡོད་དུ་སྲིད་ལ། ང་ཚོའི་འཇིག་རྟེན་གྱི་ཁམས་འདི་ཡང་གཅིག་བྱས་ན་"འཇིག་རྟེན་གྱི་ཁམས་དུ་མ"འི་ཆ་ཤས་ཤིག་ཡིན་དུ་སྲིད་དོ།།
བར་སྣང་རང་ཉིད་ཀྱང་ཇི་ལྟར་སྣང་བ་ལས་ལྷག་པའི་རྙོག་འཛིང་རང་བཞིན་ཅན་ཞིག་ཡིན་དུ་སྲིད་ལ། ཆ་ཚད་གསུམ་ཅན་གྱི་སྐོར་ལ་ང་ཚོར་གོ་རྟོགས་ཡོད། དངོས་པོའི་རིགས་ལ་རིང་ཚད་དང༌། ཞེང་ཚད། མཐོ་ཚད་བཅས་ཡོད་ཆོག འོན་ཀྱང་ཆ་ཚད་དེ་ལས་མང་བའི་དངོས་པོ་བྱུང་ན་ཅི་ཞིག་བྱའམ། ད་ཆ་ཚན་རིག་པ་མང་པོ་ཞིག་གིས་བར་སྣང་གི་ཆ་ཚད་གཞན་ཞིག་ཡོད་པར་བསམ་གཞིགས་བྱེད་ཀྱིན་ཡོད། འོན་ཀྱང་དེ་དག་ནི་ཚགས་དམ་པོར་འཐིམ་ཡོད་པས་དེ་དག་སྐོར་ལ་ཤེས་རྟོགས་གང་ཡང་ཐུབ་མེད་དོ།།
སྒྱུར་མཁན་གྱི་མཆན།
སྤྱི་ལོ་༢༠༠༧ ལོའི་ཟླ་༤ པར། རྒྱལ་སྤྱིའི་འཇིག་རྟེན་དཔྱད་རིག་ཚོགས་ཆེན་སྐབས་སུ། ང་ཚོའི་ཉི་མའི་ཁྱིམ་རྒྱུད་ནང་ཡོད་པའི་གཟའ་སྐར་དགུ་པ་སྟེ། གཟའ་སྐར་གཤིན་རྒྱལ་དེར་གཟའ་སྐར་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དག་ཚང་མེད་པར་བརྟེན། གཟའ་སྐར་གྱི་ཁྱིམ་ཚང་ནས་ཕྱིར་འཐེན་བྱ་རྒྱུའི་སྤྱི་མོས་གྲོས་མཐུན་བྱུང་བ་རེད། དེར་བརྟེན། ད་ཆ་གཟའ་སྐར་བརྒྱད་ལས་མེད་དོ།།
(སྒོ་དམར་སངས་རྒྱས་བཀྲ་ཤིས་ཀྱིས་བསྒྱུར)