Jump to content

User talk:མཁས་མཁས1

Page contents not supported in other languages.
ཡོང་ཁུངས་Wikipedia

ཁ་རྗེ་ལ་བུ་ཡོད་ཀྱང་། དབང་ཐང་ལ་ནུ་མ་སྐམ་ཟེར་བའི་དཔེ་ལྟ། གཞན་དྲིང་མི་འཇོག་པའི་སྐད་ཡིག་ཕུན་སུམ་ཚོགས་པ་ཞིག་རང་ཅག་སྤུན་ཟླ་ཚོ་ལ་ཡོད་ཀྱང་། དེ་རྒྱུན་འཛིན་བྱེད་སའི་ཕ་གཞིས་དྲོད་མོ་ནི་དགྲ་ལག་ཏུ་ཤོར་ཟིན་པས། རང་མི་རིགས་ཀྱི་ཚེ་སྲོག་དང་ངོ་བོ་གཉིས་སུ་མེད་པའི་རླབས་ཆེན་གྱི་སྐད་ཡིག་འདིར་ཉམས་རྒུད་ཚབས་ཆེར་འགྲོ་བཞིན་པའི་དུས་སུ། ངེད་རང་ཚོར་གྱེན་འདེབས་ཀྱི་ནུས་པ་ཆེན་པོ་རེ་འདོན་རྒྱུ་མེད་པར་ང་རང་ཧང་ཅང་ཕམ། སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད་དང་། ནང་དོན་རིག་པའི་ཕ་ས་ན་རང་ཅག་གི་སྐད་ཡིག་ནི་རི་རབ་ལས་དཔངས་མཐོ་ཤིང་རྒྱ་མཚོ་ལས་གཏིང་ཟབ། དམག་པོའི་སྐད་ཡིག་གིས་བཙན་འཛུལ་དང་། དུས་རབས་ཆ་འཕྲིན་གྱི་འགྲན་རྩོད་ཁྲོད་རང་ཅག་གི་སྐད་ཡིག་ནི་འཚར་ལོངས་བྱུང་མ་ཟིན་པའི་ཕྲུ་གུ་ཞིག་དང་གཉིས་སུ་མ་མཆིས། དེས་ན་ངས་ཕྲུ་གུ་འདི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་ནས་འཚར་ལོངས་བྱུང་ན་འདོད། རང་ལ་མཚན་ན་ཤེས་རབ་དང་འཇོན་ཐང་གང་ཡང་མེད་མཁན་ཞིག་ཡིན་མོད། འོན་ཀྱང་མི་རིགས་འདིའི་སྐད་ཡིག་འདི་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་བྱུང་ན་ཅི་མ་རུང་སྙམས་པའི་ཆེད་སེམས་གཏན་པོ་ཞིག་གིས། རང་མི་རིགས་ཀྱི་སྐད་ཡིག་འདི་འཛིན་སྐྱོངས་སྤེལ་གསུམ་བྱེད་པར། རང་ནུས་གང་ཡོད་ཀྱིས་རམ་འདེབས་བྱེད་ཅི་ཐུབ་བྱེད་བསམ་པའི་འདུན་པ་ཤུགས་དྲག་དང་ལྡན་ལགས།

བསང་མཆོད།

[རྩོམ་སྒྲིག]

བསང་མཆོད་ནི་བོད་ཀྱི་ལྷ་གསོལ་ཆོ་གའི་ནང་གོ་གནས་གལ་ཆེན་ཟིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ལ།དེ་ཡང་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་ལ་བསང་དུད་བདུགས་ཤིང་བསལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་སྟེ། ཐོག་མར་བོན་ལུགས་ནས་བྱུང་ཞིང་རིམ་བཞིན་བོད་ཁུལ་གྱི་གྲུབ་མཐའ་རིས་མེད་ལ་ཁྱབ་ཅིང་སིམ་སྟེ་མི་རིགས་ཀྱི་རྒྱུན་སྲོལ་ཞིག་ཏུ་གྱུར་འདུག་པ་ནི་ཀུན་ལ་གསལ་ཞིང་། དེའི་རྫས་གཙོ་བོ་ཤུག་པ་དང་སྤ་མ། བ་ལུ། མཁན་པ་སོགས་དྲི་མ་རྩི་ཤིང་གི་རིགས་ཡིན་ལ། རབ་ཡིན་ན་ཙན་དན་དཀར་དམར་དང་། ཨ་ག་རུ། གུར་གུམ། སྤང་སྤོས་སོགས་ཀྱང་བསྲེ། བསང་རྩམ་ལ་གཙོ་བོ་རྩམ་ཕྱེ་དང་མར། ཤེད་རྩི་སོགས་བསྲེས་ཏེ་སྤྱོད་ཅིང་། རབ་ཡིན་ན་དཀར་གསུམ་མངར་གསུམ་དང་། སྨན་ཕྱེ་སོགས་བསྡེབས་ཏེ་བསང་མེ་རུ་འདེབས་ལ། ད་དུང་ཇ་ཕུད་ཆང་ཕུད་དང་། གྲིབ་སེལ་གྱི་ཆབ་ཀྱང་འདེབས་པར་བྱེད། དེ་ལྟ་བུའི་གསང་གཏོང་གི་ཆོ་ག་སྤྱི་ལ་བསང་མཆོད་ཟེར་མོད། ཡང་སྐབས་རེར་བསང་གཏོང་བའི་དུས་སུ་རྒན་གཞོན་བར་མའི་སྐྱེ་བོ་སུ་ཡིན་ཡང་། མགོ་བླ་མ་སངས་རྒྱས་བྱང་སེམས་ནས། མཇུག་ས་བདག་གནས་བདག་བར་གྱི་ལྷ་ཚོགས་ཀུན་ལ་བསྟོད་པའི་ངག་གི་མཆོད་ཅིང་། མི་ལ་ན་ཚ་དང་། ཕྱུག་ལ་གོད་ཁ། ཚེ་ལ་བར་ཆད་སོགས་འབྱུང་བའི་རྐྱེན་དང་ངན་གྱི་རིགས་ཐམས་ཅད་བཟློག་པར་སྐུལ་བའི་ངག་གི་ཕྲེང་བ་དེ་ལ་ཕལ་སྐད་དུ་སྐོའུ་བ་སྟེ་ཡིག་སྐད་དུ་སྐུལ་བའང་ཡང་བསང་མཆོད་ཟེར་བ་ཡིན། བསང་མཆོད་དེ་ཡང་སྡེ་བ་རེ་རེ་ན་བསང་མཆོད་རེ་དང་། མི་རེའི་ངག་ན་སྐོའུ་བ་རེ་ཡོད་མོད། འདིར་ཚིག་གི་སྦྱོར་བ་དང་དོན་གྱི་གནད་འདུས་བའི་ཁྱད་ཆོས་ལ་དམིགས་ནས། དྲང་སྲོང་སེམས་དཔའ་ཆེན་པོ་རྗེ་ངག་དབང་ཆོས་ལྡན་གྱི་ཞལ་སྔ་ནས་སྐུ་ཡི་འཁྲུངས་ཡུལ་ཧ་ར་བ་ངྷི༔སྡེ་གཞུང་ནས་ཆེད་དུ་བསྐུལ་བ་ལྟར་མཛད་ཅིང་། སྔར་རེ་ལུག་གི་གསོལ་ཁ་མང་པོ་ལོ་རེ་རེར་བསྟར་ཆགས་སུ་གཏོང་བའི་རྒྱུན་བཅད་དེ་དཀར་ཕྱོགས་ཀྱི་སྡེ་དཔོན་ཆེན་པོར་མངའ་གསོལ། ལྷ་བ་ཁོག་ཞུགས་སུ་ཕབ་སྟེ་བཀའ་དང་དམ་ཚིག་ལ་བསྒོས་པ་བཅས་ཀྱི་རྣམ་ཐར་དང་ལྡན་པའི་བསང་མཆོད་དེ་དཔེར་བཀོད་པ་གཤམ་གསལ་ལྟར་རོ། རཾ་ཡཾ་ཁཾ། ཨོཾ་ཨཱ་༔ཧཱུཾ། ལན་གསུམ་བརྗོད། ཨེེ་གསོལ་ལོ་མཆོད་དོ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོ། རྒྱུད་སྡེ་བཞི་ཡི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའ། ཉན་རང་འཕགས་པའི་དགེ་འདུན། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་དང་། ཨེེ་སྲིད་པ་ཆགས་པའི་ལྷ་དགུ། ས་བདག་མ་ཡི་ལྷ་མོ། བོད་སྐྱོང་བསྟན་མ་བཅུ་གཉིས། སྟོང་གསུམ་ཡུལ་ལྷ་གཞི་བདག སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ལ་གནས་པའི་ཞི་ལྷ་དཀར་བོ་ལྷའི་སྡེར་གཏོགས། དབང་ལྷ་དམར་པོ་བཙན་གྱི་སྡེར་གཏོགས། དྲག་ལྷ་ནག་པོ་བདུད་ཀྱི་སྡེར་གཏོགས། གང་འདོད་དངོས་གྲུབ་སྩོལ་བ་ཀླུ་ཡི་སྡེར་གཏོགས། སྣ་ཚོགས་འཕྲིན་ལས་སྒྲུབ་པ་གཟའ་ཡི་སྡེར་གཏོགས། དགྲ་ཤ་ཟས་སུ་ཟ་བ་སྲིན་པོའི་སྡེར་གཏོགས། དགྲ་ལ་སྨྱོ་འབོག་གཏོང་བ་རྒྱལ་བོའི་སྡེར་གཏོགས།དགྲ་ཁྲག་སྐོམ་དུ་འཐུང་བ་མ་མོའི་སྡེར་གཏོགས་སོགས་སྣང་སྲིད་ཀྱི་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པ་རྣམས་དང་། ཨེེ་མདོ་ཁམས་སྨད་ཀྱི་གངས་རི་ཆེན་པོ་ལ་གནས་པའི་ས་བཅུའི་དབང་ཕྱུག་རྨ་རྒྱལ་སྦོམ་ར། ཡུམ་ཆེན་གོང་སྨན་ལྷ་རི། སྲས་དང་སྲས་མོ་སྤུན་དགུ། ཕྱོགས་བཞིའི་གཉན་ཆེན་སྡེ་བཞི། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། རྨ་རིགས་སྟོང་དང་ལྔ་བརྒྱ། ཨེེ་ཉི་མ་ཤར་ཕྱོགས་ནས་བཞུགས་པའི་དྲེགས་པའི་སྡེ་དཔོན་ཆེན་པོ། གཉན་ཆེན་སྔོ་ལ་གཡུ་རྩེ། ཡུམ་ཆེན་མ་མ་ལུ་གུ། སྲས་མཆོག་མཐོ་རི་རྒྱལ་བོ། བཀྲ་ཤིས་ལྷ་བྲག་དཀར་པོ། གྲོགས་བྱེད་མགོ་དཀར་མགོ་སྔོན། སྡོད་གྲོགས་ཟལ་དཀར་གཉན་པོ། མཐུ་དཔུང་སྤོས་རི་ཟླུམ་པོ། དར་འཛིན་སྐྱེས་རི་མཐོན་པོ། དམག་དཔོན་གཉན་བརྗིད་དགོང་སྔོན། དམག་མི་གཉན་དམག་སྐྱ་བརྒྱ་སོགས་འཁོར་ཚོགས་ས་ཡ་འབུམ་སྡེ་དང་བཅས་པ་རྣམས་དང་། ཨེེ་དགེ་བཅུའི་ལང་ཚོ་རྒྱན་དུ་འཛིན་པའི་རེབ་གོང་གསེར་མོ་ལྗོངས་ཀྱི་དགུ་ཉི་སྲིབ་ཕུ་མདོ་བར་གསུམ་ལ་གནས་པའི་ལྷ་ཀླུ་གནོད་སྦྱིན་གནས་བདག་གཏེར་བདག། ཡུལ་བདག་གྲོགས་བདག་སོགས་སྤྱི་དང་ཁྱད་པར་དུ་ས་བརྒྱད་པ་ཐོབ་པའི་ཨ་མྱེས་བྱ་ཁྱུང་། གྲགས་དཀར་སྤུན་གསུམ། རྫ་དམར་སྤུན་གསུམ། སྟག་ལུང་གྱོ་མོ། སྨན་རི་མཐའ་སྨིག བྲག་དཀར་རྟ་འགྱིངས། ལྷ་རི་མཚོ་རྒན། ཨ་མྱེས་ཡེ་ཐོག ཨ་མ་གོད་མོ། རི་ལུང་བཅུ་གཉིས། པུ་ཧྲན་བཅུ་གཉིས། གྱ་སྟེང་བཅུ་གཉིས། རླུང་རྟ་སྡེ་བཞི། དགྲ་ལྷ་བཅུ་གསུམ། ཨེེ་ཡང་སྒོས་སུ་རེབ་གོང་སྨད་ཀྱི་ཡུལ་ལྗོངས། རྒྱ་བོད་གཉིས་ཀྱི་མཚམས། དགུ་ཆུ་སྔོན་མོའི་གཡས་ཟུར། རྫ་རི་སྨུག་པོའི་ནང་ཤེད་ན་རིན་ཆེན་སྣ་ལྔ་ལས་གྲུབ་པའི་པའི་ཕོ་བྲང་གི་དབུས་སུ། གདན་ཁྲི་ཕུན་སུམ་ཚོགས་པ་ལ་བཞུགས་སྟབས་སུ་ཆོ་འཕྲུལ་སྣ་ཚོགས་ཀྱིས་རོལ་བ། མཐུ་རྩལ་ཐོག་ལས་ཆེ་བ་། རྫུ་འཕྲུལ་གློག་ལས་མྱུར་བ། ཉེས་ཅན་ཁྲིམས་ལ་འདེབས་པ། སྡིག་ཅན་ཆད་པས་གཅོད་པ། བསྟེན་ན་སྙིང་ཉེ་བ། བཀུར་ན་ལས་ཉེ་བ། རྦད་ན་མཐུ་ཆེ་བ། བདེན་རྫུན་ལེགས་ཉེས་ཀྱི་ཤན་འབྱེད་པའི་དམག་དཔོན་རྡོ་རྗེ་དགྲ་འཇོམས། ཨེེ་ས་གཞི་མ་དལ་ན་བཞུགས་པའི་སྐྱེས་ལྷ་གཉན་པོ་དཔང་ཡེ་རི་ལང་། ལྷ་གསོན་པོ། ཐུགས་ཀ་དྲོད་པོ། ཕ་མྱེས་སྔ་མའི་རིང་ནས་བསྟེན་ཅིང་བསྒྲུབས་པའི་སྲུང་མ་དྲག་རྩལ་ཅན། རིགས་སུ་བསྐྲུན་པའི་སྲས་དང་སྲས་མོ། བཀའ་བཞིན་སྒྲུབ་པའི་བཀའ་བློན་ཡང་བློན། དགྲ་སྡེ་འཇོམས་པའི་ཕྱི་ཡི་དམག་དཔོན། དམག་སྣ་འདྲེན་པའི་རུ་འཛིན་དར་འཛིན། བང་མཛོད་སྐྱོང་བའི་ནང་གི་མཛོད་བདག གསོལ་ཁ་བ་དང་ཇ་འདྲེན་ཆང་འདྲེན། ཕྱག་བདར་བ་དང་རྟ་འཛིན་མཛོད་འཛིན། ཕོ་ཉ་ལས་མཁན་བྲན་དང་མངག་གཞུག་སྤྲུལ་བ་ཡང་སྤྲུལ་གྱི་དམག་ཚོགས། གནམ་ས་བར་སྣང་གི་ཁྱོན་ངག་བ་ཁྱེར་རྣམས་ལ་སྟག་གཟིག་དོམ་དྲེད་ཀྱི་སྤྱིན་གཟིགས། མདའ་ཚོན་གོ་ཁྲབ་ཀྱི་རྟེན་རྫས། སྒྲ་སྙན་རྔམ་བརྗིད་ཀྱི་རོལ་མོ། སྲབ་འཇམ་ལྷ་རྫས་ཀྱི་སྙན་ཤལ། གསེར་ལོ་འབར་བའི་སྟག་པ། གཡུ་ལོ་འབར་བའི་ཤུག་པ། དངུ་ལོ་འབར་བའི་བ་ལུ། དམ་རྫས་བརྒྱན་གྱི་གཏོར་མ། དཀར་གསུམ་འོ་མའི་རྒྱ་མཚོ། མངར་གསུམ་ཟས་ཀྱི་སྙིང་བོ། བཅུད་ལྡན་ཤ་ཡི་བཟའ་བ། ཇ་ཆང་ཁྲག་གི་བཏུང་བ། དྲི་ཞིམ་བསངས་ཀྱི་མཆོད་པ། བཟང་དྲུག་སྨན་གྱི་རིལ་བུ་དང་བཅས་སྔགས་དང་ཏིང་འཛིན་ཕྱག་རྒྱས་བྱིན་གྱིས་བརླབས་པ་གུས་པས་ཕུལ་ཏེ། འཕྲིན་ལས་གཉན་པོ་གཉེར་དུ་གཏད་པ་ནི། ལུང་དང་རྟོགས་པའི་བདག་ཉིད་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག བཤད་དང་སྒྲུབ་པའི་སྲོལ་འཛིན་དགེ་འདུན་གྱི་འདུས་སྡེ་སྐྱོངས་ཤིག ཏིང་འཛིན་རིགས་སྔགས་འཆང་བའི་རྣམ་འབྱོར་བའི་འཕྲིན་ལས་སྒྲུབས་ཤིག མཁའ་མཉམ་སེམས་ཅན་ཡོངས་ཀྱི་འཕྲལ་ཡུན་གྱི་བདེ་སྐྱིད་སྤེལ་ཅིག ཁྱད་པར་དུ་སྡེ་གཞི་མི་རིསག་འདི་ལ་སྡང་བར་བྱེད་པའི་གཟུགས་ཅན་གྱི་དགྲ་བོ། གནོད་པར་བྱེད་པའི་གཟུགས་མེད་ཀྱི་བགེགས་ཚོགས། བར་དུ་གཅོད་པའི་ཕྱི་ནང་གི་འགལ་རྐྱེན། ཆེ་སྲི་ཆུང་སྲིད། ནད་རིམས་གདོན་བགེགས། བྱད་ཕུད་རྦོད་གཏོང་། དགྲ་ཇག་ཆོམ་རྐུན་གླེང་ལོག། ཤ་འགེལ། མི་ཁྲ་བྲ་མཆུ། ཐུབ་ཚོད་འགྲན་སེམས། དགྲ་སྣ་གྱོད་སྣ་སོགས་མི་འདོད་པའི་འགལ་རྐྱེན་ཐམས་ཅད་དྲག་པོའི་ལས་ཀྱིས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ལ། མཐུན་པའི་རྐྱེན་དུ་གྱུར་བའི་ཚེ་དང་བསོད་ནམས། དཔལ་དང་འབྱོར་བ། ཁ་རྗེས་དབང་ཐང་། ལོངས་སྤྱོད་རིགས་རྒྱུད་སོགས་རྒྱས་པའི་གྲོགས་དན་མཛོད་ཅིག། ཨེེ་སྙན་པའི་དར་ཕྱོར། གྲགས་པའི་དུང་བུས། འདོད་པའི་དོན་སྒྲུབས། བཅོལ་བའི་ལས་སྒྲུབས། རང་གི་བུ་རྟའི་ཁ་འཛིན་མཛོད་ལ་རླུང་རྟ་ཡར་ལ་སྐྱེད་ཅིག ཉམས་པ་སོས། ཆད་པ་འཐུད། འགྱེལ་པ་ལོངས། མི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་གཏོང་། ཕར་འགྲོའི་སྐྱེལ་མ་མཛོད། ཚུར་འོང་གི་བསུ་མ་མཛོད། ཉིན་གྱི་བྱ་ར་མཛོད། མཚན་གྱི་མེལ་ཚེ་མཛོད། མདོར་ན་དཔལ་ལྡན་བླ་མའི་བཀའ་ལས་མི་འདའ་བར་བདག་ཅག་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། ཞི་རྒྱས་དབང་དྲག་གི་ལས་གང་བཅོལ་ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་སྒྲུབ་པའི་འཕྲིན་ལས་ཀྱི་སྡོངས་གྲོགས་རྒྱ་ཆེན་པོ་མཛོད་ཅིག།

བསྟན་པ་ཕྱི་དར་སྐབས་བོད་ཡིག་སླར་གསོ་ཇི་ལྟར་བྱུང་ཚུལ།

[རྩོམ་སྒྲིག]

ལོ་རྒྱུས་ཀྱི་དུས་རབས་རིམ་བྱུང་ནང་དུ་བོད་ཀྱི་མཁས་དབང་ཚོས་བོད་ཡིག་སླར་གསོའི་ཐད་ཕྱག་ལས་མང་པོ་གནང་ཡོད་ཅིང་། ཕྲད་དང་རྣམ་དབྱེའི་སྐོར་དང་། བྱ་བྱེད་ཀྱི་སྐོར་མང་པོ་ཡང་དག་པའི་སྒོ་ནས་གཏན་འབེབས་གནང་བ་མ་ཟད། ཡི་གེ་རྣམས་ཀྱི་སྒྲའི་སྐྱེ་གནས་ཀྱང་ལེགས་སྦྱར་གྱི་སྐད་ལྟར་སྐྱེ་གནས་བརྒྱད་དུ་ངོས་འཛིན་གནང་ཡོད། རྗེས་འཇུག་གི་ཡི་གེ་རྣམས་སྤྱིའི་དབྱེ་བ་དང་། བྱེ་དྲག་གི་དབྱེ་བ་འབྱེད་པའི་སྐབས་སོ་སོའི་བློ་ཚད་དང་བསྟུན་པའི་ངོས་འཛིན་སྟངས་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་པར་སྣང་ཡང་དཔྱད་པ་འདི་དག་གིས་རྗེས་འཇུག་གི་ཡི་གེའི་རྟགས་ཀྱི་དབྱེ་ཚུལ་དེ་ཡང་དག་པའི་ལམ་ལ་འདེད་པའི་མཐུན་རྐྱེན་བཟང་པོ་ཞིག་བྱས་ཡོད། བསྟན་པ་ཕྱི་དར་གྱི་རྗེས་སུ་བོད་ཀྱི་སུམ་རྟགས་སླར་གསོ་བྱེད་པའི་གོ་རིམ་ནང་དུ་བོད་ཀྱི་མཁས་པ་རྣམས་ཀྱིས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་འབྱེད་སྟངས་ཐད་བཞེད་ཚུལ་མི་འདྲ་བ་རིགས་བཅུ་བཞི་ཙམ་བྱུང་ཡོད། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་དུ་བོད་ཀྱི་ཐོན་མི་གཉིས་པར་གྲགས་པའི་སི་ཏུ་ཆོས་ཀྱི་འབྱུར་གནས་ཀྱིས་མདོ་དབུས་ཁམས་གསུམ་གྱི་བོད་ཁམས་ཡོངས་ལ་ཕེབས་ནས་ཡུལ་སོ་སོའི་སྐད་གདངས་ལ་ཞིབ་འཇུག་གནང་ཞིང་། སྐད་ཀྱི་འབྱུང་ཁུངས་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་རྩད་ཞིབ་དང་ཞིབ་འཇུག་ཡང་དག་གནང་བ་མ་ཟད། རྒྱ་གར་དང་། བལ་ཡུལ། འཇང་ཡུལ་སོགས་བོད་ཀྱི་ཉེ་འཁོར་དུ་ཡོད་པའི་མི་རིགས་སོ་སའི་སྐད་ཡིག་ལ་ཞིབ་འཇུག་གནང་བ་སྟེ། དཔེར་ན། ལེགས་སྦྱར་ལ་སྒྲའི་སྐྱེ་གནས་བརྒྱད་ཡོད་པར་བོད་སྐད་ལ་སྒྲའི་སྐྱེ་གནས་དྲུག་ལས་མི་དགོས་པ་དང་། ལེགས་སྦྱར་ལ་བྱིངས་དང་མིང་གི་དབྱེ་བ་བྱས་པ་དེ་དག་བོད་སྐད་ལ་ཇི་བཞིན་དབྱེ་མི་དགོས་པ་སོགས་ཀྱི་ངོས་འཛིན་གནང་ཡོད། རྗེས་འཇུག་རྟགས་ཀྱི་དབྱེ་བ་འབྱེད་པའི་སྐབས་གནའ་བོའི་བོད་ཀྱི་ཡེ་གེ་གསར་གཏོད་གནང་སྐབས་ཀྱི་སྐད་གདངས་ལ་གཞིགས་ནས་མགོ་ཅན་དང་། འདོགས་ཅན་གྱི་རྣམ་གཞག་བྱེད་དགོས་པའི་རིག་པ་ནས་མགོ་ཅན་དང་། འདོགས་ཅན་གྱི་རྣམ་གཞག་བྱེད་དགོས་པའི་རིག་པ་དང་སྐད་དེའི་ཆོས་ཉིད་ལ་གཞིགས་ནས་རྗེས་འཇུག་གི་ཕོ་མོ་མ་ནིང་དབྱེ་དགོས་པའི་རྒྱུ་མཚན་རྣམས་མངོན་རྗེས་གཉིས་ཀྱི་སྒོ་ནས་དཔྱད་པ་མཐར་ཕྱིན་གནང་སྟེ་ཡང་བསྐྱར་དུ་གཏན་ལ་ཕབ་པ་ནས་བཟུང་ཕལ་ཆེར་བོད་ཁམས་ཡོངས་ཀྱི་སུམ་རྟགས་གཅིག་གྱུར་གྱི་ལམ་དུ་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད་པ་རེད།

གྲུབ་མཐའ་རྙིང་མ་པའི་ལྟ་བ།

[རྩོམ་སྒྲིག]
1.ཐེག་པ་རིམ་དགུ།

རྙིང་མ་པའི་ལུགས་ལ་ཐེག་པ་རིམ་དགུའི་རྣམ་གཞག་བྱེད་དེ། ཉན་ཐོས། རལ་རྒྱལ། བྱང་སེམས་ཏེ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས་པའི་ཐུན་མོང་གི་ཐེག་པ་གསུམ། ཀྲི་ཡ། ཨུ་པ། ཡོ་ག་སྟེ་ལོངས་སྐུ་རྡོ་རྗེ་སེམས་དཔས་གསུངས་པའི་སྔགས་ཀྱི་ཕྱིའི་ཐེག་པ་གསུམ། བསྐྱེད་པ་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ཆོས་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་ནང་གི་ཐེག་པ་བླ་ན་མེད་པ་གསུམ་བཅས་དགུའོ།། ཡང་ཕྱིའི་རྒྱུད་སྡེ་དང་ནང་གི་རྒྱུད་སྡེ་གཉིས་ལས། ཕྱི་ཀྲི་ཡ﹙བྱ་རྒྱུད﹚རྣམས་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། ཨུ་པ་﹙སྤྱོད་རྒྱུད﹚དང་། ཡོ་ག﹙རྣལ་འབྱོར་རྒྱུད﹚རྣམས་ནི་རྣམ་པར་སྣང་མཛད་ཀྱིས་གསུངས། ནང་བླ་མེད་ཀྱི་རྒྱུད་རྣམས་ནི་རྡོ་རྗེ་འཆང་ཆེན་པོས་ཆོས་འབྱུང་ཡངས་པའི་ཞིང་ཁམས་སུ་གསུངས་པར་བཤད། བླ་ན་མེད་པའི་ཐེག་པ་ནི་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ལྷུན་གྲུབ་དེ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་དག་ས་ལ་གནས་པའི་གདུལ་བྱ་ལ་རྩོལ་མེད་ལྷུན་གྲུབ་ཏུ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་དུས་བཞིར་དུས་མེད་དུ་གསུངས་པར་བཤད། དེ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ནི་ནམ་མཁའ་དང་མཉམ་པས་ཚད་བཟུང་དང་བྲལ་བ་སྟེ། དེ་ལས་ཉུང་ཟད་ཙམ་ཞིག་འཛམ་གླིང་འདིར་དགའ་རབ་རྡོ་རྗེ་དང་ཤྲི་སེདྷ། ཛྙཱ་ན་སཱུ་ཏྲ། བཱི་མ་ལ། པདྨ་ཀ་ར་སོགས་མཆོག་གི་དངོས་གྲུབ་བརྙེས་པའི་རིག་པ་འཛིན་པ་རྣམས་ཀྱིས་གསལ་བར་མཛད་པར་བཤད།

༢.རྫོགས་པ་ཆེན་པོའི་ལྟ་བ།

རྫོགས་ཆེན་ཞེས་པའི་རྫོགས་པ་དེ་གང་ཞིག་རྫོགས་པ་ཡིན་ཞེ་ན། དྲི་མ་དང་བྲལ་བའི་ད་ལྟའི་རིག་པ་﹙རིག་པ་ནི་སེམས་ཀྱི་དོན﹚འདིའི་ནང་དུ་ཆོས་ཐམས་ཅད་རྫོགས་པ་ཡིན་པས་རྫོགས་ཆེན་ཟེར། དེ་ནི་རྫོགས་ཆེན་པའི་ཚིག་དོན་ཡིན། “འཁྲུལ་སྣང་གི་དབང་གིས་སོ་སོ་ལ་སྣང་བ་ཡིན་ཕྱིར་ཕར་ལྟ་དུས་བདེན་པ་ཡིན་མདོག་ཁ་པོ་ཞིག་ཡིན། འོན་ཀྱང་དོན་ལ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་ཡིན་མིན་སྟོང་པ་ཉིད་ཀྱི་ངོ་བོ་དེ་ནས་གཡོ་འགུལ་རྩ་བ་ནས་མེད་པ་ཡིན་པས་ན་རྫོགས་པ་ཟེར། སྟོང་པ་ཉིད་དེའི་རང་བཞིན་ནི་སྤྲུལ་སྐུ་དང་ཆོས་སྐུ། ལོངས་སྐུ་གསུམ་ལ་ཚར་ཤར་ཡོང་གི་རེད་ཟེར། དེ་ཤར་ཡོང་བས་ན་ཆེན་པོ་ཟེར།”ཞེས་ཀུན་མཁྱེན་ཀློང་ཆེན་པས་གོ་བདེ་པར་གསུངས་པ་ལྟར་རོ།།

འདིར་ཆེན་པོ་ཟེར་བ་ནི་ཕུན་སུམ་ཚོགས་པའི་དོན་ཡིན་ཟེར་ཞེས་འགྲེལ་བཤད་གནང་ཡོད། འདིར་གོང་གསལ་གྱི་འགྲེལ་བ་དེ་ཡང་བསྐྱར་བཤད་ན། ང་རང་ཚོར་འཆར་སྣང་བྱུང་བ་དེ་ཚོ་ཚང་མས་འཁྲུལ་སྣང་གི་དབང་གིས་བྱུང་བ་ཤ་སྟག་འདོད། འཁྲུལ་སྣང་གི་དབང་གིས་བྱུང་བ་ཡིན་སྟབས་ཕར་བརྟག་དཔྱད་ཞིབ་འཇུག་མ་བྱས་པར་བལྟས་པ་ཡིན་ན་བདེན་པ་ཡིན་པ་ལྟ་བུ་ཞིག་ཡོད་མོད། དོན་དངོས་སུ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་མེད་བཞེད། དེར་བརྟེན་སྟོང་པ་ཉིད་ཀྱི་རྣམ་འགྱུར་དེའི་ཐོག་ནས་གཡོ་འགུལ་མེད། ངོ་བོ་ནི་སྟོང་པ་ཉིད་ཀྱི་ངོ་བོ་དེ་རང་ཡིན། རྣམ་འགྱུར་དེ་སྣ་ཚོགས་ཡོད། ངོ་བོ་སྟོང་པ་ཉིད་དེ་ལ་རྣམ་འགྱུར་སྣ་ཚོགས་འཆར་ཡོང་བ་ཡིན་སྟབས། ང་ཚོས་ངོ་བོ་དེ་ཤེས་རྟོགས་མ་ཐུབ་པར་དེའི་རྣམ་འགྱུར་དེ་བདེན་པ་ཡིན་པ་ལྟ་བུ་ཞིག་མཐོང་གི་ཡོད། སྟོང་པ་ཉིད་ཀྱི་རྣམ་འགྱུར་དེ་ཆོས་སྐུ་དང་། ལོངས་སྐུ། སྤྲུལ་སྐུ་སོགས་སྣེ་ཁ་གསུམ་ལ་འཆར་ཡོང་བ་ཡིན་སྟབས་རྫོགས་པ་དང་ཆེན་པོ་སྟེ་རྫོགས་ཆེན་ཞེས་བརྗོད་པ་ཡིན། དབྱེ་ན། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་སོགས་གསུམ་ཡོད། 4.2.1སེམས་སྡེ།

སྣང་བ་ཐམས་ཅད་སེམས་ཡིན་ལ་སེམས་དེ་རང་བྱུང་གི་ཡེ་ཤེས་སུ་ཤར་བ་དང་དེ་ལས་ལོགས་སུ་མེད་པ་ཡིན་པས་སེམས་ཀྱི་སྡེ་ཞེས་བརྗོད། དེ་གང་ཞེ་ན་སེམས་ལ་བརྟེན་ནས་སྟོང་པ་ཉིད་སྒོམ་གྱི་ཡོད་པས་དེ་ནི་སྤྱིར་བཏང་གི་སྟོང་པ་ཉིད་སྒོམ་སྟངས་དང་མི་འདྲ་བ་ཞིག་ཡིན། སྣང་པ་ཐམས་ཅད་སེམས་ཡིན་ཞེས་པ་དེ་ལ་གོ་བ་ཡག་པོ་ཞིག་མ་ལོན་སེམས་ཨང་དང་པོ་ཡིན་ཟེར་བར་གོ་བ་ལོག་པའི་ཉེན་ཁ་ཆེན་པོ་ཡོད། སྣང་པ་ཐམས་ཅད་སེམས་ཡིན་ཞེས་པ་དེ་སེམས་ཨང་དང་པོ་ཡིན་པ་དང་། དེ་གང་ཡང་མེད་པའི་སྟོང་པ་སྟོང་རྐྱང་ཡིན་ཞེས་བཤད་པ་མ་ཡིན་པར། སྣང་བ་ཐམས་ཅད་སེམས་ཡིན་ཟེར་བ་དེ་དངོས་པོ་དེ་དང་པོ་ནས་གནས་ཡོད་པ་ཞིག་ཡིན་པ་དང་། སྣང་བ་དེ་སེམས་ནས་བྱུང་བ་རེད། སེམས་མེད་ན་འཆར་སྣང་ཡོང་མི་སྲིད། འཆར་སྣང་ནི་དཔེར་ན། ཕ་གི་དགྲ་རེད་བསམ་པའི་འཆར་སྣང་། འདི་གཉེན་རེད་བསམ་པའི་འཆར་སྣང་། འདི་དགྲ་དང་གཉེན་གང་ཡང་མ་རེད་བསམ་པའི་འཆར་སྣང་། ཕ་གི་ཡག་པོ་རེད་བསམ་པའི་འཆར་སྣང་། འདི་སྡུག་པོ་རེད་བསམ་པའི་འཆར་སྣང་། དེ་བཞིན་འདི་སྙན་པོ་འདུག་བསམ་པའི་འཆར་སྣང་། དེ་སྙན་པོ་མི་འདུག་བསམ་པའི་འཆར་སྣང་། དེ་ཞིམ་པོ་འདུག་བསམ་པའི་འཆར་སྣང་། འདི་ཞིམ་པོ་མི་འདུག་བསམ་པའི་འཆར་སྣང་དེ་ཚོ་ཚང་མ་འཆར་སྣང་ཤ་སྟག་ཡིན། འཆར་སྣང་དེ་སེམས་ཀྱི་འཆར་སྣང་ཡིན་པ་ལས་དངོས་པོ་དེ་རང་གི་འཆར་སྣང་མིན། དཔེར་ན་སེམས་ཀྱི་འཆར་སྣང་ཡིན་པའི་རྒྱུ་མཚན་ནི། ཕག་པ་ལ་ཆ་བཞག་ན་གསང་སྤྱོད་ནང་གི་མི་གཙང་པ་དེ་ཟོས་ན་བྲོ་བ་ཞིམ་པོ་ཡོད་པ་ནི་ཕག་པའི་སེམས་ཀྱི་འཆར་སྣང་ཡིན་པ་ལས། ང་ཚོ་ཁ་ལ་ཟ་རྒྱུ་ཕར་བཞག་སྣ་ལ་དྲི་མ་བརྒྱབ་ནའང་སྐྱུག་བྲོ་བ་ཞིག་མངོན་གྱི་ཡོད། འོན་ཀྱང་ཞིམ་པོ་འདུག་བསམ་པའི་འཆར་སྣང་དང་སྐྱུག་བྲོ་བའི་འཆར་སྣང་མི་འདྲ་བ་ཁག་གཉིས་ཡོང་སའི་ཡུལ་གྱི་ངོ་བོ་གཅིག་ཡིན། དེ་གང་ལགས་ཟེར་ན་ཕྱི་རོལ་གྱི་ཡུལ་དེ་རང་ལ་ཞིམ་པོ་ཡོད་པ་ཞིག་དང་ཞིམ་པོ་མེད་པ་ཞིག་རེད་དམ་ཞེ་ན། དེ་མིན་པར་རང་གི་སེམས་ཀྱིས་ཞིམ་པོ་འདུག་བསམ་ན་ཞིམ་པོ་ཡོད། ཞིམ་པོ་མི་འདུག་བསམ་ན་ཞིམ་པོ་མེད། དེ་བཞིན་མི་འགའ་ཤས་ཤ་རུལ་པ་ཟ་རྒྱུར་དགའ་པོ་ཡོད་པ་མ་ཟད་དེ་ཟས་ན་ཚོར་བ་ཞིམ་པོ་ཞིག་ཡོང་གི་ཡོད་པ་དང་། ཡང་ཁ་ཅིག་ཤ་རུལ་པ་མཐོང་ནའང་སྐྱུག་བྲོ་བའི་ཚོར་སྣང་ཡོང་གི་ཡོད་པས་ཚོར་སྣང་ཚང་མ་སེམས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་སྟབས། སྣང་བ་ཐམས་ཅད་སེམས་ཡིན་ཞེས་པ་དེ་བྱུང་། སེམས་དེ་རང་ནི་རང་བྱུང་གི་སངས་རྒྱས་ཤིག་ཡིན་ཟེར། གོང་དུ་རང་བྱུང་གི་ཡེ་ཤེས་ཟེར་བ་དེ་རང་བྱུང་གི་སངས་རྒྱས་ཟེར་བའི་དོན་ཡིན།

རྙིང་མའི་ལྟ་བ་ཤོད་སྟངས་དེ་འདྲ་ཡིན། སེམས་དེ་མེད་ན་སངས་རྒྱས་མི་ཐུབ། སེམས་དེ་རང་བྱུང་གི་སངས་རྒྱས་ཡིན་ཟེར་བའི་རྒྱུ་མཚན་ནི་དེ་ནོར་བུ་ལྟ་བུ་ཞིག་ཡིན། འོན་ཀྱང་ནོར་བུའི་ཕྱི་ལོགས་སུ་དྲེག་པ་འགོས་བསྡད་ཡོད། དྲེག་པ་སྣ་ཚོགས་འགོས་པའི་ནོར་བུ་ཞིག་ཡོད་ན་ཡང་ནོར་བུ་ཡིན་པ་དེ་ནོར་བུ་ངོ་མ་ཞིག་ཡིན་པ་ལས་གཞན་མིན། དེའི་ཕྱི་ངོས་སུ་འགོས་པའི་མི་གཙང་པ་དེ་ཁོ་རང་གི་ངོ་བོ་མིན། ཁོ་རང་གི་ངོ་བོ་ནི་དྲི་མ་དང་བྲལ་བ་ཞིག་ཡིན། སེམས་ཀྱི་ངོ་བོ་དེ་དྲི་མ་དང་བྲལ་བ་ཞིག་མིན་ན། མི་ངན་པ་དེ་མི་བཟང་པོ་ཞིག་ཏུ་འགྱུར་མི་ཐུབ་ལ། མི་ཁོང་ཁྲོ་དང་ལྡན་པ་ཞིག་མི་ཞི་ལྷོད་ཅིག་ཏུ་འགྱུར་མི་ཐུབ་སྟེ། ཁོ་རང་གི་སེམས་ཀྱི་ངོ་བོ་དེ་ཁོང་ཁྲོ་ཚ་པོ་མེད་པ་ཞིག་ཏུ་འགྱུར་རྒྱུ་ཡོད་པ་དེ་ཁོ་རང་གི་སེམས་ཀྱི་ངོ་བོ་དེ་ཁོང་ཁྲོ་ཚ་པོ་མེད་པ་ཡིན་པའི་སྟབས་ཀྱིས་ཡིན། ཁོང་ཁྲོ་ཚ་པོ་ཆགས་པ་དེ་ནི་ཁོ་རང་གི་སེམས་ཀྱི་ངོ་བོ་དེ་ལ་ཁོང་ཁྲོའི་དྲི་མ་བཙོག་པ་དེ་འགོས་པ་ཞིག་ལས་ཁོ་རང་གི་སེམས་ཀྱི་ངོ་བོ་རང་མིན། སེམས་ཀྱི་ངོ་བོ་དེ་གཙང་མ་ཞིག་ཡིན་པས་མི་བཟང་པོ་དེ་ངན་པ་ཆགས་རྒྱུ་ཡོད་ལ་ངན་པ་དེའང་བཟང་པོ་ཆགས་རྒྱུའང་ཡོད། དེར་བརྟེན་སེམས་ཀྱི་ངོ་བོ་དེ་ནི་སྣམ་བུ་དཀར་པོ་ནང་བཞིན་དྲི་མས་མ་གོས་པ་ཞིག་ཡིན་པ་དང་། དེ་རིག་པ་ཞིག་དང་། སྟོང་པ་ཞིག་ཡིན། རིག་པ་དེ་ནི་ཡུལ་གང་འདྲ་ཞིག་ཡིན་ནའང་ངོས་འཛིན་དང་ཤེས་རྟོགས་བྱེད་ཐུབ་མཁན་ཞིག་ཡིན། དེར་བརྟེན་འདིར་རིག་པ་ཟེར་བ་ནི་ཤེས་རྟོགས་བྱེད་ཐུབ་པའི་དོན་ཡིན་པ་དང་། ཤེས་རྟོགས་བྱེད་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན། ངོ་བོ་དེ་སྟོང་པ་ཉིད་ཡིན་པས་དེ་ལ་སེམས་ཀྱི་སྡེ་ཞེས་བརྗོད་པའོ།།

4.2.2ཀློང་སྡེ།

སྣང་བ་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དེ་ལས་འགྲོ་ས་གཞན་མེད་པ་ཟེར་བ་དེ་ལ་ཀློང་སྡེ་ཞེས་བརྗོད། དེ་ནི་ཀློང་སྡེ་ཟེར་བའི་ཚིག་གི་གོ་དོན་ཡིན། དེར་འགྲེལ་བཤད་བྱས་ན། དེ་ལ་དམིགས་པའི་རྟེན་ས་སྒྲིབ་པའི་སེམས་ཟེར་བ་ཞིག་ཡོད། སེམས་དེ་གང་འདྲ་ཞིག་ཡིན་ཞེ་ན། སེམས་ཀྱི་གྲིབ་མ་དེ་སྤོངས་བ་ལ་བསམ་བློ་གང་ཡང་མི་གཏོང་པར་སེམས་དེས་གང་བསམ་གྱི་ཡོད་པ་དེ་བཞག་ན་གང་མཚམས་ནང་ཡལ་འགྲོ། དཔེར་ན་ཁོང་ཁྲོ་ཟས་པའི་རྗེས་སུ་ཁོང་ཁྲོ་དེ་གང་མཚམས་ནས་ཤི་འགྲོ་བ་ལས་ད་དུང་དེ་ལས་ཚད་མཐོ་རུ་མི་འགྲོ། དེར་བརྟེན་སེམས་ཀྱི་གྲིབ་མ་སྦྱངས་བ་ལ་འབད་བརྩོན་བྱེད་རྒྱུ་མེད། བསམ་བློ་ངན་པ་གང་འདྲ་ཞིག་འཁོར་བ་ཡིན་ནའང་དེ་འགོག་པ་ལ་འབད་བརྩོན་བྱེད་མི་དགོས་པར་དེ་རང་འགུལ་དུ་བཞག་ན་གང་མཚམས་ནས་ཡལ་འགྲོ། སེམས་ངན་པ་དེ་ཆེད་དུ་སྤོང་མི་དགོས་པར་རང་བཞིན་དུ་བཞག་པས་ཡུལ་འགྲོ་བ་དེ་ལ་དམིགས་པའི་རྟེན་ས་སྒྲིབ་པའི་སེམས་ཟེར། དམིགས་པའི་རྟེན་ས་སྒྲིབ་པའི་སེམས་དེ་ཉིད་ཀྱི་ངོ་བོ་ཡལ་འགྲོ་བ་ཁོ་རང་སྟོང་པ་ཉིད་ཡིན་ཟེར། ཡལ་འགྲོ་བ་དེ་རང་སྟོང་པ་ཉིད་ཡིན་ལ་ལས་དེ་ལས་ལོགས་སུ་སྟོང་པ་ཉིད་ཟེར་བ་ཞིག་མེད་ལ། དེ་ལས་ལོགས་སུ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཟེར་བ་ཞིག་ཟུར་དུ་བཙལ་རྒྱུ་མེད་ཟེར། དེར་བརྟེན་སྣང་བ་དེས་རང་གི་སེམས་ལ་འཆར་སྣང་ག་རེ་བྱུང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོའམ་དེའི་ཀློང་དེ་ལས་﹙ཀློང་ཟེར་བ་ནི་བར་ཀློང་ལ་དཔེ་བཞག་པ་ཡིན﹚འགྲོ་ས་གཞན་མེད། ཀློང་དེ་གཏིང་ཟབ་པོ་ཡོད་པ་ཞིག་རེད། སྟོང་པ་ཉིད་ཀྱི་ངོ་བོ་གཏིང་ཟབ་པ་དེ་ལས་ལོགས་སུ་མེད་པར་བཞེད། སྟོང་པ་ཉིད་ཀྱི་ངོ་བོ་དེ་ལ་ཕར་བལྟས་པའི་སྐབས་སུ་དེ་ཡལ་འགྲོ་བ་དང་། དེ་རང་ཉིད་ནི་སེམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་རང་ཡིན་པ་ལས། དེ་ལས་ལོགས་སུ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཟེར་བ་ཞིག་ཟུར་དུ་མེད་པར་འདོད་པ་དེ་ལ་ཀློང་སྡེ་ཟེར།

4.2.3མན་ངག་གི་སྡེ།

སྤང་བླང་བྲལ་བ་ཞེས་པ་ནི། སྤང་བྱ་དང་བླང་བྱ་མེད་པར་འདི་སྤང་བྱ་རེད་འདི་བླང་བྱ་རེད་ཅེས་དེ་རང་གི་ངོས་ནས་བཤད་པ་མ་ཡིན་པར། རང་གི་སེམས་ཀྱི་ངོས་ནས་འདི་བླང་བྱ་དང་སྤང་བྱ་ཟེར་བའི་ངོས་འཛིན་བྱས་པའི་དོན་ཡིན་པ་ལས། དངོས་པོ་དེ་རང་ལ་འདི་སྤང་བྱ་རེད། འདི་བླང་བྱ་ཟེར་བ་མེད། དཔེར་ན་ཆོས་ཀྱི་གནས་ཚུལ་མཐོན་པར་སླེབས་ན་སྤང་བྱ་དང་བླང་བྱ་མེད་པར་འདོད་ཅིང་། ཆོས་ཀྱི་གནས་ཚད་མཐོན་པོར་མ་སླེབས་ན་སྤང་བྱ་དང་བླང་བྱ་ཡོད་དེ། དགེ་བ་བཅུ་དེ་བླང་བྱ་ཡིན་པ་དང་མི་དགེ་བ་བཅུ་དེ་སྤང་བྱ་ཡིན། ཆོས་ཀྱི་གནས་ཚད་མཐོན་པོར་སླེབས་རྗེས་སྤང་བླང་མེད་པའི་རྒྱུ་མཚན་ནི། དགེ་བ་དང་མི་དགེ་བ་རང་གིས་བྱས་ཚད་ཚང་མ་ཆོས་ལ་འགྲོ་བའི་གནས་ཚད་ཞིག་ལ་སླེབས་རྒྱུ་ཡོད་པ་དེ་ལ་སྤང་བླང་བྲལ་བ་ཟེར། དེ་ནི་རང་གི་ངོས་ནས་ཕར་བཞག་པ་ཞིག་རེད། དེ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཟེར་བ་ནི་ཕྱི་རོལ་གྱི་ཡུལ་དང་རང་གི་སེམས་གཉིས་ལོགས་སུ་དབྱེ་རྒྱུ་མེད་པ། ཡུལ་དང་ཡུལ་ཅན་གཉིས་ལོགས་སུ་དབྱེ་རྒྱུ་མེད་པ་ཞིག་ལ་ཟེར་རམ་ཞེ་ན། ཡུལ་འདི་རེད། རང་གི་སེམས་འདི་རེད་ཅེས་ལོགས་སུ་དབྱེ་རྒྱུ་མེད་པའི་ཚད་དེ་འདྲ་ཞིག་ལ་སླེབས་ན་ད་གཟོད་གཉིས་སུ་མེད་པའི་ཡེ་ཤེས་ཟེར་བ་ལས། དང་པོ་ཉིད་ནས་ཕྱི་རོལ་གྱི་ཡུལ་དེ་དང་རང་གི་སེམས་དེ་ལོགས་སུ་དབྱེ་རྒྱུ་མེད་པར་དེ་གཉིས་གཅིག་རེད་ཟེར་བའི་དོན་མ་ཡིན། སེམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་རྟོགས་ཚེ་ཕྱི་རོལ་གྱི་ཡུལ་དང་རང་གི་སེམས་དེ་གཉིས་སུ་མེད་པའི་འཆར་སྣང་ཞིག་ཡོང་རྒྱུ་ཡོད། དེ་ནི་སེམས་ཀྱི་གནས་ཚད་མཐོན་པོར་སླེབས་པའི་སྐབས་ཡིན་ཞིང་། དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཟེར། དེའི་སྐབས་སུ་སླེབས་དུས་དགྲ་ཡི་འཆར་སྣང་གྲུབ་ནའང་འདྲ། གཉེན་གྱི་འཆར་སྣང་གྲུབ་ནའང་འདྲ། རང་ལ་འཆར་སྣང་གང་འདྲ་ཞིག་བྱུང་ནའང་། རང་གི་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཁོ་རང་གི་རྣམ་འགྱུར་ཞིག་ཡིན་པའི་བསམ་བློ་ཞིག་མ་གཏོགས། ཕྱི་རོལ་གྱི་ཡུལ་དེ་རང་གི་ངོས་ནས་ཚུར་བྱུང་བའི་འཆར་སྣང་ཞིག་ཡིན་པར་ངོས་འཛིན་གྱི་མེད། སེམས་གྱི་གནས་ཚད་དེ་འདྲ་ཞིག་ཏུ་སླེབས་སྐབས་ཡུལ་དང་ཡུལ་ཅན་གཉིས་ལོགས་སུ་དབྱེ་བ་མེད་པའི་འཆར་སྣང་ཞིག་ཡོང་རྒྱུ་ཡོད། དེའི་སྐབས་སུ་གཞི་ནས་སྣང་བ་ཐམས་ཅད་སེམས་ཡིན་ཟེར་བའི་གནས་ཚད་དེ་ལ་སླེབས་པ་ལས། སྟོང་པ་ཉིད་རྩ་བ་ནས་ཤེས་རྟོགས་མ་བྱུང་གོང་ནས་ཡོད་ཚད་ཚང་མ་སེམས་ནས་བྱུང་བ་ཡིན་ཟེར་བ་མིན། མི་ལ་རས་པའི་མགུར་འབུམ་གྱི་ནང་དུ་“སྣང་བ་ཐམས་ཅད་སེམས་ལས་བྱུང་”ཞེས་གསུངས་པ་དེ་སྟོང་པ་ཉིད་ཤེས་རྟོགས་བྱུང་ནས་སྟོང་པ་ཉིད་ཀྱི་གནས་ཚད་མཐོན་པོར་སླེབས་ཟིན་པའི་ངོས་འཛིན་བྱེད་སྟངས་ཤིག་ཡིན་པ་ལས། ཡོད་ཚད་ཚང་མ་སེམས་ལས་བྱུང་བ་ཡིན་ཟེར་བའི་རིགས་པའི་གཞུང་ལུགས་ཤིག་བཤད་པ་མིན། སྣང་བ་ཐམས་ཅད་འཁོར་བ་ཡིན། སྟོང་པ་ཐམས་ཅད་མྱང་འདས་ཡིན། སྣང་བ་དང་སྟོང་པ་གཉིས་ཟུང་དུ་འཇུག་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཟེར། སྣང་བ་འཁོར་བ་ཡིན་ཟེར་བ་དེ་ནི་སྣང་བ་དེ་འདྲ་མིན་སྣ་ཚོགས་སུ་སྣང་རྒྱུ་ཡོད། དེའི་ངོ་བོ་དེ་ཤེས་རྟོགས་མ་ཐོབ་ན་འཁོར་བ་དང་ཤེས་རྟོགས་ཐུབ་ན་མྱང་འདས་རེད། དེར་བརྟེན་སེམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་ཤེས་རྟོགས་བྱུང་ཚེ་མི་དེ་ལ་འཁོར་བ་འདི་ཡིན་མྱང་འདས་འདི་ཡིན་ཟེར་བ་མེད་པར་འཁོར་འདས་གཉིས་གཅིག་ཏུ་གྱུར་ཟིན་པ་རེད། དེར་བརྟེན་བླང་བྱ་དང་སྤང་བྱ་གཉིས་མེད་ཀྱི་ཡེ་ཤེས་ཟེར་བ་དང་སྣང་སྟོང་ཟུང་འཇག་གི་ཡེ་ཤེས་ཟེར་བ་དེ་ལྟར་ཡིན། དེར་སྣང་སྟོང་ཟུང་འཇུག་དང་སྤང་བླང་ཟུང་འཇུག་འཁོར་འདས་ཟུང་འཇུག་སོགས་འབོད་སྲོལ་སྣ་ཚོགས་ཡོད། སྔ་བ་གང་འདྲ་ཞིག་བྱུང་ནའང་སྟོང་པ་ཉིད་ཀྱི་འཆར་སྣང་ཡིན་པའི་སྣང་བ་ཞིག་མ་གཏོགས། སྟོང་པ་ཉིད་མ་ཡིན་པའི་སྣང་བ་རྩ་བ་ནས་ཡོང་མི་སྲིད། རང་ལ་སྣང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་འཆར་སྣང་ཁོ་ན་ལས་སྟོང་པ་ཉིད་མིན་པའི་འཆར་སྣང་རྩ་བ་ནས་ཡོང་རྒྱུ་མེད། དེ་བས་སྣང་བ་ཐམས་ཅད་ཟད་ས་ལ་འཁྱོལ་བ་ཟེར། སྣང་བ་ཟད་ས་ལ་འཁྱོད་བའི་གནས་ཚད་དེ་ལ་སླེབས་པ་ཡིན། དེ་བཞིན་སྣང་བ་ཆོས་སྐུ་ལས་གྲོལ་བ་ཡང་ཟེར། དེ་རྣམས་ནི་རྙིང་མའི་ཐུན་མོང་མ་ཡིན་པའི་གསུང་ཚུལ་ཡིན་པས་དགེ་ལུགས་པ་དང་ཆོས་ལུགས་གཞན་དག་ལ་འདི་ལྟ་བུའི་ཐ་སྙད་མེད།

འཇང་དགུན་ཆོས་ཀྱི་སྐོར་ཆེ་ལོང་ཙམ་གླེང་བ།

[རྩོམ་སྒྲིག]

༡ འཇང་དགུན་ཆོས་ཀྱི་མཚན་བྱུང་སྟངས། འཇང་དགུན་ཆོས་ཞེས་པའི་ཆོས་ཐོག་ཆེན་པོ་འདི་ནི་ཆེས་སྔ་མོ་ཞིག་ནས་བོད་དུ་དར་བར་མངོན་ཞིང་། དེ་ཡང་ཕལ་ཆེར་རི་བོ་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཞིག་ཡིན་པ་འདྲ། མཚན་གཞན་ལ་འཇམ་དབྱངས་དགུན་ཆོས་ཞེས་ཀྱང་ཟེར་ལ་དེ་ནི་ཕལ་ཆེར་འཇང་དགུན་ཆོས་ཞེས་པ་སྒྲ་མ་དག་པར་འདོན་མ་ཐུབ་ནས་དེ་ལྟར་ཐོགས་པ་ཞིག་མིན་ནམ་སྙམ་ཞིང་གང་ལྟར་མཚན་དེའི་རྒྱུ་མཚན་དང་དགོས་པ་ནི་མང་དག་ཅིག་བཤད་རྒྱུ་ཡོད་འདུགདེ་ཡང་འཇང་དགུན་ཆོས་ཞེས་པའི་འཇང་ནི་ལྷ་སའི་ལྷོ་རྒྱུད་ལ་ཡོད་པའི་ས་ཆ་ཞིག་གི་མིང་ཡིན་ཞིང་། གནས་དེར་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་དགུན་ཁར་ཟླ་བ་གཅིག་གི་རིང་འཚོགས་ནས་ཚད་མ་རིག་པའི་གཞུང་ལ་གྲྭ་ས་དང་དགོན་པ་ཕན་ཚུན་བར་བརྒལ་བརྟག་གི་སྒོ་ནས་དཔྱད་པར་བྱེད་པའི་ཆོས་ཐོག་ཅིག་ཡིན་པས་འཇང་དགུན་ཆོས་ཞེས་ཐོགས་པར་སེམས།༢ འཇང་དུ་འཚོགས་པའི་དགོས་པ།འོ་ན་གདན་གསུམ་གྱི་དགེ་འདུན་པ་རྣམས་རང་གི་གདན་ས་རུ་མ་འཚོགས་པར་འཇང་དུ་འཚོགས་དགོས་དོན་ཅི་ཡིན་ཞེ་ན།འཇང་ཞེས་པ་དེ་གནས་ཁྱད་པར་ཅན་ཞིག་ཡིན་ཏེ། དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལ་༼རང་ལས་ཞེས་ཀྱང་འབྱུང་།༽མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་བྱ་བས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་མཐུ་དམན་པས་སྟོན་པས་གསུངས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་བཞིན་དུ་མ་ཤེས་པས་དེ་དག་གི་དགོངས་དོན་ཚད་མ་རིག་པའི་ལམ་ནས་གསལ་བར་མཛད་པའི་ཕྱིར་ཚད་མའི་བསྟན་བཅོས་ཐོར་བུ་མང་དུ་བརྩམས། བསྟན་བཅོས་དེ་དག་ཕྱོགས་གཅིག་ཏུ་བསྡོམས་པའི་བསྟན་བཅོས་ཚད་མ་ཀུན་བཏུས་བརྩམས་པར་བཞེད་ནས་རང་གི་སྒྲུབ་ཕུག་གི་ཕྱིའི་རྡོ་བར།ཚད་མ་གྲུབ་པ་འགྲོ་ལ་ཕན་བཞེད་པ།།སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས།།ཚད་མར་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས།།བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ།། ཞེས་བྱ་བ་དེ་བྲིས་ནས་ཕྱི་རུ་བསོད་སྙོམས་ལ་ཕེབས་པས།བསོད་སྙོམས་ལ་ཕེབས་རིང་ཕྱི་རོལ་པ་ཞིག་འོངས་ནས་ཡི་གེ་དེ་བསུབ་པར་བྱས།དེ་ལྟར་ཐེངས་གསུམ་དུ་བྱས་མཐར་སློབ་དཔོན་མཆོག་གིས་རྩོད་པར་འདོད་ན་རྩོད་ཆོག་པ་དང་དེ་མིན་མ་གསུབ་ཅེས་བྲིས་ནས་བསོད་སྙོམས་ལ་ཕེབས་ནས་ཕྱིར་ཕེབས་སྐབས་ཕྱི་རོལ་པ་དེ་བྲག་ཕུག་གི་ནང་དུ་སྒུག་བསྡད་ཡོད་པས་སློབ་དཔོན་མཆོག་དང་རྩོད་པ་བརྒྱབས། ཕྱི་རོལ་པ་དེ་རྩོད་པ་ཕམ་པ་ན་ཁོང་ཁྲོས་སྨྱོས་ཏེ་ཁའི་ནང་ནས་མེ་བཏང་ནས་སློབ་དཔོན་གྱི་ན་བཟའི་སྣེ་རྣམས་འཚིག་པར་བྱས་ནས་བྲོས་ཕྱིན་པས་སློབ་དཔོན་མཆོག་གིས་དགོངས་པར་སེམས་ཅན་མ་རུང་བ་འདི་འདྲ་བ་ཞིག་ཀྱང་ངས་འདུལ་མ་ཐུབ་ན་ངས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་བྱ་དགོས།ཚད་མ་ཀུན་བཏུས་དེ་བརྩམས་པས་མི་ཕན་སྙམ་ཞིང་ས་ནས་རྡོ་ཞིག་བླངས་ནས་རྡོ་འདི་གནམ་ལ་འཕངས་ནས་ས་རུ་མ་ལྷུང་ན་ཀུན་བཏུས་མུ་མཐུད་ནས་བརྩམས་པར་བྱ་ཡི་གཞན་མི་བྱ་དགོངས་ནས་གནམ་ལ་འཕངས། རྡོ་ས་ལ་མ་ལྷུང་བས་ཅི་ཡིན་དགོངས་ནས་གནམ་ལ་གཟིགས་པ་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ནས། ཁྱེད་དེ་ལྟར་མ་དགོངས་པར་མུ་མཐུན་ནས་བརྩམས་ན་རྗེས་སུ་གཞུང་འདིས་ཕན་པ་རྒྱ་ཆེར་ཡོང་ཞེས་ལུང་བསྟན་མཛད་ལ། རྡོ་བ་དེ་ཡང་དེ་རུ་མ་ཟགས་པར་བོད་གངས་ཅན་ལྗོངས་ཀྱི་འཇང་གི་གནས་དེར་ལྷུང་བར་གྲགས། དེས་ན་འཇང་གི་གནས་དེར་འོངས་ནས་རྣམ་འགྲེལ་རྩོད་ན་ཕྱོགས་ཀྱི་གླང་པོའི་བྱིན་རླབས་ཀྱིས་རིགས་ལམ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་ཅེས་བཤད་སྲོལ་ཡོད་པས་རྟགས་དང་རྟེན་འབྲེལ་གྱི་རྣམ་རྟོག་ཤུགས་ཆེར་ལྡན་པའི་བོད་མི་རྣམས་གནས་དེར་འོངས་ནས་རྟགས་བསལ་གཏོང་ཙམ་བྱས་ནས་འགྲོ་མཁན་ཡང་མང་པོ་ཞིག་ཡོད་སྐད་ཐོས། གདན་གསུམ་གྱི་དགེ་འདུན་པ་རྣམས་ཀྱང་གནས་དེར་འོངས་ནས་ཟླ་བ་གཅིག་གི་རིང་ཚད་མ་རིག་པ་སློབ་པའི་སྲོལ་དར་བ་རེད།༣ འཇང་དགུན་ཆོས་འཚོགས་སྟངས།བོད་དུ་འཇང་དགུན་ཆོས་དེ་དུས་ཇི་ཙམ་ཞིག་ནས་དར་པ་ཡིན་གསལ་བར་མ་ཤེས་ཀྱང་།ཅུང་སྔ་མོ་ཞིག་ནས་དར་བར་མངོན་ཞིང་།དེ་ཡང་གདན་ས་གསུམ་གྱི་དགེ་འདུན་པ་གྲག་གྲས་རྣམས་འཇང་དུ་འཛོམས་ནས་འཚོགས་ཤིང་།དུས་འགྱུར་བྱུང་རྗེས་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་གདན་ས་གསུམ་ལ་རེས་མོས་ཀྱིས་འཚོགས།དེ་ཡང་ཞོགས་པར་ཆུ་ཚོད་དགུ་བ་ནས་བཅུ་གཅིག་བར་གདན་ས་གསུམ་གྱི་དགེ་འདུན་པ་ཡོངས་ལྷན་དུ་འཚོགས་ཤིང་། དགོང་དྲོར་ཆུ་ཚོད་དྲུག་པ་ནས་འཐོར་ཆོས་དམ་བཅའ་༼བཀྲོལ་ཆོས་དམ་བཅའ་ཞེས་ཀྱང་ཟེར་ལ་དེ་ལྟར་བརྗོད་དོན་མི་ཤེས་ལ་འདིའི་དག་ཆ་ཡང་འགྲིགས་ཡོད་མེད་མི་ཤེས།༽འཚོགས་ལ། དེ་ཡང་གྲྭ་ཚང་རེ་རེ་བཞིན་དམ་བཅའ་བསྡད་ནས་གྲྭ་ཚང་གཞན་གྱིས་རྟགས་བསལ་གཏོང་དགོས་ཀྱི་ཡོད།དམ་བཅའ་ཆུ་ཚོད་གཅིག་དང་ཕྱེད་རིང་འཚོགས་ནས་སླར་ཡང་སོ་སོའི་འཛིན་གྲོགས་དང་ལྷན་དུ་རྩོད་ཟླ་བསྒྲིགས་ནས་རྩོད་པ་རྩོད་དགོས་ཀྱི་ཡོད་པ་དང་། དེ་ཡང་གྲྭ་ཚང་གཞན་གྱི་གྲྭ་བ་དང་རྩོད་ཟླ་སྒྲིག་དགོས་ཤིང་དེ་ལྟར་བྱེད་དོན་ནི་གྲྭ་ཚང་སོ་སོའི་ཡིག་ཆ་དང་འཛིན་མཚམས་དང་མི་མཐུན་པས་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་གོ་རྟོགས་སྤེལ་བར་ཁྱད་པར་ཆེན་པོ་ཡོད་ཅེས་བཤད། དེ་ནས་ཆུ་ཚོད་ཕྱེད་ཀྱི་རིང་བར་གསེང་བྱས་ནས་སླར་ཡང་གྲྭ་ཚང་སོ་སོའི་ཉེ་ལོག་དང་ལྷན་དུ་རྩོད་པ་རྩོད་དགོས་ཀྱི་ཡོད་རེད། དེ་ལྟར་དགོང་དྲོ་ཆུ་ཚོད་བཅུ་གཅིག་གི་བར་རྩོད་དགོས་ཀྱི་ཡོད་ཀྱང་རྩོད་ཤུགས་ཆེ་བ་རྣམས་ཆུ་ཚོད་དང་པོ་གཉིས་པ་ལའང་རྩོད་ནས་བསྡད་ཀྱི་ཡོད། རྒྱ་གར་དུ་འཇང་དགུན་ཆོས་འཚོགས་སྐབས་སྔོན་དང་མི་འདྲ་བར་རྡ་ས་ནས་ཀི་རྟི་གྲྭ་ཚང་དང་རིགས་ལམ་སློབ་གཉེར་ཁང་སོགས་དང་། རྒྱུད་གྲྭ་སྟོད་སྨད། ར་སྟོད་དང་བཀྲ་ཤིས་ལྷུན་པོ། དེ་བཞིན་དགོན་པ་ཆེ་ཕྲ་དུ་མ་དང་ཆོས་ལུགས་འདྲ་མིན་ནས་སློབ་གཉེར་བ་མང་དག་ཅིག་འཛོམས་ཀྱི་ཡོད་པས་སླད་མར་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཤིག་མིན་པར་བོད་གངས་ཅན་གྱི་འཇང་དགུན་ཆོས་ཤིག་ཏུ་འགྱུར་བའི་རེ་བ་ཡོད།༤ འཇང་དགུན་གྱི་སྐབས་གཞུང་གང་ལ་སློབ་པ། འཇང་དགུན་གྱི་སྐབས་གཙོ་བོར་ཚད་མ་རིག་པའི་གཞུང་ལ་སློབ་ཅིང་།དེ་ཡང་གཙོ་བོར་ཚད་མ་རིག་པའི་སློབ་དཔོན་ཕྱོགས་གླང་ཡབ་སྲས་སུ་གྲགས་པའི་སྲས་སློབ་དཔོན་ཆོས་ཀྱི་གྲགས་པའི་དཔལ་གྱིས་མཛད་པའི་ཚད་མ་རྣམ་འགྲེལ་ཞེས་པ་རྩ་བ་དང་དེས་མཚོན་པའི་རྒྱ་གར་མཁས་པའི་ཚད་མའི་གཞུང་གཞན་རྣམས་དང་།བོད་འགྲེལ་གྱི་ནང་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཅེས་བྱ་བས་མཚོན་པའི་རྗེ་ཡབ་སྲས་གསུམ་གྱིས་དབུས་པའི་བོད་གངས་ཅན་ལྗོངས་ཀྱི་མཁས་པ་གཞན་རྣམས་ཀྱི་ཚད་མའི་གཞུང་སོགས་དང་། དེ་བཞིན་གྲྭ་ཚང་སོ་སོའི་ཡིག་ཆ་སྟེ། དགའ་བྱང་དང་སེར་བྱེས་ཀྱིས་རྗེ་བཙུན་ཆོས་རྒྱན་གྱི་རྣམ་འགྲེལ། དགའ་ཤར་དང་བློ་གསལ་གླིང་གིས་པན་ཆེན་བསོད་གྲགས་ཀྱི་རྣམ་འགྲེལ། སྒོ་མང་གིས་ཀུན་མཁྱེན་འཇམ་བཞད་ཀྱི་རྣམ་འགྲེལ།སེར་སྨད་ཀྱིས་མཁས་གྲུབ་བསྟན་དར་བའི་རྣམ་འགྲེལ་བཅས་ལ་དམིགས་བསལ་གྱིས་སློབ་ཀྱི་ཡོད། དེ་ལྟར་ཆོས་རའི་ནང་རྩོད་པ་རྩོད་སྐབས་གྲྭ་ཚང་སོ་སོའི་ཡིག་ཆའི་འདོད་ཚུལ་རྣམས་ཕན་ཚུན་བགྲོ་གླེང་བྱས་ནས་སོ་སོའི་ལུང་རིགས་ཀྱིས་དཔྱད་པ་བྱེད་པས་རྣམ་དཔྱོད་ཀྱི་འཕེལ་ཁ་རྒྱས་པར་ཤིན་ཏུ་ཕན་ཐོགས་ཡོད་པར་སྣང་། དེ་ནི་རྣམ་འགྲེལ་ཚུལ་བཞིན་དུ་གཟིགས་མཁན་ཕལ་ཆེ་བའི་དཔྱོད་ཚུལ་ཞིག་ཡིན་པ་ལས་གྲྭ་ས་བ་ཀུན་གྱིས་དེ་ལྟར་བྱེད་ཀྱི་ཡོད་ཅེས་ངས་ནམ་ཡང་བརྗོད་ཀྱི་མེད། དཔེ་ཆ་བའི་འབག་གྱོན་པའི་བླུན་པོ་མཁས་རློམ་པ་ཁ་ཤས་ཀྱི་བྱ་སྤྱོད་ནི་ཆེས་སྐྱུག་བྲོ་བ་ཞིག་ཏུ་སྣང་བས་སྐྱག་ཚང་སྔོག་ན་དྲི་ངན་ལས་འོང་རྒྱུ་མེད་པས་རེ་ཞིག་བཞག་གོ།༥ ཇི་ལྟར་རྩོད་པའི་སྲོལ། ཆེས་སྔ་མོར་རྒྱ་གར་དུ་རྩོད་པ་རྒྱབ་སྐབས་སྔ་རྒོལ་ཕྱི་རྒོལ་གཉིས་གདན་ཐོག་ཏུ་བསྡད་ནས་རྩོད་ཅིང་དམ་བཅའ་རེ་རེ་ཤོར་བ་དང་གདན་རེ་རེ་ལེན་པར་བཤད་ལ་བོད་དུའང་དེ་ལྟར་བྱུང་བར་སྣང་ཞིང་།རིག་པའི་དབང་ཕྱུག་ཆ་པ་ཆོས་ཀྱི་སེང་གེ་༼ཕྱྭབ་ཆོས་ཀྱི་སེང་གེ་ཞེས་ཀྱང་ཟེར།༽༡༡༠༩༡༡༦༩་ཡིས་རྟགས་བསལ་གཏོང་མཁན་ལང་དགོས་པ་དང་།གཟན་རྐེད་པར་སྡོམ་པ།རྐང་པ་གཡས་པ་གནམ་ལ་བཀྱགས་ཤིང་གཡོན་མ་ཅུང་ཡར་འདེགས་པ་སོགས་ཀྱི་ལམ་སྲོལ་ཇི་ལྟར་བཏོད་པ་བཞིན་ཆོས་གྲྭར་དེ་ལྟར་རྩོད་ཀྱི་ཡོད་ལ་ཆོས་སེང་གིས་བཏོད་པའི་ལམ་སྲོལ་དེིའི་བྱུང་རིམ་དང་དགོས་པ་སོགས་དང་། དེ་བཞིན་ཁོང་གི་གསར་བཏོད་མཛད་པའི་མཛད་རྗེས་སོགས་ཀྱི་སྐོར་གཞན་དུ་འབྲི་བར་འདོད་པས་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ།༦ འཇང་དགུན་ཆོས་ཐོག་གི་ལེགས་ཆ་དང་སྐྱོན་ཆ།ཆོས་ཐོག་འདིའི་ནང་ལམ་སྲོལ་སོགས་ཀྱིས་མཚོན་པའི་ལེགས་ཆ་དང་སྐྱོན་ཆ་གླེང་དགོས་ན་ངེས་པར་དུ་རང་ཉིད་དེའི་ནང་ཞུགས་མྱོང་དགོས་ཤིང་དེ་ལྟར་མིན་ན་ལེགས་ཆ་དང་སྐྱོན་ཆ་གང་ཡིན་གསལ་བོར་ཤེས་མི་ཐུབ།ཁོ་བོ་ནི་འཇང་དགུན་ཆོས་ནམ་འཚོགས་ལ་བཅར་ཞིང་།དེའི་ལེགས་ཉེས་ཀྱི་ཆ་མང་པོ་ཞིག་ཀྱང་མཐོང་མྱོང་།དེ་ཡང་རང་ཉིད་ཀྱིས་དཔེ་ཆ་བལྟ་བ་དེ་རང་ཉིད་ཀྱིས་ཉན་མོངས་འདུལ་བ་དང་གཞན་ལ་ཕན་སེམས་ཀྱི་ཀུན་སློང་ཡོད་པའི་ངང་ནས་ཚད་མ་རིག་པའི་གཞུང་ལ་ཐོས་བསམ་ཚུལ་བཞིན་དུ་གནང་ན་ལེགས་པའི་ཆ་ཞིག་མ་གཏོགས་གཞན་འོང་དོན་མེད་ཀྱང་། དེང་གི་ཆར་རིགས་ལམ་ཆགས་ལ་མ་ཆགས་ལ་དང་གཞུང་དོན་ཤེས་ལ་མ་ཤེས་ལ་མང་པོ་ཞིག་གིས་གཞན་ལ་ཚིག་རྩུབ་སྨྲ་བ་དང་ཁྱད་གསོད་བྱས་པ་དང་།གྲྭ་ཚང་ཕན་ཚུན་བར་དབྱེན་སྦྱོར་དཀྲུགས་ཤིང་སློང་ཐབས་བྱེད་པ་སོགས་ནི་མིག་གིས་མཐོང་མི་འདོད་ཅིང་རྣ་བས་ཉན་མི་སྤྲོ་བ་ཞིག་དང་སྙིགས་མ་ལྔ་བདོའི་རང་མཚང་རྗེན་པ་སྟོན་པ་ཞིག་ལས་མེད་ཀྱང་ད་དུང་དེ་དག་ལ་ཡིད་སྨོན་གྱི་འགྲམ་ཆུ་ལྡང་མཁན་རྣམས་ནི་སྙིང་རྗེའི་ཡུལ་ལས་མ་འདས་སོ།། སྤྱི་ཡོངས་ཀྱི་སྐྱོན་ཆ་རེ་གཉིས་བརྗོད་ན།༡ ༽དམ་བཅར་རྟགས་བསལ་གཏོང་སྐབས་མི་མང་པོ་ཞིག་གིས་མཉམ་དུ་གཏོང་ནས་དམ་བཅའ་བས་ཇི་བཞིན་དུ་མ་གོ་བ་དང་དེ་ཡང་བསྐྱར་ཡང་བསྐྱར་དུ་བརྗོད་ནས་དུས་ཚོད་འཕྲོ་རླག་ཏུ་གཏོང་བ་དང་། དེ་བཞིན་མི་མང་པོས་མཉམ་དུ་གཏོང་བས་རིགས་ལམ་ཞན་པ་དག་གིས་གཞན་གྱིས་ཅི་ཟེར་ལ་ཟློས་པ་ཙམ་ལས་རང་ཉིད་ཀྱིས་རང་སྐྱ་འཕེར་བའི་རྟགས་བསལ་གཏོང་མི་ཤེས་པར་གྱུར་པ་སོགས་ནི་སྐྱོན་ཆར་མཐོང་། ༢ ༽ཚད་མ་རིག་པ་ནི་ཕྱི་རོལ་པ་ཚར་གཅོད་པ་ཙམ་ལས་ཕྱི་རོལ་པ་མེད་སར་སློབ་མི་དགོས་པར་འདོད་པ་རྣམས་ནི་རྗེ་ཙོང་ཁ་པས་ལུང་རིགས་ཀྱིས་ལེགས་པར་བཀག་ཟིན་པས་འདིར་གླེང་གི་མིན། འདིར་གླེང་འདོད་པ་ནི་རྣམ་འགྲེལ་ནང་གི་ཕྱི་རོལ་པའི་འདོད་པ་ཁག་ལ་ཇི་ཙམ་སྦྱངས་ཀྱང་དེ་དག་འདོད་མཁན་ནི་དེང་སང་ཉུང་ཉུང་ཡིན་པས་ཕན་ཐོགས་ཆེར་མེད་པ་དང་དེ་ལས་དེང་སང་ཚན་རིག་གི་ལྟ་བ་ཤུགས་ཆེར་དར་བཞིན་པའི་སྐབས་ཡིན་པས་དགེ་འདུན་པ་རྣམས་ཀྱིས་ཀྱང་ཚན་རིག་གི་ལྟ་བར་སྦྱང་བ་བསྟེན་ནས་དེ་དག་དངོས་སྟོབས་ཀྱི་རིགས་པས་བཀག་ཐུབ་པ་ཞིག་གནང་རྒྱུར་གལ་ཆེན་པོར་གཟིགས་ནས་མཁས་དབང་ཀུན་གྱིས་དགེ་འདུན་པ་རྣམས་ལ་དམིགས་བསལ་གྱིས་ཚན་རིག་སྦྱོང་དུ་བཅུག་པ་ཡིན་པས་སླད་ཀྱི་ཆར་ཚན་རིག་གི་གཞུང་ལ་སྦྱངས་ནས་དེ་དག་སྤྱི་དོན་ཤེས་པའི་ཐོག་ནས་ཚད་མ་རིག་པའི་དོན་འགྲེལ་ཐུབ་པ་ཞིག་ངེས་པར་དུ་དགོས་སྙམ་ཞིང་དེ་ཡང་། ཇི་སྐད་དུ།མུ་སྟེགས་གཞན་གྱི་གཞུང་ལུགས་ལ།།ཇི་ལྟར་ཇི་ལྟར་བསླབ་བསམ་པ།།དེ་ལྟར་དེ་ལྟར་མགོན་ཁྱེད་ལ།།བདག་གི་སེམས་ནི་དད་པར་གྱུར།། ཞེས་གསུངས་པར་བཞིན་བྱ་དགོས་སོ་སྙམ།༣ ༽གྲྭ་ཚང་སོ་སོ་དམ་བཅའ་སྡོད་སྐབས་རང་རང་གི་འཛིན་མཚམས་དང་རྩ་བའི་དམ་བཅའ་མི་ཤོར་བའི་ཆེད་དུ་རྒྱལ་བའི་ལུང་དང་རྗེ་ཡབ་སྲས་གསུམ་སོགས་ཀྱི་ལུང་ཇི་ཙམ་དྲངས་ཀྱང་སྣང་མེད་དུ་བཏང་ནས་རང་གི་དམ་བཅའ་དེ་ཉིད་སྲུང་སྐྱོབ་བྱ་ཐབས་བྱེད་ལ།ད་དུང་མང་བོ་ཞིག་གིས་ཡིག་ཆའི་འཛིན་མཚམས་ཤོར་ན་རང་གི་སྡོམ་པ་ཤོར་བ་བཞིན་བྱེད་བཞིན་འདུག་པ་ནི་རྒྱལ་བའི་ལུང་ལས་རྗེ་རིན་པོ་ཆེའི་ལུང་དང་མི་འགལ་ཐབས། རྗེའི་ལུང་ལས་རང་གི་ཡིག་ཆ་དང་མི་འགལ་ཐབས། དེང་གི་ཆར་ཡིག་ཆའི་ཁ་སྐོང་ཞེས་གྲྭ་ཚང་སོ་སོའི་ཕྱི་རབས་ཀྱི་མཁས་པས་བརྩམས་པའི་གཞུང་རྣམས་ལ་གཙིག་ཆེར་བྱེད།དེ་ནས་མར་ཐུག་ན་རང་གི་དགེ་རྒན་གྱི་ལུང་ལ་གཙིག་ཆེར་འཛིན་པ་འདུག་གོ དེ་ནི་དྲན་དབང་དགེ་ཆོས་ཀྱིས་ཐམས་ཅད་ཀྱི་དཔང་པོ་བྱི་བ་ལ་ཐུག་པ་གསུང་བ་བཞིན་སྣང་།འདིར་རྒྱལ་བའི་ལུང་སོགས་ཁས་མི་ལེན་པས་སྐྱོན་དུ་སྣང་ཞེས་པའི་དོན་རྒྱལ་བའི་ལུང་ཡོངས་ཁས་ལེན་དགོས་པའི་དོན་མིན་ལ་དོན་ནི་རང་ཉིད་ཀྱི་འཛིན་མཚམས་དང་དམ་བཅའ་སྲུང་སྐྱོབ་བྱ་བ་ཙམ་གྱི་ཆེད་དུ་རྒྱལ་བའི་ལུང་ལ་དཔྱད་པ་མ་བྱས་པར་བོར་བ་ནི་ལེགས་པར་མ་མཐོང་བ་ལས། རྒྱལ་བའི་ལུང་ལ་དཔྱད་པ་ཚུལ་བཞིན་དུ་བྱེད་ནས་རང་གི་དམ་བཅའ་དང་འགལ་བ་མིན་པར་རིགས་པ་དང་འགལ་བར་མཐོང་ན་དགོངས་པ་གཞན་དོན་དུ་འགྲེལ་བ་ནི་མཁས་པའི་ལུགས་ཡིན་པས་དོན་དང་ལྡན་པར་སྣང་།༤༽རྩོད་པའི་སྐབས་གྲྭ་ཚང་ཕན་ཚུན་དང་མི་སྒེར་ཕན་ཚུན་དབར་ཚིག་རྩུབ་སྨྲ་བ་དང་ཁ་རྡུང་གཏོང་བ་སོགས་ནི་ཆོས་ལ་བརྟེན་པའི་སྡིག་པ་ཁམ་པོ་ཆེ་བསགས་པ་ཡིན་པས་དུས་ཀུན་དོར་བའི་གནས་ཡིན་ཏེ། ཀུན་མཁྱེན་འཇིགས་མེད་ཆོས་ཀྱི་དབང་པོས་ཀུན་བཟང་བླ་མའི་ཞལ་ལུང་ལས། ཡིད་ལ་གཟུངས་ཀྱང་ཉོན་མོངས་པ་དང་འདྲེས་ན་ཆོས་ཡང་དག་པར་མི་འགྲོ་སྟེ།མཉམ་མེད་དྭགས་པོས། ཆོས་ཆོས་བཞིན་མ་སྤྱད་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད།ཅེས་པ་ལྟར་ཡར་བླ་མ་དང་ཆོས་ལ་ལོག་རྟོགབར་མཆེད་གྲོགས་ལ་ཟུར་ཟ།ང་རྒྱལ་དང་ཁྱད་གསོད་སོགས་མི་དགེ་བའི་རྟོག་པ་དང་བཅས་པས་ནི་ངན་སོང་གི་རྒྱུ་བྱེད་པས་དེ་དག་སྤང་དགོས། ཞེས་གསུངས་པ་དང་། རྒྱལ་ཚབ་རྗེས་ཀྱང་ཐར་ལམ་གསལ་བྱེད་དུ་དེ་བཞིན་དུ་གསུངས་ཡོད་པས་དུས་ཀུན་ཏུ་བག་ཡོད་དང་ལྡན་པ་བྱ་རྒྱུ་ནི་གནད་ཆེ་བར་སྣང་ངོ། ། ༧ མཇུག་བསྡུ་བ།ཚད་མའི་སློབ་དཔོན་ཟུང་གི་དགོངས་པའི་དོན།།ཚད་མའི་རིག་པའི་ལམ་ནས་འཚོལ་པ་ཡི།།ཚད་ལྡན་རིག་པ་སྨྲ་བའི་དགེ་འདུན་ཚོགས།།ཚད་མའི་སྐྱེས་བུ་ཇི་བཞིན་ཕྱག་གི་ཡུལ།།དགེ་ལྡན་འཇང་དགུན་ཆོས་ཐོག་ཆེན་མོ་ཞེས།།གྲགས་པའི་རྫ་རྔ་ཕྱོགས་ཀྱི་བུ་མོ་ཡིས།།ཀུན་ནས་རྡུང་བ་གང་དེའི་བྱུང་རིམ་ཙམ།། རིགས་གྲོགས་རྣམས་ལ་ཕན་པའི་གསོས་སུ་སྤེལ།།ཐལ་སྐམ་འཇའ་ཡི་ཟེར་ལ་འཇུས་བྱས་ཏེ།།ནམ་མཁའི་དབྱིངས་སུ་འཕུར་ལྡིང་རྩེན་འདོད་པའི།།གཤོག་ཟུང་ཟད་པའི་སྦྲང་རྒན་རྣམས་མཐོང་ཚེ།།ཤ་ཚས་ཁོ་བོའི་ལུས་སེམས་ཀུན་ནས་བསྡམས།།མཁས་དབང་དགེ་རྒན་གང་གི་བྱིན་རླབས་དང་།།མཚུངས་མེད་ཡབ་ཆེན་དམ་པའི་དྲིན་ལ་བརྟེན།།ན་མཉམ་དབུས་སུ་མགོ་བོ་མ་ཞུམ་པར།།སྤོབས་པའི་སྣང་བ་ཐོབ་པའི་སྐལ་བ་རྨད།།དཔལ་ལྡན་ཚངས་སྲས་དགྱེས་པའི་བློ་གྲོས་དང་།། ལྡན་པའི་གངས་སེང་དཀར་མོའི་བུ་རྒྱུད་དེ།།རྣམ་དཔྱོད་ཡངས་པོས་ཕྱི་ནང་གཞུང་ལུགས་ཀྱི།།རྒྱལ་མཚན་མཐོན་པོར་བསྒྲེང་དེས་སྤེལ་བར་དགེ།སྔོན་སློབ་གྲྭར་འགྲིམས་སྐབས་དབྱིན་ཡིག་ཐོག་བྲིས་ཏེ་གཏམ་བཤད་སྤེལ་བའི་མ་ཡིག་དེ་ལ་གཞིར་བཞག་ཅིང་དེ་ལ་ཁ་སྣོན་ཅུང་བྱས་ཏེ་གྲུབ་པ་འདི་ནི་ཆུང་བྱིས་པའི་དུས་ནས་ཀ་ཁའི་དབྱངས་གསལ་དང་ཨེ་བྷི་སི་གྲིའི་རྟ་དབྱངས་ཁྲོད་ནས་འཚར་ལོང་བྱུང་ཞིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་དང་། དེང་རབས་ཀྱི་ཤེས་བྱ་རིག་པའི་གནས་མང་དུ་ཐོས་པ། དབྱིན་བོད་ཧིན་གསུམ་གྱི་སྐད་ཡིག་ལ་སྦྱངས་པ་མི་དམན་པ། མདོ་ཁམས་བེ་རི་རྒྱལ་པོའི་བཀའ་ཡི་འབངས་སུ་གཏོགས་པའི་མང་བཟང་ནང་རྫ་བ་ཚང་འགྱུར་དགའི་བུ་རུ་སྐྱེས་པ་བེ་རི་བློ་བཟང་བསྟན་འཛིན་དཔལ་ལྡན་རྣམ་རྒྱལ་ལམ་མིང་གཞན་བེ་རི་སྨྱོན་ཕྲུག་ཅེས་བྱ་བས་༢༠༠༩། ༡༢། ༠༩ཉིན་སྦྱར་བ་དགེ་ལེགས་འཕེལ།།།།

གྲུབ་མཐའ་སྤྱིར་བཤད་པ།

[རྩོམ་སྒྲིག]

གྲུབ་མཐའ་སྤྱིར་བཤད་པ། གྲུབ་མཐའ་ཞེས་པའི་ཐ་སྙད་རང་བཟོ་མ་ཡིན་ཏེ། ལང་ཀར་གཤེགས་པ་ལས་“ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། བསྟན་པ་དང་ནི་གྲུབ་མཐའ་འོ། བྱིས་པ་རྣམས་ལ་བསྟན་པ་བཤད། རྣལ་འབྱོར་པ་ལ་གྲུབ་མཐའ་འོ་”ཞེས་གསུང་། རིགས་དྲུག་ཐར་ལམ་དུ་འགོད་པའི་ལམ་སྤྱིར་བསྟན་པ་ལ་བསྟན་པ་དང་། ལམ་དེར་བགྲོད་པའི་ཐབས་གཞི་ལམ་འབྲས་གསུམ་གཏན་ལ་དབབ་པ་དེར་གྲུབ་མཐའ་ཞེས་བརྗོད། གྲུབ་མཐའ་ཞེས་པའི་ཡིག་གཉིས་ཀྱི་དོན་ནི། རང་གི་བློ་ངོར་ཡང་དག་པ་གྲུབ་པས་ན་གྲུབ་དང་། དེ་ལས་ཕར་འགྲོ་བ་མེད་པས་ན་མཐའ་འོ། རང་གི་སྟོན་པས་གསུངས་པའི་གཞུང་གང་རུང་ལ་བརྟེན་ནས་རིགས་པས་དཔྱད་པ་ཡང་ཡང་བྱས་པའི་མཐར། རང་གི་བློ་ངོར་ཐག་བཅད་པའི་མཐར་ཐུག་གི་ཁས་ལེན་དེ་གྲུབ་མཐའི་མཚན་ཉིད(བློ་ངོར་ཐག་བཅད་པ་ཙམ་ལས་དོན་ཐག་བཅད་པ་མ་ངེས)རྣམ་རྟོག་གིས་སྒྲོ་བཏགས་པའི་ཆ་བཞག་བཟློག་ནས་རང་གི་བློ་ངོར་རིགས་པའི་དོན་གྱི་གནས་ཚུལ་ཡང་དག་པར་གྲུབ་པ་ཉིད་གྲུབ་མཐའི་ངོ་བོ། གྲུབ་མཐའ་དེ་གཞན་ལ་སྨྲ་བར་བྱས་པས་ན་གྲུབ་མཐའ་སྨྲ་བ་ཞེས་བརྗོད། དེ་ཡང་གང་ཟག་ལ་དབྱེ་ན། གྲུབ་མཐའ་བློ་མ་བསྒྱུར་བ་དང་། གྲུབ་མཐའ་བློ་བསྒྱུར་བ་གཉིས་ལས། གཞུང་ལུགས་ལ་མ་སྦྱངས་པར་མ་བརྟག་མ་དཔྱད་པའི་བློ་ལྷན་སྐྱེས་ཀྱིས་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བར་བྱེད་པ་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་དང་། གཞུང་ལུགས་ལ་སྦྱངས་ཏེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རང་གི་བློ་ངོར་གྲུབ་པའི་ཚུལ་ལུང་དང་རིགས་པའི་ལམ་ནས་སྨྲ་བར་བྱེད་པ་གྲུབ་མཐས་བློ་བསྒྱུར་བའི་གང་ཟག་ཡིན་ཞིང་ཕྱི་ནང་ཚང་མའང་ཚུད།

བོན་དང་བོན་པོ་ཞེས་པའི་ཚིག་དོན་ལ་དཔྱད་པ།

[རྩོམ་སྒྲིག]

བོན་དང་བོན་པོ་ཞེས་པའི་ཚིག་དོན་ལ་དཔྱད་པ། སྤྱིར་བོན་དང་བོན་པོ་ཞེས་པའི་ཚིག་འདི་བོད་གངས་ཅན་པའི་ལྗོངས་འདིར་ཤིན་ཏུ་ཁྱབ་ཆེ་ལ་ཡོངས་སུ་གྲགས་པ་ཞིག་ཡིན་སྟབས། བོད་ཀྱི་ལོ་རྒྱུས་དང་། རིག་གནས། མི་རིགས་ཀྱི་གོམས་གཤིས་སོགས་ལ་ཞིབ་འཇུག་གནང་མཁན་ཕྱི་ནང་གི་མཁས་དབང་མི་ཉུང་བ་ཞིག་གིས་བོན་དང་། བོན་པོ་ཞེས་པའི་ཚིག་དོན་སྐོར་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་མ་ཟད། ཁོང་རྣམ་པས་ཞིབ་འཇུག་བྱས་པའི་དཔྱད་རྩོམ་མི་ཉུང་བ་ཞིག་ཕྱི་རྒྱལ་གྱི་སྐད་རིགས་མི་འདྲ་བ་དུ་མར་འགྲེམས་སྤེལ་བྱས་དང་བྱེད་བཞིན་ཡོད། དེར་བརྟེན་ལོ་རེ་བཞིན་བོན་གྱི་ཆོས་ལུགས་དང་བོན་ཞེས་པའི་ཚིག་འདིའི་སྐོར་ལ་ཞིབ་འཇུག་བྱེད་མཁན་དང་། དོ་སྣང་གནང་མཁན་ཇེ་མང་དང་འཕེལ་རྒྱས་འགྲོ་བཞིན་ཡོད། ང་ཚོའི་ཐོག་མར་བོན་གྱི་ཆོས་ལུགས་སྐོར་ལ་ཞིབ་འཇུག་བྱེད་པའི་ཚེ་དང་པོ་བོན་དང་བོན་པོ་ཞེས་པའི་ཚིག་དོན་སྐོར་ལ་བསམ་གཞིགས་ལེགས་པར་གཏོང་སྟེ། དེའི་གོ་དོན་ཡང་དག་པ་ཞིག་རྙེད་ཐབས་བྱེད་དགོས་པ་དེ་ནི་བོན་གྱི་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་རྨང་གཞི་ལྟ་བུ་ཡིན། བོན་དང་བོན་པོ་ཞེས་པའི་ཚིག་དོན་ཡང་དག་པ་ཞིག་ངེས་པ་མ་རྙེད་ཚེ་ང་ཚོས་བོན་དང་བོན་པོའི་སྐོར་ལ་འགྲེལ་བརྗོད་ཇི་ལྟར་བྱས་ཀྱང་དེ་ནི་དོན་གྱི་སྙིང་པོ་མེད་པ་དཔེར་ན་བར་སྣང་གི་འཇའ་ཚོན་ལྟ་བུ་སྟེ། ལྟ་ན་མཛེས་ཤིང་དཔྱད་ན་སྙིང་པོ་མེད་པ་ཡིན། བོན་དང་བོན་པོའི་སྐོར་ལ་ཞིབ་འཇུག་གནང་མཁན་སེར་སྐྱ་སུ་ཞིག་ཡིན་རུང་ངེས་པར་དུ་ཞིབ་འཇུག་པ་རང་ཉིད་ཀྱིས་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་ལ་བལྟ་རྟོགས་ཀློག་གསུམ་དང་། བོན་གྱི་བླ་མ་མཚན་ལྡན་དང་། བོན་གྱི་དགེ་བཤེས། བོན་གྱི་མཁས་དབང་། བོན་གྱི་ལོ་རྒྱུས་ལ་གོམས་འདྲིས་མྱོང་གསུམ་ཡོད་པའི་རྒན་རབས་རྣམས་ལ་འདྲི་གཏུགས་བྱེད་དེ་བོན་ལུགས་ལ་ཞིབ་འཇུག་བྱས་པ་ཡིན་ན་བོན་གྱི་ལྟ་གྲུབ་གང་ཡིན་པ་དེ་ཉིད་ཚུལ་བཞིན་མཁྱེན་ཐུབ་པ་མ་ཟད། རང་ཉིད་ཀྱིས་དཀའ་བ་སྤྱད་དེ་གང་ཞིབ་འཇུག་བྱས་པ་དེ་ཉིད་འཛམ་གླིང་འདིར་ཚད་གཞིར་འོས་པའི་ཞིབ་འཇུག་ཞིག་ཏུ་འགྱུར་བ་ཡིན། དེ་ལྟར་གང་ཡང་མ་བྱས་པར་གཞན་གྱིས་ཟེར་སྒྲོས་གཅིག་པུའི་ཐོག་ནས་བོན་དང་བོན་པོའི་སྐོར་ལ་འགྲེལ་བརྗོད་བྱེད་པ་དེའི་རིགས་ནི་བྱིས་པའི་སྒྲུང་གཏམ་ལྟ་བུ་ལས་རྒྱུ་མཚན་དང་ལྡན་པའི་རྩོམ་ཡིག་ཞིག་ཏུ་འགྱུར་བ་ཤིན་ཏུ་དཀའ། བོན་དང་བོན་པོ་ཞེས་པའི་ཚིག་དོན་སྐོར་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་དེ་ནི་བོན་གྱི་ཚད་ལྡན་ཡིག་ཆ་ཁག་དང་། བོད་ཀྱི་ལོ་རྒྱུས་ཡིག་རྙིང་རྣམས་ཡིན། གནའ་རབས་ཀྱི་ཡིག་རྙིང་ཁག་ལ་གཞི་བཅོལ་ཏེ་གྲུབ་མཐའི་ཕྱོགས་ཞེན་གྱིས་མ་བསླད་པར་ང་ཚོས་ཞིབ་འཇུག་བྱས་པ་ཡིན་ན་བོན་དང་བོན་པོ་ཞེས་པའི་གོ་དོན་ཡང་དག་པ་ཞིག་རྙེད་ཐུབ་པ་ཡིན། ད་ལན་ངས་བོན་དང་བོན་པོ་ཞེས་པའི་ཚིག་འདིའི་སྐོར་ལ་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་པ་གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས་ཁག་ལ་ཞིབ་འཇུག་གནང་མཁན་ཕྱི་ནང་གི་མཁས་དབང་རྣམས་ལ་གྲོས་འདེབས་ཀྱི་ཚུལ་དང་། དེ་བཞིན་གཡུང་དྲུང་བོན་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་སློབ་མ་ཁག་དང་། ཡང་དག་པའི་བོན་གྱི་ཆོས་དང་རིག་པའི་གཞུང་ལུགས་ཁག་ལ་ཞིབ་འཇུག་གནང་མཁན་གྱི་བློ་གསར་བའི་ཚོགས་དང་། ཁྱད་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་པའི་གཞུང་ལུགས་ཁག་ལ་དོ་སྣང་དང་ཞིབ་འཇུག་གནང་མཁན་ཤ་རུས་གཅིག་པའི་གདོང་དམར་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་གི་ཕ་མེས་ཀྱི་ཤེས་རིག མེས་པོས་ཤུལ་བཞག་གི་གཅེས་ནོར་བོན་ཞེས་པའི་ཚིག་འདིའི་གོ་དོན་རྣལ་མ་ཞིག་རྙེད་པའི་གསོས་སུ་རེ་ནས་བྲིས་པ་མ་ཟད། བོད་ཀྱི་ལོ་རྒྱུས་སྨྲ་བ་མི་ཉུང་བ་ཞིག་གིས་བོན་ཞེས་པའི་ཚིག་དོན་འདི་ཉིད་བོན་སྟོན་གཤེན་རབ་ཀྱི་ཆོས་ལུགས་དང་། བོན་པོ་ཞེས་པ་ཆོས་ལུགས་དེའི་རྗེས་འཛིན་ཞིག་ཏུ་འགྲེལ་བརྗོད་གནང་བ་དང་། འགའ་ཞིག་གིས་གཡུང་དྲུང་བོན་གྱི་ཆོས་ལུགས་གངས་ཅན་ལྗོངས་སུ་དར་བའི་དུས་མཚུངས་སུ་ཐ་སྙད་འདི་བྱུང་བ་ལས་སོགས་གཅིག་ཏུ་མ་ངེས་པའི་བཤད་ཚུལ་ཇི་སྙེད་ཅིག་བྱུང་བ་རྣམས་ལ་ལུང་རིག་ཟུང་འབྲེལ་གྱི་སྒོ་ནས་དོན་གྱི་བདེན་པ་མཐོང་བའི་ཆེད་དུའོ། །དཔེར་ན་ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཞེས་པའི་དཔེ་ལྟར་ཡིན། བོན་ཞེས་པའི་ཚིག་དོན་གྱི་སྐོར། ཞང་ཞུང་སྐད་དུ་ཧོས་དང་གྱེར། བོད་སྐད་དུ་བོན་ཞེས་པའི་ཚིག་འདི་ཆེས་སྔ་མོའི་དུས་ནས་བོད་ཀྱི་མེས་པོ་ཚོས་སེམས་ཀྱི་བསམ་མནོའི་ཁྱེར་སོ་དང་། ངག་གིས་སྨྲ་བརྗོད་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། བརྗོད་དོན་གྱི་ཆ་ལ་བསམ་ན་ཐ་སྙད་འདི་ལ་བོད་ཀྱི་བརྡ་རྙིང་ཞེས་བརྗོད་ཀྱང་རུང་བ་ཡིན། དངོས་ཡོད་ཀྱི་ལོ་རྒྱུས་ཐོག་ནས་བཤད་ན་གཡུང་དྲུང་བོན་གྱི་བསྟན་པ་ཐོག་མར་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་བོད་གངས་ཅན་ལྗོངས་འདིར་ཞབས་བཅག་པའི་དུས་སུ་བོད་ཀྱི་བོན་པོ་རྣམས་ལ་ཡར་མགོན་བྱེད་ཀྱི་ལྷ་གསོལ་བ་དང་། མར་གནོད་བྱེད་ཀྱི་འདྲེ་སྲི་བཀར་བ། ཡུག་ཕུད་པ་སོགས་ཀྱི་བསྟན་པ་རྗེས་བཞག་གནང་བ་ནས་བོད་དུ་དར་བར་བཞེད་ལ། དེའི་གོང་དུ་བོད་ཀྱི་བོན་པོ་ཞེས་པ་བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་རྗེས་འཛིན་མ་ཡིན་པའི་བོན་པོ་ཡོད་པར་གསལ་བས། བོན་དང་བོན་པོ་ཞེས་པའི་ཚིག་འདི་གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་མ་དར་གོང་དུ་བོད་མི་ཚོས་ཐ་སྙད་འདི་ཉིད་བེད་སྤྱོད་བྱས་ཡོད་པ་སྨོས་མེད་རེད། ཐ་སྙད་འདི་ཉིད་གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་མ་དར་བའི་གོང་དུ་བྱུང་བའི་ཤེས་བྱེད་དུ། མདོ་གཟེར་མིག་ལས། གཤེན་རབ་ཀྱིས་བོད་ཀྱི་བོན་པོ་ལ། བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག ཅེས་སྟོན་པ་སངས་རྒྱས་བོད་དུ་ཞབས་བཅག་པའི་སྐབས་སུ་གཤེན་རབ་ཀྱི་རྗེས་འཛིན་མ་ཡིན་པའི་བོད་ཀྱི་བོན་པོ་ཡོད་པར་གསུངས། གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་དར་བ་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ་བོད་གང་སར་ཆོས་ལུགས་འདིས་ཤུགས་རྐྱེན་ཐེབས་པས་བོན་དང་བོན་པོ་ཞེས་པའི་ཐ་སྙད་འདི་བོན་གྱི་ཆོས་ལུགས་དང་དེའི་ལུགས་འཛིན་པའི་སྒེར་མིང་དུ་ཆགས། ད་ལྟ་བོད་ཀྱི་སྤྱི་ཚོགས་ནང་དུའང་བོན་ཞེས་པའི་ཚིག་འདི་ཐོས་པ་ཙམ་གྱིས་བོན་གྱི་ཆོས་ལུགས་དང་བོན་པོ་སེམས་ལ་ལྷང་ངེར་ཤར་ཐུབ་པར་གྱུར། རྒྱུ་མཚན་དེས་ན་བོད་ཀྱི་སྤྱི་ཚོགས་ཀྱི་ཁྲོད་དུ་བོན་ཞེས་པའི་ཚིག་འདིའི་གོ་དོན་རྣལ་མ་གང་ཡིན་པ་དེ་ཉིད་ལྐོག་ཏུ་གྱུར། གནའ་རབས་སུ་རང་རེ་བོད་ཀྱི་མེས་པོ་ཚོས་བོན་ཞེས་པའི་ཐ་སྙད་འདི་ཉིད་བཀོལ་སྤྱོད་བྱས་ཚུལ་ལ་གཞིགས་ན་ཚིག་འདིའི་བརྗོད་དོན་གཅིག་ཏུ་མ་ངེས་ཤིང་། མིང་ཚིག་མི་མཐུན་པ་དུ་མའི་དོད་དུ་བོན་ཞེས་པའི་ཚིག་འདི་ཉིད་བེད་སྤྱོད་གནང་སྲོལ་བྱུང་འདུག དཔེར་ན་སྐབས་འགར་ཐོས་ཞེས་པའི་ཚིག་དོད་དུ་བེད་སྤྱོད་བྱས་ཡོད་པ་ནི། རྫོགས་པ་ ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ལས། སྟོན་པས་གསུངས་པ་འཁོར་གྱི་སྙན་དུ་བོན་པས་ན་བོན་ཞེས་བྱ་སྟེ། ཞེས་སྙན་དུ་ཐོས་ཅེས་པའི་ཚིག་དོད་དུ་སྙན་དུ་བོན་ཞེས་གསུངས་པས་གྲུབ་པ་ཡིན། ཡང་སྒྲ་ཐོས་མ་ཐོས་ཞེས་པའི་དོད་དུ། སྒྲ་བོན་མ་བོན་ཞེས་བརྗོད་སྲོལ་ཡོད་པ་གསལ། ཡང་སྲིད་ཅེས་པ་དང་། ཆགས་ཞེས་པའི་ཚིག་དོད་དུ་བེད་སྤྱོད་བྱས་ཡོད་པ་ནི། ཐུགས་ཀྱི་ཡང་གབ་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད༢༨༨ལས། རང་འབྱུང་ཆེན་པོའི་བོན་དུ་བྱུང་། དེ་ལས་ཡེ་ཡོད་ཅུང་ཙམ་དུ་བོན། དེ་ལས་བག་ཙམ་རྡུལ་ཙམ་དུ་བོན། རྡུལ་ཙམ་བདུན་ལས་ཕྲ་རབ་ཏུ་བོན། དེ་ལས་ཟླ་བ་ཡར་འཕེལ་བོན། ཡེ་ཡོད་ཡེ་མེད་དུས་སུ་ཡེ་བོན་སྣང་གྲགས་བོན། ཟླ་བ་ཡར་ངོ་ལས་རླུང་རྡོ་རྗེ་རྒྱ་གྲམ་དུ་བོན། ཞེས་པས། དེ་ལས་ཡེ་ཡོད་ཅུང་ཙམ་དུ་སྲིད། ཅེས་པ་དང་། རྡུལ་ཙམ་བདུན་ལས་ཕྲ་རབ་ཏུ་ཆགས་ཞེས་པའི་དོད་དུ་བོན་ཞེས་པའི་ཚིག་འདི་བེད་སྤྱོད་གནང་འདུག སྐབས་འགར་མགོན་ཞེས་པའི་ཚིག་དོད་དུ་བེད་སྤྱོད་གནང་སྲོལ་ཡོད་པ་ནི། སྒྲ་བླའི་གོ་བསང་ལས། བཞུགས་ནི་མཚོན་ཆའི་མཁར་ལ་བཞུགས།།གནས་ནི་དམུ་རིའི་རྩེ་ལ་གནས།།མགོན་ནི་བོན་ལ་དགའ་བའི་བོན། །སྐྱོབས་ནི་གཤེན་ལ་གདུང་བའི་སྐྱོབས།།ཞེས་པས། མགོན་ནི་བོན་ལ་དགའ་བའི་མགོན་ཞེས་པའི་ཚིག་དོད་དུ་བོན་ཞེས་པའི་ཐ་སྙད་འདི་བེད་སྤྱོད་གནང་། སྐབས་འགར་ཧ་གོ་བའམ། དོན་རྟོགས་ཞེས་པའི་ཚིག་དོད་དུ་བེད་སྤྱོད་བྱས་ཡོད་པ་ནི། ཐུགས་ཀྱི་ཡང་གབ་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད༣༠༣ ལས། མི་རིག་པ་ལ་རིག་པ་བོན་བས་ན་བོན། མ་ཐོས་པ་ལ་ཐོས་པ་བོན་པས་ན་བོན། མ་གོ་བ་ལ་གོ་བར་བོན་པས་ན་བོན། མ་རྟོགས་པ་ལ་རྟོགས་པར་བོན་པས་ན་བོན། ཞེས་དང་། ཡང་༼མགར་སྟོན་གྱི་གཏེར་མ༽དབལ་ཕུར་གསང་བའི་སྒྲོན་མེ་སྒྲུབ་པའི་ཕྲིན་ལས་ ༦༤༨ལས། དབལ་བོན་སྟག་ལ་མེ་འབར་ལ།།ཐུགས་རྗེ་བྱམས་མས་ལུང་བསྟན་ཏེ།།ནམ་མཁའི་དབྱིངས་ནས་གསུང་བསྒྲགས་པས།།ལྷང་ལྷང་གསུང་དེ་སྙན་དུ་གསན།།ཐུགས་ལ་བོན་ཏེ་དགོངས་པར་གསལ།།དགོངས་པའི་འོད་ཟེར་ཉི་ལྟར་ཤར།།ཅེས་ཐུགས་ལ་བོན་ཞེས་པ་དང་། ཐུགས་ལ་མཁྱེན་པ་དང་། ཐུགས་ལ་གསལ་བ། ཐུགས་ཀྱིས་དགོངས་པ་སོགས་ཀྱི་གོ་དོན་གཅིག་མཚུངས་སུ་བཞེད། མདོར་ན་ལུང་ཚིག་འདི་ལ་བརྟེན་ནས་གནའ་རབས་སུ་བོད་ཀྱི་མེས་པོ་ཚོས་དོན་རྟོགས་པའམ། ཧ་གོ་བའི་ཚིག་དོད་དུ་བོན་ཞེས་པའི་ཐ་སྙད་འདི་བཀོལ་སྤྱོད་གནང་བའི་དུས་རབས་ཤིག་བྱུང་ཡོད་པ་ཤེས་ཐུབ་པ་ཡིན། དེང་སང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་མི་ཉུང་བ་ཞིག་གིས་བོན་ཞེས་པའི་ཚིག་དོན་འདི་བོན་པོའི་ཆོས་ལུགས་གཅིག་པུ་ལ་འགྲེལ་བཤད་བྱས་པ་དེ་ནི། བོན་ཞེས་པའི་ཚིག་འདིའི་གོ་དོན་རྣལ་མ་གང་ཡིན་པ་དེ་ཉིད་མ་ཤེས་པའི་རྟགས་མཚན་ཞིག་ཏུ་མངོན། དེའང་ཞང་བོད་ལོ་རྒྱུས་ཏི་སེའི་འོད་སྣང༤༢ ལས། བོན་ཞེས་པའི་ཚིག་འདི་ནི་གཤེན་རབ་མི་བོ་ཆེའི་བསྟན་པ་ཙམ་ངོས་འཛིན་གྱི་ཡོད་པ་དེ་ནི་ནོར་འཁྲུལ་ཚབས་ཆེ་བ་ཡིན། ཞེས་གསུངས་པས་ངེས་པར་སེམས། བོན་དང་བོན་པོ་ཞེས་པའི་གོ་དོན་རྣལ་མ་གང་ཡིན་པ་དེ་ནི་གཡུང་དྲུང་བོན་གྱི་ལུགས་ལ་ཅི་ལྟར་གྲགས་པ་བཞིན་དོན་ལ་གནས་པ་ནི་ཚད་མས་མི་གནོད་ཅིང་རིགས་པས་གྲུབ་པ་ཡིན། གཡུང་དྲུང་བོན་གྱི་ལུགས་ལ་བོན་ཞེས་པའི་ཚིག་འདིའི་གོ་དོན་ཆོས་ལུགས་གཅིག་པུར་ངོས་མི་འཛིན་པར། དོན་གྱི་ཆ་ནས་ཤེས་བྱ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པ་ཐམས་ཅད་བོན་ཡིན་པ་ངོས་འཛིན་པ་ཡིན། དེ་ཡང་ཀླུ་འབུམ་ལས། ཤེས་བྱ་སྣང་སྲིད་ཐམས་ཅད་བོན་ཡིན་ཏེ། བོན་གྱིས་མ་ཁྱབ་པ་མེད། ཅེས་གསུངས། རྒྱུ་མཚན་དེས་ན་བོན་ལ་དབྱེ་ན་རྗོད་བྱེད་ཚིག་གིས་བསྡུས་པའི་བོན་དང་། བརྗོད་བྱ་དོན་གྱིས་བསྡུས་པའི་བོན་གཉིས་སུ་ཕྱེ་སྲོལ་ཡོད། དང་པོ་ནི། རྗོད་བྱེད་ངག་གིས་བསྡུས་པའི་ཡི་གེ་དང་། མིང་དང་ཚིག རྒྱལ་བའི་བཀའ་དང་། བཀའ་བརྟེན་ཏེ་མདོར་ན་ཚིག་རྣ་བས་ཐོས་ཤིང་དོན་གྱི་བརྗོད་བྱ་སེམས་ལ་གོ་བར་བྱེད་པའི་རྗོད་བྱེད་ངག་གི་རྣམ་པ་དེ་ལ་ཚིག་གིས་བསྡུས་པའི་བོན་ཞེས་གསུངས། དོན་གྱི་ཆ་ནས་ཤེས་བྱ་དང་། གཞལ་བྱ། གཞི་གྲུབ། ཡོད་པ། བོན། སྲིད་པ། རྟེན་འབྲེལ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་བསྟན་ཡོད། ཤེས་བྱ་དང་དོན་གཅིག་ཏུ་བསྟན་པའི་བོན་དེ་ནི་རང་རང་གི་ཡིན་ལུགས་ལྡན་པའམ་རང་གི་མཚན་ཉིད་འཛིན་པ་ཙམ་ལ་གོ་བ་ཡིན། དཔེར་ན་ས་ཡི་རང་བཞིན་སྲ་ཞིང་མཁྲེགས་པ་དང་། ཆུ་ཡི་རང་བཞིན་བརླན་ཞིང་གཤེར་བ། མེ་ཡི་རང་བཞིན་ཚ་ཞིང་སྲེག་པ། རླུང་གི་རང་བཞིན་ཡང་ཞིང་གཡོ་བ། ནམ་མཁའི་རང་བཞིན་ཀུན་གསལ་གོ་འབྱེད་པ། འདུས་བྱས་ཀྱི་རང་བཞིན་མི་རྟག་ཅིང་སྐྱེ་འཇིག་ཅན་དང་། རྟག་པའི་རང་བཞིན་མི་འགྱུར་ཞིང་སྐྱེ་འཇིག་དང་བྲལ་བར་གནས་པ་ལྟ་བུའོ།། སྤྱིར་ཕྱི་གཟུང་བའི་བོན་ཞེས་གཟུགས་སྒྲ་དྲི་རོ་རེག་བྱས་བསྡུས་པའི་བོན་དང་། ནང་འཛིན་པའི་བོན་ཞེས་རྣམ་ཤེས་ཚོགས་བརྒྱད། སེམས་དང་སེམས་བྱུང་གི་ཚོགས་རྣམས་སོ།། འཁོར་བའི་བོན་ཞེས་ཉོན་མོངས་དུག་གསུམ་དུག་ལྔས་བསྡུས་པའི་ཉོན་མོངས་པའི་ཚོགས་དང་། གཉིས་པ་འདུ་བྱེད་ལས་ཀྱིས་བསྡུས་པ་རྣམས་སོ། །མྱ་ངན་ལས་འདས་པའི་བོན་ཞེས་ཐར་པའི་ལམ་ལྔ་གསུམ་བཅོ་ལྔ་དང་། བླ་ན་མེད་པར་ཕྱིན་པ་བཅུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་། སྙིང་རྗེ་ཚད་མེད་པ། བྱམས་པ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ། རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་བསྡུས་པ་རྣམས་ལ་ངོས་འཛིན་པ་ཡིན། ཡོངས་གྲགས་སུ་བོན་གྱི་ཡིག་ཆ་རྣམས་སུ་བོན་གྱི་སྒྲ་འཇུག་ཚུལ་འཆད་པའི་སྐབས་སུ་འཇུག་ཚུལ་རྣམ་པ་བརྒྱད་དུ་འཆད་སྲོལ་ཡོད་པ་ནི། དང་པོ་ཤེས་བྱ་ལ་བོན་གྱི་སྒྲ་འཇུག་སྟེ། བོན་ཐམས་ཅད་བདེན་པ་གཉིས་སུ་བསྡུས་སོ།།ཞེས་གསུངས། དེའང་ཤེས་བྱ་ལ་བདེན་པ་གཉིས་ཀྱི་ཁ་མཚམས་ཆོད་ལ་བདེན་པ་གཉིས་སུ་མ་འདུས་པའི་བོན་ཞིག་མེད་པའི་ཆ་ནས་དེ་ལྟར་གསུངས་པ་ཡིན། གཉིས་པ་འཁོར་བ་དང་མྱང་འདས་ལ་འཇུག་པ་ནི། འཁོར་འདས་ཀྱི་བོན་ཐམས་ཅད་ཅེས་གསུངས། གསུམ་པ་ཡིད་དང་ཡུལ་ལ་འཇུག་པ་ནི། མིང་དང་གཟུགས་ཞེས་པ་ནས་ཡིད་དང་བོན། ཞེས་གསུངས། བཞི་པ་བསོད་ནམས་ལ་འཇུག་པ་ནི། སྤྱོད་པའི་སྒྲ་ཐོས་པར་དཀའ་བ་གཡུང་དྲུང་གི་བོན་ལ་སྤྱོད། ཅེས་གསུངས། ལྔ་པ་དོན་ལ་སྒྲ་འཇུག་པ་ནི། གནས་ལུགས་དོན་གྱི་བོན། ཞེས་གསུངས། དྲུག་པ་ཐར་པའི་ལམ་ལ་འཇུག་པ་ནི། ལམ་གྱི་བོན། ཞེས་གསུངས། བདུན་པ་གསུང་རབ་ལ་འཇུག་པ་ནི། སྟོན་པས་བོན་སྒོ་བཞི་མཛོད་ལྔ་གསུངས། ཞེས་སོ། །བརྒྱད་པ་ཐེག་པ་ལ་འཇུག་པ་ནི། ཐེག་པ་བླ་ན་མེད་པའི་གཡུང་དྲུང་གི་བོན་ལ་སྤྱོད། ཅེས་བོན་གྱི་སྒྲ་འཇུག་པའི་ཚུལ་གསུངས་སོ། ། གཡུང་དྲུང་གི་བོན་གྱི་སྐོར།སྤྱིར་གཡུང་དྲུང་བོན་ཞེས་པའི་སྒྲའི་གདགས་གཞི་ནི་ནང་པ་གཤེན་རབ་པའི་བསྟན་པའམ། བོན་པོའི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་སྲོལ་གཏོད་གནང་བའི་ བསྟན་པ་དེ་ལ་ངོས་འཛིན་གནང་ཡོད། བསྟན་པ་དེ་ལ་སྐུ་ཡི་བསྟན་པ་དང་། གསུང་གི་བསྟན་པ། ཐུགས་ཀྱི་བསྟན་པ་གསུམ་གྱི་དབྱེ་བ་ཕྱེས་ཡོད་པ་ཡིན། དང་པོ་སྐུའི་བསྟན་པ་ནི་བདེ་བར་གཤེགས་པའི་སྐུ་གཟུགས་དང་། སྐུ་གདུང་། དཀྱིལ་འཁོར་འབྲི་བཞེངས་ལ་སོགས་པའོ། །གཉིས་པ་གསུང་གི་བསྟན་པ་ནི་བདེ་བར་གཤེགས་པའི་གསུང་རབ་བཀའ་དང་བཀའ་བརྟེན་གཉིས་ཀྱི་ཁོངས་སུ་འདུས་ཡོད། དེ་ཡང་། ཕྱི་མདོ་ཡི་བོན་སྡེ་གཙོ་བོ་མཚན་ཉིད་སྡེ་ལྔ་སྟེ། ཟབ་མོ་སྟོན་པ་འབུམ་གྱི་སྡེ་དང་། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ་དང་། ལས་འབྲས་སྟོན་པ་མདོ་ཡི་སྡེ། ཆགས་གནས་སྟོན་པ་མདོ་ཡི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ་དང་ལྔའོ། །ནང་བསྒྱུར་ལམ་གསང་བ་སྔགས་ཀྱི་བོན་སྡེ་གཙོ་བོ་ལྷ་ཀླུ་མི་ཡི་ཞིང་རྣམས་སུ་བསྒྲགས་པའི་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་དང་། མ་རྒྱུད་སངས་རྒྱས་རྒྱུད་གསུམ། ཞང་ཞུང་མེ་རི་བཀའ་མ་དང་གཏེར་མ། ཞི་ཁྲོ་ཕུར་གསུམ་ལས་སོགས་ཡི་དམ་བཀའ་ཆེན་སྡེ་དགུའི་རྒྱུད་གཞུང་རྣམས་ཡིན། གསང་བ་སེམས་ཕྱོགས་སམ་བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་གཙོ་བོ་བཀའ་མ་གསེར་ཞུན་མ་ལྟ་བུའི་བོན་སྡེ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། རྫོགས་ཆེན་སེམས་སྨད་སྡེ་དགུ། རྫོགས་ཆེན་མུ་མེད་བདལ་བའི་རྒྱུད་བཅས་ཡིན། ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་བོན་གྱི་བཀའ་འགྱུར་ཆེན་མོ་ཀུན་གྲོལ་ལྷ་སྲས་རིན་པོ་ཆེ་མཆོག་གིས་དཔར་སྐྲུན་གནང་བའི་བཀའ་འགྱུར་ནང་ཕྱི་སྤོང་ལམ་གཙོ་བོར་སྟོན་པ་མདོ་ཡི་བོན་སྡེ་དང་། ནང་སྒྱུར་ལམ་གཙོ་བོར་སྟོན་པ་གསང་སྔགས་ཀྱི་བོན་སྡེ། གསང་བ་གྲོལ་ལམ་གཙོ་བོར་སྟོན་པ་བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་བཅས་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གསུང་པོད་བསྡོམས༡༧༨བཞུགས་པ་འདི་དག་ཕལ་ཆེ་བ་ཞིག་སྟག་གཟིག་དང་། ཞང་ཞུང་། བྲུ་ཤ ཁ་ཆེ། རྒྱ་གར་སོགས་ནས་བོད་སྐད་དུ་བསྒྱུར་བ་ཡིན། བོན་གྱི་བསྟན་འགྱུར་ཆེན་མོ་ནི་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེས་དཔར་སྐྲུན་གནང་བའི་བོན་གྱི་བསྟན་འགྱུར་གྱི་སྡེ་ཚན་ནང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་འགྲེལ་གསུང་པོད༣༨༦ལྷག་བཞུགས་ཡོད། གསུམ་པ་ཐུགས་ཀྱི་བསྟན་པ་ནི་ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱིས་བསྡུས་པའི་ཉམས་ལེན་དང་། སྤང་རྟོགས་གཉིས་ཀྱིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ཆ་ལ་ངོས་འཛིན་གནང་ཡོད། ཐམས་ཅད་མཁྱེན་པའི་བཀའ་ཚད་མ་མདོ་འདུས་པ་རིན་པོ་ཆེའི་རྒྱུད༢༠༠ ལས། བསྟན་པ་བཞག་པའི་ཆོ་འཕྲུལ་ནི། །སྐུ་གཟུགས་ཞལ་སྐྱིན་སྐུའི་རྟེན། །གསུང་རབ་འབུམ་སྡེ་གསུང་གི་རྟེན། །སྐུ་གདུང་རིང་སེལ་ཐུགས་ཀྱི་རྟེན། །འགྲོ་དོན་བསྟན་པ་རྣམ་གསུམ་བཞག །ཅེས་གསུངས། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ནི་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཞིང་ཐར་པ་བདེ་ཆེན་གྱི་སར་འགོད་པའི་ཐབས་ཁྱད་པར་ཅན་ཞིག་ཡིན། དེ་ལའང་གང་ཟག་ལ་མཐོ་དམན་དང་དྲག་ཞན་མེད་པ། རིགས་རུས་ལ་བཟང་ངན་གྱི་ཁྱད་པར་མེད་པ་སྐྱེ་འགྲོ་སུ་ཞིག་གིས་དད་འདུན་མོས་པའི་སྒོ་ནས་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བྱས་པ་ཡིན་ན་ལུས་ཅན་གྱི་སྒྲིབ་པ་ཟད་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་འགོད་པ་ཡིན། རྒྱུ་མཚན་ནི། བདག་ཅག་གི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་སྔོན་རབས་སུ་སྟོན་པ་བསོད་ནམས་དབང་གི་དྲུང་དེར་ཐེག་པ་ཆེན་པོ་བྱང་ཆུབ་སེམས་སྡོམ་ནོས་པའི་དུས་སུ་བདག་ཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ་འགྲོ་བ་སེམས་ཅན་ཐམས་ཅད་ཐར་པ་བདེ་ཆེན་གྱི་སར་འགོད་པའི་དམ་བཅའ་མཛད་པས་ཡིན། ཁོང་གིས་ཀྱང་དང་པོ་སྐྱེ་བ་གྲངས་མེད་ཚོགས་བསགས་སྒྲིབ་པ་སྦྱངས་པའི་མཐུས་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་བརྙེས་པ་དང་། འོག་མིན་གྱི་གནས་སུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་འགྲོ་བ་འདུལ་བའི་བོན་ལུང་ནོས། སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པོ་དག་པ་མཆོག་གི་སྤྲུལ་སྐུའི་སྐུར་བཞེངས་ཏེ། ལྷ་ཀླུ་མི་ཡི་གནས་སམ་འགྲོ་བ་རིགས་དྲུག་གི་ཞིང་ཁམས་རྣམས་སུ་གཡུང་དྲུང་བོན་གྱི་ཆར་ཆེན་ཕེབས་པས། ལས་དག་པའི་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་ཏེ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་པའོ། །སྟོན་པ་དེས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གདུལ་བྱ་བློ་རབ་འབྲིང་ཐ་མ་གསུམ་ལ་དགོངས་ཏེ་ཕྱི་སྤོང་ལམ་མདོ་ཡི་བསྟན་པ་དང་། ནང་སྒྱུར་ལམ་གསང་བ་སྔགས་ཀྱི་བསྟན་པ། གསང་བ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་བསྟན་པ་རྣམས་རྗེས་བཞག་གནང་། སྤོང་སྒྱུར་གྲོལ་གསུམ་གྱི་དོན་ནི། སྤྱིར་སེམས་ཅན་ཐམས་ཅད་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ལ་སྤང་བྱ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་བྱང་ཞིང་དག་དགོས་པས། སྒྲིབ་པ་དེ་ཉིད་སྦྱོང་ཚུལ་ལ་ཉེས་པ་ལ་ཉེས་དམིགས་སུ་ལྟ་སྟེ་སྒྲིབ་གཉིས་སྤོང་བྱེད་ཀྱི་གཉེན་པོ་ཡེ་ཤེས་རྒྱུད་ལ་བསྟེན་པའི་ཆ་ནས་ཕྱི་སྤོང་ལམ་མདོ་ཞེས་བརྗོད། དཔེར་ན་བདག་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དང་། ཞེ་སྡང་གི་གཉེན་པོ་བྱམས་པའམ་སྙིང་རྗེ། འདོད་ཆགས་ཀྱི་གཉེན་པོ་ཆགས་མེད། རྟག་འཛིན་གྱི་གཉེན་པོ་མི་རྟག་པ་རྟོགས་པའི་ཤེས་རབ་རྒྱུད་ལ་བསྟེན་པ་ལྟ་བུའོ། །ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད༣༠ ལས། མ་རིག་རྣམ་པར་རྟོག་པ་ལས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྒྱས། །དེ་ཉིད་འདུལ་བའི་གཉེན་པོ་རུ། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། །དེ་ཡིས་འདུལ་ལུགས་འདི་ལྟར་ཏེ། །སྤྱིར་ན་འཆི་བའི་དུག་ཉིད་ལ། །སྤང་བར་བྱེད་པའི་གཉེན་པོ་ནི། །ལ་ལས་དུག་ལ་དུག་ཉིད་དུ། །ངོ་ཤེས་མེ་ལ་བསྲེག་པ་དང་། །ཆུར་བསྐྱུར་ས་འོག་འཛུད་པ་ལྟར། །ཐེག་པ་ལ་ལས་ཉོན་མོངས་ལྔ། དུག་བཞིན་དུ་ནི་སྤོང་བྱེད་ཅིང་། །གཉེན་པོའི་ཡེ་ཤེས་རྒྱུད་ལ་བསྟེན། །ཞེས་གསུངས། སྒྱུར་ལམ་ཞེས་པའི་དོན་ནི། ཉེས་པ་ལ་ཉེས་དམིགས་སུ་མི་ལྟ་བར་སྒྲིབ་པ་གཉིས་པོ་བསྒྱུར་བྱ་རུ་བཟུང་སྟེ། སྒྱུར་བྱེད་ཀྱི་ཐབས་ཟབ་མོ་གསང་བ་སྔགས་ཀྱི་ལམ་རིམ་པ་གཉིས་༼བསྐྱེད་རིམ་དང་རྫོགས་རིམ་༽ཀྱི་སྒོ་ནས་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བ་དང་། ཕྱི་སྣོད་དག་པ་ལྷ་ཡི་གཞལ་ཡས་སུ་བསྒྱུར་བ། ནང་བཅུད་དག་པ་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་མོས་པས། འབྲས་བུ་མཐར་ཐུག་ཡི་དམ་གྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱེད་པའོ། །དེ་ཡང་ཐབས་ཆེ་སྒོ་ཡངས་གསང་སྔགས་རིན་པོ་ཆེ། ཞེས་གསུངས། དཔེར་ན་དུག་ལ་སྔགས་བཏབ་ནས་སྨན་འགྱུར་བའམ། རས་དཀར་སྔོན་པོར་བསྒྱུར་བ་བཞིན་ནོ། །ཡང་ལུང་དེ་ཉིད་ལས། ལ་ལས་དུག་ནི་བཅོས་བསྒྱུར་བཞིན། །སྒྱུར་བར་བྱེད་པའི་གཉེན་པོ་ནི། །དུག་ལ་སྔགས་བཏབ་སྨན་བསྒྱུར་བཞིན། །དུག་ལྔ་ ཡེ་ཤེས་བསྒྱུར་བའོ། །ཞེས་གསུངས་པ་དེ་དག་གིས་ངེས་སོ། །གྲོལ་ལམ་ཞེས་པའི་དོན་ནི། སྒྲིབ་པ་གཉིས་པོ་སྤོང་བསྒྱུར་གང་ཡང་མི་བྱེད་པར་ཤེས་བྱ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་གཞི་ཡེ་གྲོལ་ཆེན་པོའི་ཀློང་དུ་ལ་བཟླས་ཏེ། རང་གིས་རྩ་བའི་བླ་མའི་བརྡ་ཐབས་རྟེན་འབྲེལ་གྱི་གནད་ལ་བརྟེན་ནས་གཞི་ཡི་གནས་ལུགས་ངོ་འཕྲོད་པ་དང་རྩལ་ཤར་གྱི་རིག་པའི་ཡེ་ཤེས་རང་རྒྱུད་ལ་བརྙེས་པས། ལམ་ཁྲེག་ཆོད་དང་། ཐབས་ཐོད་རྒལ་གྱི་ཉམས་ལེན་གཉིས་ཟུང་དུ་འབྲེལ་བས་སྒྲིབ་གཉིས་མུན་པའི་ཚོགས་རྣམས་དཔེར་ན་ནམ་མཁའ་ལ་སྤྲིན་དེངས་པའམ། ཉི་མ་ཤར་ནས་མུན་པ་རང་བཞིན་གྱིས་སོང་བ་བཞིན་རང་ཞི་རང་གྲོལ་དུ་སོང་བ་དང་། ཕྱི་གདོས་བཅས་ཀྱི་ཕུང་པོ་ཀ་དག་འོད་གསལ་ཆེན་པོའི་ཀློང་དུ་རང་སར་དེངས་ནས་འཇའ་ལུས་འཕོ་བ་ཆེན་པོའི་འོད་སྐུ་མངོན་དུ་བྱས་ཏེ་སྐུ་གསུམ་སངས་རྒྱས་ཀྱི་རྒྱལ་སར་གཤེགས་པའོ།། ཡང་ལུང་དེ་ཉིད་ལས། རྨ་བྱས་དུག་ལ་དུག་ཉིད་དུ། །ངོ་ཤེས་པས་ནི་ཟོས་གྱུར་པས། །གཟུགས་མདངས་རྒྱས་ཤིང་སྡུག་པ་ལྟར། །ཉོན་མོངས་དུག་ལྔ་དབང་དུ་བྱས། །དུག་ལྔ་སྤང་བར་མི་བྱའོ། །ཞེས་གསུངས། དེ་ལྟར་སྟོན་པ་ཐུགས་རྗེ་ཅན་དེས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ནའང་། དེ་དག་བསྡུས་ན་མ་རིག་འཁྲུལ་པ་སྒོ་དགུའི་གཉེན་པོ་བོན་ཐེག་པ་རིམ་དགུ་དང་། དུག་ལྔའི་གཉེན་པོ་བོན་སྒོ་བཞི་མཛོད་ལྔ། དུག་གསུམ་གྱི་གཉེན་པོ་བོན་ཕྱི་ནང་གསང་གསུམ། རིག་པ་དང་མ་རིག་པ་གཉིས་ལ་ལྟོས་ཏེ་བོན་དྲང་ངེས་གཉིས་སུ་གསུངས་སོ། །བསྟན་པའི་རྣམ་བཞད་དར་རྒྱས་གསལ་བའི་སྒྲོན་མེ་ལས། བོན་ནི་མི་གཡོ་སྐྱོབས་པའི་སྒྲ། ཞེས་དང་། མི་གཡོ་བ་མཚན་མར་མི་གཡོ་བ་སྟེ། སྡེ་སྣོད་ཐ་དག་གི་དགོངས་པ་གཅིག་ཏུ་སྟོན་པ། སྐྱོབས་པ་ནི་འགྲོ་བ་སྐྱོབས་པའོ། །ཚུལ་ཇི་ལྟར་སྐྱོབ་ན། ཐེག་པ་འོག་མ་བས་མི་དགེ་བ་དང་ཕྱི་རོལ་པའི་ལོག་ལྟ་སྤངས་ནས། ངན་འགྲོ་ལས་སྐྱོབ་པ་དང་། ཐེག་ཆེན་པས་ཐེག་ཆུང་གི་ལྟ་སྤྱོད་སྤངས་ནས། དེ་དག་ཏུ་མི་ལྟུང་བར་ཐབས་ཤེས་ཟུང་འབྲེལ་གྱིས་སྐྱོབ་པ་དང་། གསང་སྔགས་པས་ཐབས་མི་མཁས་པ་འབྲས་བུ་ལ་ཡུན་རིང་དུ་འགོར་བ། ཕྱི་མཚན་ཉིད་ཀྱི་ཐེག་པ་ལས་ཀྱང་སྐྱབས་ན། སྐད་གཅིག་གམ་སྐྱེ་བ་གཅིག་གིས་བླ་མེད་ཐོབ་པར་བསྟན་པའོ།། ཞེས་དང་། རྫོགས་ཆེན་རིག་པ་ཁུ་བྱུག་ལས། སྟོན་པས་བོན་གྱི་ཆར་ཕབ་ན།།འཁོར་གྱི་གཤེན་རབ་དང་རེ་སྤྲོ། །ཞེས་དང་། རིག་པ་ཁུ་བྱུག་གི་འགྲེལ་བ་ལས། དེ་ལ་བོན་གྱི་ཆར་ནི། ཡེ་ཉིད་ཀྱི་སྟོན་པ་ཞེས་བྱ་བ་དེས། སེམས་དང་སེམས་སུ་ཤེས་པའི་བོན་གྱི་ཆར་ཞེས་བྱ་བ་ཡོངས་སུ་ཕབ་པས། ཡིད་དང་ཉོན་མོངས་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། འཁོར་དང་ཡང་འཁོར་ཡན་ཆོད་སྤྲོ་ཞིང་དྭང་བ་སྐྱེ་བར་འགྱུར་རོ། །ཐུགས་རྗེའི་སྟོན་པ་ཞེས་བྱ་བ་དེས། བོན་དང་བོན་ཉིད་དུ་ཤེས་པའི་བོན་གྱི་ཆར་ཞེས་བྱ་བ་ཕབ་པས། འཁོར་རིགས་ཀྱི་ལྷ་དང་ལྷ་མོ་རྣམས་སྤྲོ་ཞིང་དྭང་བ་སྐྱེ་བར་འགྱུར་རོ། །སྤྲུལ་པའི་སྟོན་པ་ཞེས་བྱ་བ་དེས། བོན་ཉིད་ལ་སེམས་ཉིད་དུ་ཐིམ་པར་བྱེད་པའི་བོན་གྱི་ཆར་ཞེས་བྱ་བ་ཡོངས་སུ་ཕབ་པས། འཁོར་གྱི་གཤེན་ཕྲན་ཐམས་ཅད་སྤྲོ་ཞིང་དྭང་བ་སྐྱེ་བར་འགྱུར་རོ། །ཞེས་གསུངས། ཁ་བའི་ལྗོངས་འདིར་རྒྱ་གར་བའི་ནང་ཆོས་བྱུང་བ་ནས་བཟུང་ད་བར་དུ་བོད་ཀྱི་སྤྱི་ཚོགས་ནང་དུ་བོན་དང་བོན་པོར་གྲགས་མ་མྱོང་བའི་ཐ་སྙད་དུ་མ་ཞིག་བོན་ལ་སྦྱར་ཏེ། རྒྱ་གར་གྱི་ནང་ཆོས་ཡར་རྒྱས་འགྲོ་བའི་ཆ་རྐྱེན་དུ་རློམ་ནས་བོན་ལུགས་འགྲེལ་བཤད་བྱེད་སྲོལ་ཡོད་པ། དཔེར་ན། འཁྱར་བོན། རྡོལ་བོན། བསྒྱུར་བོན། བོན་དཀར། བོན་ནག་སོགས་ཀྱི་ཐ་སྙད་མི་འདྲ་བ་དུ་མ་ཞིག་མི་རབས་ནས་མི་རབས་བར་བརྒྱུད་དེ་བཤད་སྲོལ་བྱུང་བ་འདི་དག་ཐམས་ཅད། རྒྱ་གར་གྱི་ནང་ཆོས་པ་ཚོས་བོན་ལ་ཚུར་བཏགས་པའི་ཐ་སྙད་ཅིག་ལས། བོན་རང་ལུགས་ལ་དེ་ལྟར་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་པ་ནི། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས ༤༧༥ ལས། སྔ་ཕྱི་བར་གསུམ་བོད་ལ་མ་གྲགས་ཤིང་། །བོན་ཆོས་མཁས་གྲུབ་གཅིག་གིས་མ་ཐོས་གཏམ། །འཇིག་རྟེན་ལྷ་འདྲེས་འཇིག་རྟེན་མགོན་པོ་ལ། །རྨི་ལམ་ལུང་བསྟན་ཡིན་ན་མ་གཏོགས་པར། །རྒྱུ་བོན་གཉའ་ཁྲིའི་གོང་ནས་དར་གསལ་བར། །རྒྱལ་རབས་དྲུག་དུས་གསར་བྱུང་གཏམ་འདི་ནི། །སྔོན་ཡོད་ལོ་རྒྱུས་གང་ཡང་མ་ཐོས་པའི། །རང་ཚོད་གཅིག་པུས་གཞན་ཡིད་ཆེས་རེ་བ། །རྐང་སྡུམ་ཨུ་ཚུག་བྲག་ལ་འཛེགས་པ་འདྲ། །ཞེས་དང་། ཏི་སེའི་འོད་སྣང༣༨༤ ལས། མཁས་པའི་དབང་པོ་སྐྱོབས་པ་འཇིག་རྟེན་མགོན་པོས་ལོ་རྒྱུས་ཀྱི་ཁུངས་འདི་ཡིན་གང་ཞིག་མ་བསྟན་པས། ཕལ་ཆེར་བོན་ལ་སྡང་བའི་བན་རྒན་འགའི་ངག་སྒྲོས་ཡི་གེར་བཀོད་ཡོད་ལས་ཆེ། དེ་མིན་པ་ཁོང་གིས་ཡིག་ཆ་གཞན་ཞིག་ལ་ཁུངས་གཏུགས་ཡོད་པའང་སྲིད་མོད། རྩ་བའི་བྱུང་ཁུངས་དེ་ཕྱོགས་རིས་ཅན་གྱི་བན་དེ་རྒན་པོ་འགའི་ངན་སྒྲོས་ལས་མ་འདས་པ་ནི་བཤད་སྟངས་ཁོ་ནའི་སྟེང་ནས་ངེས་ཤེས་ཐུབ་པ་ཡིན། ཞེས་དང་། གཞན་རྡོལ་བོན་ནམ་འཇོལ་བོན་ཞེས་པ་དང་། འཁྱར་བོན་དང་། བསྒྱུར་བོན་ཞེས་བྱ་བའི་ཐ་སྙད་ཀྱི་དབྱེ་བ་འདི་རིགས་ནི་དུས་ཕྱིས་བོད་ཀྱི་བན་དེ་ཚོའི་བློ་ངོར་གང་སྣང་བའམ། དེ་དག་གིས་རང་རང་གི་མཐོང་ཚོད་ཀྱི་སྒོ་ནས་བཏགས་པའི་མིང་ཤ་སྟག་ཡིན་པ་ལས། དངོས་ཀྱི་ཡིན་ལུགས་དང་འབྲེལ་བའི་སྒོ་ནས་མིང་རྣལ་མའམ། བོན་དང་བོན་པོར་གྲགས་པའི་ཐ་སྙད་ཅི་ཞིག་ཀྱང་མིན་པ་ནི། བློ་གཟུ་བོར་གནས་པ་ཞིག་གིས་ཐ་སྙད་ཀྱི་འབྲེལ་དང་ཚིག་དོན་ལ་ཅུང་ཟད་དཔྱད་ན་འཕྲལ་དུ་ངེས་ཤེས་རྙེད་ཐུབ་པ་རེད། ཅེས་གསུངས་པ་འདི་བདེན་པའི་དོན་ལ་གནས་པ་ཞིག་སྟེ། ཐུའུ་བཀན་ཆོས་ཀྱི་ཉི་མའི་གྲུབ་མཐའི་རྣམ་བཤད་ལས། བོན་ཇི་ལྟར་དར་བ་དང་འདོད་ཚུལ་ཞིབ་ཏུ་བཤད་པའི་གཞུང་མ་རྙེད་པས། བོད་དུ་སྔ་ཕྱི་བར་གསུམ་དུ་བྱུང་ཚུལ་འབྲི་གུང་དགོངས་གཅིག་ལས་གསུངས་པ་ལྟར་དང་། ཞེས་གསལ་རྗེན་དུ་ནན་བཤད་བྱེད་དགོས་པའི་རྒྱུ་མཚན་དེ་ལས་མ་འདས་པར་སེམས་སོ། །བཤད་ཚུལ་འདིའི་རིགས་ནི་འབྲི་གུང་སྐྱོབས་པ་འཇིག་རྟེན་མགོན་པོའི་གོང་དུ་མ་བྱུང་ཞིང་ཁོང་ནས་གསར་དུ་བྱུང་བ་ཡིན་པར་གསལ། ཁོང་གི་རྗེས་སུ་བོད་ཀྱི་ལོ་རྒྱུས་མཁན་པོ་དུ་མས་ཐ་སྙད་འདི་བསྐྱར་བཟློས་བསྣན་འཕྲི་ཅི་རིགས་བྱས་ཏེ་རང་གིས་བྲིས་པའི་ལོ་རྒྱུས་དེབ་ཐེར་གྱི་རྒྱན་ལྟ་བུ་བཀོད་སྲོལ་ཡོད་པ་རེད། འདས་པའི་དུས་རིམ་ནང་གི་བོད་ཀྱི་ལོ་རྒྱུས་ཀྱི་རི་མོ་ལ་ཕྱི་མིག་བལྟས་པ་ཡིན་ན་ཡིད་སྐྱོ་བའི་རྣམ་པ་གང་ཞིག་ཡོད་པ་དེ་ནི་བོད་མི་ཚོས་རྒྱལ་ཁབ་དང་མི་རིགས་གཞན་ལ་ངོམས་རིན་ཆོག་པ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འདི་དག་ལ་གཙིགས་ཆེན་མི་འཛིན་པར་ཆོས་ལུགས་བར་གྱི་རྙོག་འཛིང་དེ་ཡིན། བོད་དུ་རྒྱ་གར་བའི་ནང་ཆོས་གསར་དུ་ བྱུང་བ་ནས་བཟུང་བོད་རྒྱལ་ཐ་མ་ལྷ་སྲས་དར་མ་ཡན་གྱི་བོད་ཀྱི་རྒྱལ་པོ་ཕལ་ཆེར་གྲི་ཤིར་སོང་བ་ལས་རང་བཞིན་གྱི་སྐུ་ཚེའི་འདུ་བྱེད་བཏང་སྟེ་སྐུ་ཞི་བར་གཤེགས་པ་ཆེས་ཉུང་ཙམ་ལས་མེད་པ་ནི་རྩ་བའི་ཆོས་ལུགས་ལ་ཐུག་ཡོད་པ་ལྟ་བུ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་ནང་སློབ་གཉེར་གྱི་ལམ་ལུགས་དེ་ཤིན་ཏུ་དཀོན་དཀོན་ཞིག་ཆགས་ཡོད། སློབ་གཉེར་གྱི་གོ་སྐབས་ཡོད་པའི་མི་ཞིག་ཡིན་ཀྱང་མཁྲེགས་བཟུང་གི་ལྟ་བ་དེ་ཤུགས་ཆེ་བའི་དབང་གིས་ཁ་ནས་ཕྱོགས་མེད་དང་རིས་མེད་ཟེར་ཡང་དོན་གྱི་ལྟ་གྲུབ་ནི་ཕྱོགས་འཛིན་ལས་མ་འདས་པས། རང་གི་བླ་མའམ་དགེ་རྒན་ཆེ་གེ་མོ་ཞིག་གིས་གང་གསུངས་པ་དེ་ཐོག་ནས་ཆོས་ལུགས་བཟང་ངན་དང་། ཕྱི་པ་དང་ནང་པའི་དབྱེ་བ་མང་ཐག་ཆོད་ཅིག་ཕྱེས་པ་ཙམ་ལས། རང་ཉིད་ཀྱིས་གྲུབ་མཐའ་གཞན་གྱི་ཡིག་ཆ་དང་། དངོས་ཡོད་ཀྱི་ལོ་རྒྱུས་ཁག་ལ་ལྟ་རྟོགས་ཀློག་གསུམ་བྱས་ཏེ་གོ་དོན་བཙའ་ཐབས་བྱེད་པའི་ལུགས་སྲོལ་དེ་ནི་ཆེས་ཉུང་ཉུང་ཞིག་ཆགས་བསྡད་ཡོད་པ་རེད། དཔེར་ན་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོས་བོན་གཞུང་གང་ལ་ལྟ་རྟོགས་ཀློག་གསུམ་གང་ཡང་མ་བྱས་པར་བོན་ལུགས་འགྲེལ་བཤད་བྱེད་པ་བཞིན་ནོ། ། བོན་པོ་ཞེས་པའི་ཚིག་དོན་གྱི་སྐོར། བོན་གྱི་ལོ་རྒྱུས་ཐོག་ནས་བཤད་ན་བོན་པོ་ལ་གདོད་མའི་བོན་པོ་དང་། གཡུང་དྲུང་གི་བོན་པོ་ཞེས་སྡེ་ཚན་མི་འདྲ་བ་གཉིས་སུ་ཕྱེས་ཡོད། དང་པོ་གདོད་མའི་བོན་པོ་ནི་ཐོག་མར་བོད་དུ་དར་བའི་བདུད་བོན་དང་། བཙན་བོན། གདོན་བོན་སོགས་ཏེ། དེ་ཡང་བདུད་མཆོད་མཁན་ལ་བདུད་བོན་དང་། བཙན་མཆོད་མཁན་ལ་བཙན་བོན་སོགས་བརྗོད། འདི་ཚོས་བདུད་དང་བཙན་སོགས་མཉེས་པའི་ཆེད་དུ་སེམས་ཅན་གྱི་སྲོག་ལ་འཚེ་བའི་ཤ་ཁྲག་དམར་གྱི་མཆོད་པ་འབུལ་སྲོལ་ཡོད་པ་རེད། ཐོག་མར་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་ཞང་ཞུང་ནས་བོད་དུ་ཕེབས་སྐབས་བོད་ཀྱི་བོན་པོ་རྣམས་ཀྱིས་སྤྱོད་ཚུལ་དེ་ལ་སྟོན་པ་སངས་རྒྱས་མཆོག་ཡིད་མ་རུང་སྟེ། བོད་ཀྱི་བོན་པོ་རྣམས་ལ་སེམས་ཅན་གྱི་སྲོག་ལ་འཚེ་བའི་མཆོད་བསྟོད་བྱེད་མི་རུང་བ་གསུངས་ནས་སྔར་གྱི་ལུགས་སྲོལ་དེ་བཀག་པ་དང་། དེའི་ཚབ་ཏུ་གཏོར་མ་བཅའ་རྒྱུ་དང་། བསང་བཏང་བ། རླུང་རྟ་འཛུགས་པ་སོགས་ཀྱི་བསྟན་པ་རྗེས་བཞག་གནང་ཡོད། དེ་ཡང་མདོ་གཟེར་མིག་ལས། གཤེན་རབ་ཀྱིས་བོད་ཀྱི་བོན་པོ་ལ། བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག ཡར་སྟགས་སུ་ཤིང་རྩི་བན་བུན་དང་། ཞུགས་གཤང་གསེར་སྐྱེམས་བསྟན། ད་ལྟ་བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀུན། བོན་གྱིས་བོས་ན་འོང་ལ། མཆོད་ན་འགྲོ་བ་ཡིན། བརྡུང་ན་ཐུབ་པ། སྟོན་པ་ཞལ་མཐོང་བའི་དུས་སུ་དབང་དུ་བསྡུས་པའི་རྟགས་ཡིན་ནོ། །ཞེས་དང་། སྲིད་པ་སྤྱི་སྐོང་། སྣང་སྲིད་སྤྱི་མདོས་ལས། བསྭོ། བདུད་བོན་གྱི་དམར་ཐབས་ལ། གཤེན་རབ་ནི་ཅི་༼དགྱེས་༽བགྱིས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་གཏོར་མས་བཀང་།༼བསྐངས་༽ དམར་ཐག་གིས་༼ཐབས་ཀྱིས་༽འདྲེས་བྱུང་ན། གཤེན་ལྷ་ལ་ནོང་པ་ཐོལ།༼ནོངས་པ་མཐོལ་༽ གདོན་བོན་གྱི་ཤེ་ཆུ་ཡིས་༼ཞང་ཞུང་སྐད་དུ་ཁྲག་ལ་ཤེ་ཚུ་ཞེས་བརྗོད་༽སྐྱེམས། གཤེན་རབ་ནི་ཅི་བགྱིས་༼དགྱེས་༽ཏེ། གདོན་འདྲེ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་ཡུ་ཏིས་བསྐང་། ཤེ་ཆུ༼ཚུ༽ཡིས་འདྲེས་བྱུང་ན། གཤེན་ལྷ་ལ་ནོང་པ་ཐོལ།༼ནོངས་༽པ་མཐོལ། ཞེས་བདུད་བོན་དང་གདོན་བོན་རྣམས་ཀྱིས་ཤ་ཁྲག་དམར་གྱི་མཆོད་པ་འབུལ་བ་དེ་ལ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཐུགས་མ་དགྱེས་ཏེ། བདུད་བོན་དང་གདོན་བོན་རྣམས་ཆམ་ལ་ཕབ་སྟེ་དེ་རྣམས་ཀྱི་ལུགས་སྲོལ་བཀག་གནང་བ་མ་ཟད། དེ་དག་གི་མཆོད་པའི་ཚབ་ཏུ་འབྲུ་དཀར་གྱི་གཏོར་མ་དང་། འབྲུ་དཀར་གྱི་ཡུ་ཏིས་མཆོད་པ་བསྟན། ཡང་ལུང་དེ་ཉིད་ལས། བསྭོ་བསྭོ་བསྭོ། བཙན་རྗེ་ནི་ཅི་ལ་བགྱིས།༼དགྱེས།༽ བཟའ་བ་ནི་ཤ་ལ་རྔམས། འཐུང་བ་ནི་ཁྲག་ལ་ཧབ། ལེན་པ་ནི་སྲོག་དབུགས་ལེན། སྡོང་བ་ནི་བགེགས་དང་སྡོང་། འགྲོགས་པ་ནི་གཉན་དང་འགྲོགས། མགོན་པ་ནི་བཙན་བོན་མགོན། འཚེ་བ་ནི་གསས་ལ་འཚེ། གཤེན་རབ་ནི་མཐུ་བཙན་པས། ཛྭོ་དམར་ནི་ཀླད་ལ་གཟེར། སྲོག་ཐག་ནི་གཤེན་ལ་བཅོལ། ཐ་ཚིག་གི་ཡས་རྟགས༼བཏགས་༽སྲིད། སྲོག་གླུད་ལ་ནམ་མཁས་བརྔན། དབུགས་གླུད་ལ་རླུང་གིས་བརྔན། དྲོད་གླུད་ལ་མར་མྱེས་བརྔན། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ཤ་གླུད་ལ་ཁམ་སས་བརྔན། ཐུན་རྫས་ནི་འདི་བཤམས་ན། ངན་འདྲེས་ཀྱི་ནོང་པ་ཐོལ།༼ནོངས་པ་མཐོལ།༽ཞེས་སྟོན་པ་སངས་རྒྱས་ཀྱིས་ཐུགས་ཉིད་ཞི་བ་ཆེན་པོའི་ངང་ནས་དཀར་གསུམ་གྱི་མཆོད་པ་ཕུལ་བ་དེ་ལ་བཙན་རྗེ་མ་མཉེས་ཏེ། སེམས་ཅན་གྱི་སྲོག་དབུགས་ལ་འཚེ་བ་བརྩམས་པས། གཤེན་རབ་ཀྱིས་ཞི་རྒྱས་དབང་དྲག་འཕྲིན་ལས་བཞི་ཡི་ཡ་གྱལ། ཞང་ཞུང་གི་བོན་སྐོར་ལས་ཡོངས་སུ་གྲགས་པའི་དྲག་པོ་ཛྭོ་དམར་བཙན་རྗེའི་ཀླད་ལ་གཟེར་ཏེ་བཙན་རྗེ་དམ་པ་བཏགས། བཙན་རྗེས་སེམས་ཅན་གྱི་སྲོག་དབུགས་ལ་འཚེ་བ་མི་བྱེད་པ་ཁས་བླངས་པ་དང་། བདག་ཅག་གི་སྟོན་པ་སངས་རྒྱས་ཐབས་མཁས་ཐུགས་རྗེ་ཆེ་བས་སྲོག་དབུགས་ཀྱི་ཚབ་ཏུ། གླུད་ལ་ནམ་མཁས་བརྒྱན་ཏེ་འབུལ་བའི་སྲོལ་གཏོད་མཛད་པར་གསལ། ཡང་དེ་ཉིད་ལས། ཐེའུ་རང་ནི་ཅི་ཆེ་སྟེ། ཟས་སུ་ནི་སྲོག་དབུགས་འགམ། གོས་སུ་ནི་དཔགས་དམར་འབུད། ལས་སུ་ནི་འཁྲུགས་རྩོད་སློང་། སྡོང་བ་ནི་སྲི་དང་སྡོང་། འགྲོགས་པ་ནི་བྱུར་དང་འགྲོགས། མགོན་པ་ནི་དུན་རྩེ་མགོན། གཤེན་རབ་ནི་མཐུ་བཙན་པས། ཛྭོ་དམར་ནི་ཀླད་ལ་གཟེར། སྲོག་ཐག་ནི་གཤེན་ལ་བཅོལ། ཐ་ཚིག་གི་ཡས་རྟགས༼བཏགས་༽སྲིད། ཟས་གླུད་ལ་གཏོར་མས་བརྔན། སྐྱེམས་གླུད་ཡུ་ཏིས་བརྔན། གོས་གླུད་ལ་དར་སྣས་བརྔན། ཐུན་རྫས་ནི་འདི་བཤམས་ན། ངན་འདྲེས་ཀྱི་ནོང་ཐོལ།༼ནོངས་པ་མཐོལ།༽ ཞེས་སྲོག་གླུད་ཀྱི་ཚབ་ཏུ་ཟན་དང་འཇམ་པ་སོགས་ལ་བྱ་གཅན་རི་གཡང་སོགས་ཀྱི་གཟུགས་རིས་སྣ་ཚོགས་གཏོད་ནས་འབུལ་བ་དང་། ཁྲག་ཚབ་ཏུ་ཡུ་ཏིའམ་ཆང་ཕུད། གོས་ཚབ་ཏུ་དར་ཚོན་སྣ་ཚོགས་འབུལ་བའི་སྲོལ་གཏོད་མཛད་པ་གསལ་བར་འཁོད། གཡུང་དྲུང་བོན་གྱི་ལུགས་ལ་གནས་སྐབས་སུ་འཇིག་རྟེན་གྱི་ཕན་བདེ་སྒྲུབ་པ། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུག་རྟག་ཏུ་ལེགས་པ། དུས་ཀྱི་འཁྲུགས་པ་ཞི་བ། ཚོན་གྱི་བསྐལ་པ་བརླག་པ། མུ་གེའི་བསྐལ་པ་ནུབ་པ། ཚེ་རིང་བ། ནད་མེད་པ། བར་ཆོད་ཀྱི་རྐྱེན་བཟློག་པ། མདོར་ན་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཕྱིར་འཇིག་རྟེན་གྱི་ལྷ་ཀླུ་ཡུལ་ས་གཞི་བདག་རྣམས་ལ་མདོས་དང་། གཏོ་ཆོག གཡང་ཆོག རྩིས་གཏོ། ཚེ་སྒྲུབ། བསང་གསོལ་སོགས་རིགས་མི་འདྲ་བ་དུ་མ་ཞིག་བྱེད་དེ་བརྔན་སྲོལ་ཡོད་པ་རེད། དེའི་ཚུལ་དཔེ་མཚོན་ཙམ་ཞིག་ཞུས་ན། བོན་གྱི་ཡིག་རྙིང་ཡུལ་ས་གཞི་བདག་གི་སྒྲུབ་མཆོད་ལས། ཁྱེད་ལ་མཆོད་པ་འབུལ་བ་ནི། །འབྲས་ཀྱི་བཤོས་བུ་རྒྱན་ཅན་དང་། །རིན་ཆེན་འབྲུ་ཡི་གཡག་ལུག་ར། །སྨྱུག་རྒོད་ མདའ་དར་རིན་ཆེན་དང་། །ཕྱེ་མར་མཁན་ཤུགས་བལ་ལུ་དང་། །ཆང་ཕུད་གསེར་སྐྱེམས་འབྲུ་སྣ་དང་། །དཀར་གསུམ་མངར་གསུམ་སྨན་མཆོད་དང་། །བཟང་ཤིང་སྣ་ཚོགས་དུད་པ་དང་། །ཤོག་ཤོག་དོང་རྩེ་བལ་ཚོན་དང་། །ཤེལ་ཚིག་ཁྲི་དཀར་སྟོང་ནག་དང་། །དག་ཅིང་གཙང་མར་བཤམས་པ་རྣམས། །བདག་གི་བསམ་པ་དག་པ་དང་། །དུས་གསུམ་བདེར་གཤེགས་བདེན་པ་དང་། །ཏིང་འཛིན་སྔགས་ཀྱི་བྱིན་སྟོབས་ཀྱིས། །ཁྱེད་ཀྱི་དབང་པོ་ལྔ་ཡི་སྤྱོད་ཡུལ་དུ། །འདོད་ཡོན་ལོངས་སྤྱོད་ཚིམས་འགྱུར་ཅིག །ཅེས་བོན་སྟོན་གཤེན་རབ་ཀྱི་རྗེས་འཛིན་པ་ཚོས་མགྲོན་བཞིར༼མགྲོན་བཞི་ནི། བདེར་གཤེགས་སྲིད་ཞིའི་མགྲོན། བཀའ་སྐྱོང་ཡོན་ཏན་གྱི་མགྲོན། བགེགས་རིགས་ལན་ཆགས་ཀྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན་ནོ།།༽མཆོད་བསྟོད་བྱེད་པའི་ཚུལ་གསལ་བར་བསྟན། དེ་དག་གང་བྱས་ཀྱང་རྩ་བའི་དམ་ཚིག་ལ་སེམས་ཅན་གྱི་སྲོག་ལ་འཚེ་བ་སྤོང་དགོས་པ་ནི། དེ་ཡང་མདོ་གཟེར་མིག་ ༡༩༠ ལས། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་ཡེ་མ་བྱེད། །ཅེས་དང་། དེ་ཉིད་ལས། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་བཞག་པར། །གཅིག་གསོ་གཅིག་གསོད་བྱ་བའི་བོན་དེ་བདག་གིས་མི་ཤེས་སོ། །དེ་ནི་ལོག་པ་ཡིན་པས་བྱ་རུ་མི་རུང་ངོ་། །ཞེས་གསུངས་པས། བོད་གངས་ཅན་པའི་ཞིང་འདིར་གཡུང་དྲུང་བོན་གྱི་བསྟན་པ་དར་ནས་བཟུང་། ཞིང་འདིར་འཚེ་བ་མེད་པའི་ཆོས་ལུགས་དར་བའི་འགོ་ཚུགས་པ་རེད། དེས་ན་གཡུང་དྲུང་བོན་ནི་འཛམ་བུ་གླིང་འདིར་དར་བའི་འཚེ་མེད་ཆོས་ལུགས་རྙིང་ཤོས་དེ་ཡིན། འདིར་སྒོ་ཙམ་ལས་རྒྱས་པར་བོན་གྱི་ལོ་རྒྱུས་དང་། ཡིག་རྙིང་རྣམས་ལས་གསལ་བས་བློ་གཟུ་བོར་གནས་ཏེ་འདིའི་སྐོར་ཞིབ་འཇུག་གནང་བ་ཡིན་ན་གཡུང་དྲུང་བོན་གྱི་བསྟན་པ་བོད་གངས་ཅན་པའི་ཞིང་འདིར་མ་དར་བའི་སྔོན་བོན་པོ་ཡོད་པ་དང་། བོན་པོ་ཡིན་ན་བོན་སྟོན་གཤེན་རབ་ཀྱི་རྗེས་སུ་བྱུང་བ་ཡིན་པས་མ་ཁྱབ་པ་མཁྱེན་ཐུབ་པ་ཡིན། གཉིས་པ་གཡུང་དྲུང་གི་བོན་པོ་ནི།གཡུང་དྲུང་གི་བོན་པོའམ་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་ནི། སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་སྲོལ་གཏོད་གནང་བའི་ཆོས་ལུགས་ཀྱི་རྗེས་འབྲེང་པ་རྣམས་ལ་ངོས་འཛིན་པ་ཡིན། གཡུང་དྲུང་གི་བོན་པོ་ལ་འགྲོ་བ་མི་ཁོ་ནས་མ་ངེས་ཤིང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་འཁོར་ལ་ལྷ་ཀླུ་མི་ཡི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས། གཤེན་གྱི་བསྟན་པའི་ཆ་ལ་གནས་པའི་བོན་པོ་ལ་རིགས་ཀྱི་དབང་དུ་བྱས་ན་རིགས་དྲུག་གིས་བསྡུས་པའི་སེམས་ཅན་དང་། ཁམས་ཀྱི་དབང་དུ་བྱས་ན་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཡོད་པ་ནི། འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག་གི་ལེའུ་བཅོ་བརྒྱད་པ༤༤ ལས། གཤེན་རབ་ཀྱི་འཁོར་གྱི་དབུ་མ་རུ། དབལ་བོན་རོམ་པོ། ཡོག་བོན་གཏོ་རྒྱལ། ཁྲིན་བོན་ཕྱ་སངས། གཉེར་བོན་གཏོ་ཆེན། འོ་བོན་འབྲང་ཟུ། འཚམས་བོན་ཡོ་ཁྲུ། བདུད་བོན་ཆུ་ལྕགས། དམུ་བོན་ཡེའུ་ཏན། བཙན་བོན་ཚལ་ཆགས། སྲིད་བོན་མུ་ཆོ། སྐོས་བོན་གཙུག་སྲས། ཕྱ་བོན་ཐེའུ་ལེགས། ལྷ་བོན་ཐོད་དཀར། ཟླ་བོན་ཚེས་པ། ཉི་བོན་དྲང་མ། སྐར་བོན་གདང་བཀྲ། སྤྲིན་བོན་བལ་ཏུལ། གཞའ་བོན་གུག་ཏང་། དལ་བོན་དབུ་དཀར། ཟེར་བོན་གདང་སྙན། ལོ་བོན་གཏོ་ཆེན། རྫི་བོན་ངང་དྲུག །ཅེས་དང་། ཀླུ་བོན་དབྱངས་སྙན་དང་། གཉེན་བོན་ཐང་ཐང་དང་། རྒྱལ་བོན་སྤོང་པོ་དང་། སྨན་བོན་འབྲིང་ཏང་དང་། གཟེད་བོན་ལ་ཚ་དང་། སྲིན་བོན་ཡ་ངལ་དང་། འདྲེ་བོན་གླུད་བོན་གྱེར་མཁས་དང་། སྲིན་བོན་མུ་འཕེན་ཕེའུ་ར་དང་། བྱུར་བོན་ལི་བྱིན་སྣ་བོན་དང་། གཤིན་རྗེའི་བོན་པོ་གཏོ་བོན་བྱོན་ཁྲི་དང་། ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་དང་ཞེས་འཁོད། འདི་རྣམས་ནི་གཤེན་རབ་ཀྱི་ཐུགས་རྗེས་བྱིན་གྱིས་བརླབས་པའི་གཡེན་ཁམས་འདུལ་བའི་བོན་པོ་ཞེས་གྲགས། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་འཛམ་བུ་གླིང་དུ་སྐུ་སྐྱེ་བ་མི་རུ་བཞེས་ཏེ་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཕྱིར་དུ་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་ལྔ་བཅས་ཀྱི་བསྟན་པ་རྗེས་བཞག་གནང་བ་བཞིན་གཡུང་དྲུང་བོན་སྒོར་ཞུགས་པའི་བོན་པོ་ལ་ཡང་ཕྱི་སྤོང་ལམ་མདོ་ཡི་ལུགས་ལྟར། ཕྱི་སོ་སོ་ཐར་པའི་སྡོམ་ཁྲིམས་ལ་གནས་པའི་སོ་ཐར་རིགས་བརྒྱད་ཅེས་བསྙེན་གནས་ཕོ་མོ་གཉིས་དང་། དགེ་བསྙེན་ཕོ་མོ་གཉིས། གཙང་མ་གཙུག་ཕུད་ཕོ་མོ་གཉིས། དག་པ་དྲང་སྲོང་ཕོ་མོ་གཉིས་བཅས་ཡོད། ནང་སྒྱུར་ལམ་གསང་བ་སྔགས་ཀྱི་སྡོམ་པ་རྒྱུད་ལ་ལྡན་པའི་རྣལ་འབྱོར་ཕོ་མོ་གཉིས། གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་ལུགས་ལ་བོན་ཉིད་ཀྱི་དགོངས་པ་མངོན་དུ་གྱུར་པའི་རྣལ་འབྱོར་གྱི་ཕོ་མོ་གཉིས་བཅས་ཡོད། གཡུང་དྲུང་བོན་གྱི་ལུགས་ལ་སྐྱེ་བོ་སུ་ཞིག་ཡིན་རུང་ཐོག་མར་གཡུང་དྲུང་བོན་སྒོར་ཞུགས་དུས་ལུས་ངག་ཡིད་གསུམ་མི་དགེ་བའི་ཚོགས་ལས་ལྡོག་པའི་ཕྱིར་དུ་དང་པོ་སྐྱབས་འགྲོའི་སྡོམ་པ་དང་། བྱང་ཆུབ་སེམས་ཀྱི་སྡོམ་པ་བཅས་སྡོམ་པ་སྣ་གཅིག་ངེས་པར་བསྲུང་དགོས་པ་རེད། དེ་ཡང་མདོ་ལས། སྡོམ་པ་སྣ་གཅིག་མ་བསྲུང་བར། སྟོན་པ་ང་ཡི་འཁོར་དུ་མི་གཏོགས་སོ། །ཞེས་གསུངས་པའི་རྒྱུ་མཚན་གྱིས་ཡིན་ནོ། །སྐྱབས་སུ་འགྲོ་བའི་ཡུལ་ལ་གཡུང་དྲུང་གནས་བཞི་ཞེས་བླ་མ་དང་། སངས་རྒྱས། གཡུང་དྲུང་གི་བོན། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཡིན། དེའང་བོན་ལ་སྐྱབས་སུ་སོང་ཕྱིན་སེམས་ཅན་གྱི་སྲོག་ལ་འཚེ་བ་ལྟ་ཞོག་ངེས་པར་དུ་གནོད་འཚེའི་སེམས་པ་ཡན་ཆད་སྤོང་དགོས་པ་ཡིན། དེ་ཡང་། དྲང་དོན་གྱི་མདོ་ལས། བདག་གི་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། །འགྲོ་དྲུག་ཕ་དང་མ་རུ་མ་གྱུར་གཅིག་མ་མཆིས། །སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་ལ། །སྙིང་རྗེ་བྱམས་དགའ་སྟོང་སྙོམས་རྩེ་གཅིག་བསྒོམ། །ཞེས་སོ། །ལྷག་པར་དུ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མཐའ་དག་ནང་སེམས་ཅན་གྱི་སྲོག་ལ་འཚེ་བ་སྤོང་དགོས་པ་གསལ་པོར་བསྟན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་ཀྱང་བསྙེན་གནས་དང་། དགེ་བསྙེན། གཙང་གཙུག དྲང་སྲོང་། སྔགས་པ་སོགས་ཀྱི་སྡོམ་ཁྲིམས་སོ་སོར་གཏན་ལ་ཕབ་སྟེ་རྩ་བའི་དམ་ཚིག་ལ་ཉེས་མེད་སེམས་ཅན་གྱི་སྲོག་ལ་འཚེ་བ་མི་བྱེད་པའི་དམ་ཚིག་གསུངས་ཡོད། གཡུང་དྲུང་བོན་གྱི་ལུགས་ལ་སེམས་ཅན་གྱི་སྲོག་ལ་འཚེ་བའི་མཆོད་བསྟོད་མི་བྱེད་པ་ནི། བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་མཐའ་གཅིག་ཏུ་ཉེས་མེད་སེམས་ཅན་གྱི་ཚེ་སྲོག་ལ་འཚེ་བ་དགག་གནང་ཡོད་པས་རྒྱུ་མཚན་གྱིས་ཡིན། དེ་ཡང་མདོ་གཟེར་མིག་ ༡༩༠ ལས། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པར་ཡེ་མ་བྱེད། །ཅེས་དང་། ཡང་དེ་ཉིད་ལས་གོང་དུ་ལུང་དྲངས་པ་ལྟར། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་བཞག་པར། །གཅིག་གསོ་གཅིག་གསོད་བྱ་བའི་བོན་དེ་བདག་གིས་མི་ཤེས་སོ། །དེ་ནི་ལོག་པ་ཡིན་པས་བྱ་རུ་མི་རུང་ངོ་། །ཞེས་གསུངས་པས། བོད་གངས་ཅན་པའི་ཞིང་འདིར་གཡུང་དྲུང་བོན་གྱི་བསྟན་པ་དར་ནས་བཟུང་། ཞིང་འདིར་འཚེ་བ་ མེད་པའི་ཆོས་ལུགས་དར་བའི་འགོ་ཚུགས་པ་རེད། དེས་ན་གཡུང་དྲུང་བོན་ནི་འཛམ་བུ་གླིང་འདིར་དར་བའི་འཚེ་མེད་ཆོས་ལུགས་རྙིང་ཤོས་དེ་ཡིན། འདིར་སྒོ་ཙམ་ལས་རྒྱས་པར་བོན་གྱི་ལོ་རྒྱུས་དང་། ཡིག་རྙིང་རྣམས་ལས་གསལ་བས་བློ་གཟུ་བོར་གནས་ཏེ་འདིའི་སྐོར་ཞིབ་འཇུག་གནང་བ་ཡིན་ན་གཡུང་དྲུང་བོན་གྱི་བསྟན་པ་བོད་གངས་ཅན་པའི་ཞིང་འདིར་མ་དར་བའི་སྔོན་བོན་པོ་ཡོད་པ་དང་། བོན་པོ་ཡིན་ན་བོན་སྟོན་གཤེན་རབ་ཀྱི་རྗེས་སུ་བྱུང་བ་ཡིན་པས་མ་ཁྱབ་པ་མཁྱེན་ཐུབ་པ་ཡིན།

ཚན་རིག་དང་ཕྲད་པ།

[རྩོམ་སྒྲིག]

ལྷ་མོ་དོན་འགྲུབ།

         ངོས་ཕྱུགས་ཀྱིས་སོས་ཞིང་རྨོས་པ་དང༌། འབྲུའི་བཙས་མ་བརྔས་རྗེས་སྒོ་ཕྱུགས་བེད་སྤྱོད་ཀྱིས་འབྲུའི་ཤུན་པ་ཕྱིར་འདོན་ཆེད་རྡོག་བརྫིས་བྱེད་འཇུག་པའི་ཞིང་པ་ཉམ་ཆུང་ཞིག་གི་ནང་སྐྱེས། ངོས་ཕྲུ་གུ་ཆུང་ངུའི་དུས་སྐབས་ཀྱི་འཛམ་གླིང་ནང་འཕྲུལ་ལས་སུ་འགྲེལ་བརྗོད་བྱེད་ཆོག་པའི་དངོས་པོ་ནི་ཕལ་ཆེར་ས་གནས་ཀྱི་དམག་འཐབ་པ་ཚོས་དབྱིན་ཇིས་བཟུང་བའི་རྒྱ་གར་དང༌། ཨུ་རུ་སུ། རྒྱ་ནག་བཅས་ནས་ཐོབ་པའི་མེ་མདའ་ཙམ་ཡིན། ངོས་ལོ་ན་དྲུག་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་ངོས་ཏཱ་ལའི་བླ་མ་བཅུ་བཞི་པར་ངོས་འཛིན་གྱིས་ཁྲི་འདོན་བགྱིས་ཏེ་ནང་ཆོས་ཀྱི་འབྲེལ་ཡོད་ཆ་ཚང་བར་སློབ་གཉེར་བྱེད་འགོ་བཙུགས། ངོས་ལ་འབྲི་ཀློག་ནས་འགོ་བརྩམས་ཏེ། ནང་ཆོས་ཀྱི་ལྟ་གྲུབ་གཞི་མ། དཔེ་ཆ་དང་འདོན་ཆོག་བློ་འཛིན་བཅས་ལ་ཉིན་ལྟར་སློབ་ཁྲིད་གནང་མི་སྒེར་གྱི་ཡོངས་འཛིན་ཡོད། དེ་བཞིན་དུ་ངོས་ལ་མཚན་ཞབས་ཀྱང་མང་པོ་ཡོད། མཚན་ཞབས་ནི་དཔེ་ཆ་སློབ་གཉེར་ལ་རོགས་པ་གནང་མཁན་གྱི་མཚན་ཉིད་ཞབས་ཞུ་པ་རྣམས་ལ་ཟེར། ཁོང་ཚོའི་ལས་འགན་རྐང་ནི་ནང་ཆོས་ཀྱི་ལྟ་བའི་གནད་དོན་སྐོར་ངོས་དང་རྩོད་ཟླ་གནང་སྟེ་ངོས་དཔེ་ཆར་བློ་རྩེ་སྒྲིམ་འཇུག་རྒྱུ་དེ་ཡིན། དེ་བཞིན་ངོས་ཞལ་འདོན་དང་སྒོམ་སྒྲུབ་རྒྱུན་རིང་པོའི་བར་བསྡད་པ་དེ་དག་ལ་མཉམ་ཞུགས་གནང་དགོས། མཚམས་མཚམས་ངོས་ཡོངས་འཛིན་དང་ལྷན་དུ་བསྙེན་མཚམས་ལ་བསྡད་དེ་ཉིན་རེ་ཐུན་བཞི་དང༌། ཐུན་རེར་ཆུ་ཚོད་གཉིས་རེར་སྒོམ་རྒྱག་དགོས། སློབ་གཉེར་བྱ་ཚུལ་འདི་ནི་བོད་ཀྱི་ཆོས་བརྒྱུད་ནང་བླ་མ་ཆེ་ཁག་ཕལ་ཆེ་བ་གཅིག་མཚུངས་རེད། འོན་ཀྱང་ངོས་ནས་རྩིས་དང༌། ས་དཔྱད་རིག་པ། རྫས་འགྱུར་རིག་པ། ལུས་ཅན་རིག་པ། གཟུགས་དཔྱད་རིག་པ་བཅས་ལ་སློབ་སྦྱོང་བྱས་མེད། སློབ་ཚན་དེ་འདྲ་ཞིག་ཡོད་པའང་ངས་ཤེས་ཀྱི་མེད།
               ཕོ་བྲང་པོ་ཏ་ལ་ནི་ངའི་གཞུང་འབྲེལ་གྱི་དགུན་དུས་སྡོད་གནས་ཡིན། དེ་ནི་རི་བོ་ཞིག་གི་གཞོགས་ཡོངས་རྫོགས་ལ་ཁྱབ་པའི་ཁང་ཆེན་ཞིག་སྟེ། ཁང་མིག་སྟོང་ཕྲག་གཅིག་ཙམ་ཡོད་རྒྱུ་རེད། ཡིན་ན་ཡང་ངས་དངོས་སུ་གྲངས་ཀ་བརྒྱབ་མ་མྱོང༌། ངོས་ཕྲུ་གུའི་སྐབས་དུས་ཚོད་སྟོང་པར་དེའི་གཟིམ་ཁང་འགའ་ཤས་ནང་དངོས་ཆས་སོགས་ལ་འཚོལ་ཞིབ་ཀྱིས་དུས་ཚོད་བསྐྱལ་སྐབས་སྐྱིད་པོ་ཡོང་གི་ཡོད། དེ་ནི་གཏེར་མཛོད་ཐོབ་པའི་ཆེད་ཕྱིན་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། དེར་ཅ་དངོས་འདྲ་མིན་སྣ་ཚོགས་ཡོད་པ་ལས་གཙོ་བོ་ནི་ཏཱ་ལའི་བླ་མ་སྐུ་གོང་མ་རྣམས་ཀྱི་དངོས་ཆས་དང་ལྷག་པར་དུ་ངོས་ཀྱི་སྐུ་གོང་མའི་དངོས་ཆས་རྣམས་ཉར་ཚགས་བྱས་པ་དེ་ཡིན། ཕོ་བྲང་ནང་ཡོད་པ་དེ་དག་ལས་མངོན་གསལ་དཽད་ཤོས་ནི་དུས་རབས་བདུན་པའི་ནང་ཕེབས་པའི་པོ་ཏ་ལ་རྒྱ་བསྐྱེད་གནང་མཁན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བར་གྱི་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་རྣམས་ཡིན། དེའི་གཡས་གཡོན་དུ་ཡོད་པའི་དངོས་ཆས་འདྲ་མིན་ནང་སྐུ་གོང་མའི་སྐུ་ཆས་ཁོངས་གཏོགས་སུ་འཕྲུལ་ཆས་འགའ་ཤས་འདུག་པ་ལས་དོ་སྣང་ཆེ་ཤོས་བྱེད་ཡུལ་ཞིག་རྐྱང་སྐུམ་བྱེད་རྒྱུ་ཡོད་པའི་རག་གི་རྒྱང་ཤེལ་ཞིག་ཡོད་ཅིང༌། དེ་སུམ་རྐང་སྟེང་བཀར་ཐུབ་པ་ཞིག་རེད། གཞན་མདུན་ཅོག་ཞིག་གི་སྟེང་ལག་འགུལ་དུས་ལྟ་འཕྲུལ་ཆས་མཉམ་དུ་འཁོར་བསྐྱོད་བྱེད་བཞིན་པའི་སའི་གོ་ལ་ཡོད་པ་དེས་ས་ཁུལ་འདྲ་མིན་གྱི་དུས་ཚོད་རིམ་པ་སྟོན་ཐུབ་པ་ཞིག་དང༌། དབྱིན་ཡིག་ཐོག་བྲིས་པའི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་དཔར་རིས་དང་བཅས་པའི་སྒོ་ནས་འགྲེལ་བཤད་བྱས་པའི་དེབ་མང་པོ་ཞིག་འདུག་ལ། དེ་ཚོར་ཕྱི་ཤུབ་ཀྱང་རང་འགྲིགས་ཆེན་པོ་ཞིག་འདུག
               དེ་ཚོ་འགའ་ཤས་ནི་སྐུ་གོང་མའི་གྲོགས་པོ་སྐུ་ཞབས་ཅརལེསེབྷེལ་(Sir Charles Bell)གྱིས་ཁོང་ལ་ཕྱག་རྟགས་གནང་བ་ཞིག་རེད།  བྷེལ་ནི་བོད་སྐད་ཤེས་པའི་དབྱིན་ཇིའི་སྲིད་དོན་ལས་བྱེད་འབྲས་ལྗོངས་སུ་བཅའ་བཞུགས་གནང་མཁན་ཁོང་ཡིན། ཁོང་ནི་སྐུ་གོང་མ་ཕྱི་ལོ ༡༩༡༠ ལོར་རྒྱ་ནག་གོང་མ་མཐའ་མའི་གཞུང་གི་དམག་མིས་བོད་ལ་བཙན་འཛུལ་འཇིགས་ཉེན་སླེབས་སྐབས་བྲོས་བྱོལ་དུ་ཕེབས་ཏེ་དབྱིན་ཇི་བས་བཟུང་པའི་རྒྱ་གར་དུ་འཁྱུག་ཙམ་བཞུགས་སྐབས་གནས་ཚང་གནང་མཁན་དེ་ཡིན། རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་རྒྱུ་དང་ཚན་རིག་གི་རིག་གཞུང་གསར་རྙེད་ལ་སོགས་པ་རྣམས་ངོས་དང་ཐག་ཉེ་ཤོས་ཀྱི་སྐུ་གོང་མ་རང་གིས་ཤུལ་བཞག་གནང་བ་ལྟ་བུ་ཞིག་ཡིན་པ་དེ་ནི་ཡ་མཚན་སྐྱེ་འོས་པ་ཞིག་རེད། ངོས་ནས་ཕྱིས་སུ་ཤེས་པ་ལྟར་སྐུ་གོང་མར་མཚོན་ན་དབྱིན་ཇིས་བཟུང་བའི་རྒྱ་གར་ནང་བཅའ་བཞུགས་ཏོག་ཙམ་གནང་བ་ནི་མིག་ཕྱེས་པ་ལྟ་བུའི་ཉམས་མྱོང་གི་དུས་སྐབས་ཞིག་ཏུ་གྱུར་འདུག དེ་ལ་བརྟེན་ནས་བོད་ནང་གི་སྤྱི་ཚོགས་དང་ཆབ་སྲིད་ཐད་བསྒྱུར་བཅོས་ཆེན་པོ་གཏོང་དགོས་པའི་ཐུགས་སྣང་བྱུང་ཡོད། ལྷ་སར་ཕྱིར་ཕེབས་རྗེས་ཁོང་ནས་ཏར་འཕྲིན་དང༌། མགས་ཁང༌། བོད་དུ་ཐོག་མར་བྱུང་བའི་གློག་བཟོའི་འཕྲུལ་ཆས་ཆུང་ཆུང་ཞིག་དང་རྒྱལ་ཁབ་ཀྱི་དངུལ་ཏྲམ་དང་ཤོག་ལོར་བཟོ་བའི་དངུལ་ཁང་བཅས་གསར་བཏོད་གནང༌། དེ་བཞིན་ཁོང་ནས་དེང་རབས་དང་སྐྱ་བོའི་སློབ་སྦྱོང་གལ་ཆེར་གཟིགས་ཏེ་བོད་ཕྲུག་འདེམས་སྒྲུག་བྱས་པ་འགའ་ཤས་དབྱིན་ཇིའི་རག་སྦིའི་(Rugby School)སློབ་གྲྭར་སློབ་སྦྱོང་བྱེད་དུ་བཏང༌། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཁོང་དགོངས་པ་རྫོགས་ཉེའི་སྐབས་འབྱུང་འགྱུར་ཆབ་སྲིད་ཀྱི་གནས་ཚུལ་ཐབས་སྡུག་ཅི་ཡོང་ཕལ་ཆེ་བ་མ་འོངས་སྔོན་གཟིགས་ཀྱི་ཞལ་གདམས་ངོ་མཚར་ཅན་ཞིག་གསུངས། འོན་ཀྱང་ཁོང་གི་རྗེས་ཀྱི་གཞུང་གིས་དེའི་གོ་དོན་ཆ་ཚང་མ་རྟོགས་པའམ་དོ་སྣང་མ་བྱས་པར་ལུས་པ་རེད། སྐུ་གོང་མའི་སྐབས་ཐོབ་པའི་འཕྲུལ་ཆས་ཁོངས་དོ་སྣང་བྱ་འོས་རིགས་ཀྱི་དངོས་ཆས་གཞན་ནི། ཨམ་ཕྲག་ཆུ་ཚོད་གཅིག གློག་བརྙན་སྟོན་བྱེད་གཉིས། ༡༩༢༧ ནས་ཡིན་པའི་སྦེ་སྦི་ཨསེ་ཏྲེན་(Baby Austins)གཉིས་དང༌། ༡༩༣༡ ལ་ཐོན་པའི་ཨ་མེ་རི་ཀའི་དྲོཇ་(American Dodge) གཅིག་དང༌། རླངས་འཁོར་གསུམ་བཅས་འདུག ཧི་མ་ལ་ཡའི་རི་རྒྱུད་དང་བོད་ནང་སྣུམ་འཁོར་གཏོང་སའི་རྒྱ་ལམ་མེད་སྟབས་རླངས་འཁོར་དེ་དག་རྒྱ་གར་དུ་བཤིགས་ཏེ་དོ་སྐྱེལ་པ་དང༌། དྲེལ། བོང་བུ་བཅས་ནས་ཧི་མ་ལ་ཡའི་རི་བརྒྱུད་ནས་དབོར་འདྲེན་བྱས་ཏེ་བོད་དུ་འབྱོར་རྗེས་སླར་ཡང་བསྐྱར་བསྒྲིག་བྱས་ཏེ་སྐུ་ཕྲེང་བཅུ་གསུམ་པར་ཕུལ་ཡོད། དུས་ཡུན་རིང་པོའི་བར་བོད་དུ་རླངས་འཁོར་ཡོད་པ་དེ་གསུམ་ཙམ་ཡིན་ཞིང་ལྷ་སའི་ཕྱི་ལོགས་སུ་རླངས་འཁོར་གཏོང་ཡུལ་གྱི་རྒྱ་ལམ་མེད་སྟབས་དེ་དག་ཧ་ལམ་བེད་སྤྱོད་མེད་པ་ཡིན། དངོས་ཆས་འདྲ་མིན་དེ་དག་ནི་བོད་དུ་འཕྲུལ་ལས་ཀྱི་རིག་གཞུང་གི་གསང་གནས་སྟོན་བྱེད་ཡོད་ན་མེད་ན་དེ་ཡིན་པས་རང་བཞིན་གྱིས་གང་ལའང་ཤེས་འདོད་དང་སྡོད་ཚུགས་མེད་པའི་ཕྲུ་གུ་འཕྲུལ་ཆས་དེ་དག་ལ་སེམས་ཤོར་པ་རེད། ནང་ཆོས་ཀྱི་ལྟ་གྲུབ་དེ་དག་སྦྱང་བ་དང་དཔེ་ཆ་བློ་འཛིན་བྱེད་པ་ལས་དངོས་ཆས་དེ་དག་བཤིག་སྒྲིག་བྱས་ན་དགའ་བ་བྱས་ཏེ་དུས་ཚོད་བསྐྱལ་བ་འགའ་ཡང་ངས་གསལ་པོར་དྲན་གྱི་འདུག ད་ལྟ་བལྟ་དུས་དངོས་ཆས་དེ་དག་ནི་རྩེད་ཆས་ལྟ་བུ་ཞིག་མ་གཏོགས་གང་ཡང་མེད་ཀྱང་དེ་དག་གིས་ངོས་ལ་མཐོང་ཐོས་མ་བྱུང་བའི་ཤེས་བྱ་ཡོན་ཏན་དང་ཉམས་མྱོང་གསོག་རྒྱུའི་འཇིག་རྟེན་ཆ་ཚང་བ་ཞིག་ཡོད་པ་དང༌། དེའི་ཆགས་ཚུལ་རྣམས་མཐའ་མེད་པར་བསམ་དུ་ཡོད་པ་ཞིག་བསྟན་པ་རེད། ཕྱོགས་གཅིག་ནས་དེབ་འདི་དེ་ལྟ་བུའི་འཛམ་གླིང་དེ་དང༌། དེ་ལས་ཡ་མཚན་ཆེ་བའི་རིགས་ཇི་འདྲ་ཞིག་འཐོབ་ཐུབ་མིན་འཚོལ་རྙེད་བྱེད་པའི་ཐབས་ལམ་སྐོར་ཡིན། ངོས་ལ་རྒྱང་ཤེལ་དེ་བེད་སྤྱོད་གཏོང་བར་དཀའ་ངལ་གང་ཡང་འཕྲད་མ་སོང༌། དེ་གང་གི་དོན་དུ་ཡིན་མིན་གསལ་པོར་ཆགས་ཞིང་རིང་མིན་ངོས་ནས་འཁྲུག་ཆ་ཆེ་བའི་ལྷ་སའི་གྲོང་འཁྱེར་གྱི་མི་ཚེ་དང་ལྷག་པར་དུ་ཁྲོམ་རར་བལྟ་བའི་སླད་དུ་བེད་སྤྱོད་བྱས། ངོས་དང་ལོ་ན་མཉམ་པའི་ཕྲུ་གུ་རྣམས་བག་ཡངས་སུ་སྲང་ལམ་དུ་ཡར་རྒྱུགས་མར་རྒྱུགས་བྱེད་བཞིན་པ་དང་ངོས་ནི་སློབ་སྦྱོང་སྦྱངས་ཏེ་སྡོད་དགོས་སྟབས་ངའི་བསམ་པར་ཁོང་ཚོ་ནི་ཧ་ཅང་སྐྱིད་པོ་འདུག་སྙམ་མྱོང༌། ཕྱིས་སུ་རྒྱང་ཤེལ་དེ་པོ་ཏཱ་ལའི་སྟེང་ནས་མཚན་མོའི་ནམ་མཁར་བལྟ་བྱེད་དུ་བེད་སྤྱོད་བྱས་ཤིང༌། བོད་ས་མཐོའི་སྒང་ཡིན་སྟབས་སྐར་མ་རྣམས་ཆེས་ཤིན་ཏུ་གསལ་པོ་མཐོང་ཐུབ། ངོས་ནས་ཞབས་ཕྱི་པ་ཚོར་གཟའ་སྐར་དེ་དག་སོ་སོའི་མིང་ཇི་ཡིན་འདྲི་གི་ཡོད། ངོས་ནས་ཨམ་ཕྲག་ནང་བླུག་རྒྱུའི་ཆུ་ཚོད་དེ་གང་གི་དོན་དུ་ཡིན་མིན་ཤེས་ཀྱི་ཡོད་ཀྱང་ངས་གཙོ་བོ་དེས་ཇི་འདྲ་བྱས་ཏེ་ལས་ཀ་བྱེད་ཀྱི་ཡོད་མིན་ལ་ཤེས་འདོད་ཆེན་པོ་བྱུང་སོང༌། དེའི་སྐོར་དུས་ཡུན་གང་འཚམས་མགོ་འཁོར་ཏེ་བསྡད་རྗེས་མཐར་ཤེས་འདོད་དེ་ཤུགས་ཆེ་བ་བྱུང་ནས་དེའི་ནང་གི་གནས་ཚུལ་བལྟ་སླད་དེ་ཁ་ཕྱེས་པ་ཡིན། རིང་མིན་དེ་ཡོངས་རྫོགས་གཏོར་བཤིག་བཏང༌། འོན་ཀྱང་དཀའ་ལས་ཁག་པ་ནི་ཆ་ཚང་སླར་ཡང་བསྒྲིག་སྟེ་འགྲོ་བ་བཟོ་དགོས། དེ་ནས་བཟུང་མི་ཚེ་གང་པོའི་ནང་དུས་ཚོད་བར་གསེང་ལ་འཕྲུལ་ཆས་བཤིག་བསྒྲིག་བྱ་རྒྱུར་དགའ་མོས་བྱེད་པ་དེ་འགོ་ཚུགས་པ་རེད། དེར་གང་འཚམས་ལེགས་པོ་ཆགས་ཏེ་ངའི་ངོ་ཤེས་ལྷ་སར་གནས་སྡོད་ལག་འདོགས་ཆུ་ཚོད་དང༌། ཆུ་ཚོད་ཆེ་བ་ཡོད་མི་མང་པོ་ཞིག་གི་ཆུ་ཚོད་འཕྲོ་བརླག་ཕྱིན་རྗེས་བཟོ་བཅོས་རྒྱག་མཁན་གཙོ་བོ་དེ་ང་ཆགས་པ་རེད། ཕྱིས་སུ་རྒྱ་གར་ནས་ངོས་ལ་ཀུཀ་ཀུའི་ཆུ་ཚོད་(cuckoo clock)ཅིག་ཡོད་པ་ཞི་མིས་འཕྲོ་བརླག་བཏང་སྟབས་དེ་ཉིད་ལམ་འགྲོ་མ་རྒྱུགས་པ་ལྟ་བུ་བྱས་ཏེ་བསྐྱར་དུ་རྩ་བ་ནས་བཟོ་ཐུབ་མ་སོང༌། རང་འགུལ་མེ་རྫས་ཡོད་པའི་ཆུ་ཚོད་འབེལ་པོ་དར་རྗེས་ངའི་བར་གསེང་ལས་ཀར་དགའ་པོ་དེ་ཙམ་བྱེད་རིན་མེད་པ་ཆགས་སོང༌། སྐུ་གོང་མའི་ལག་འགུལ་གློག་བརྙན་སྟོན་བྱེད་ནི་རྙོག་འཛིང་ཤིན་ཏུ་ཆེ་བ་ཞིག་འདུག ངའི་ཞབས་ཕྱིའི་ཁོངས་མི་རྒྱ་རིགས་ཡིན་པ་གཅིག་གིས་དེ་གཉིས་ལས་གཅིག་བེད་སྤྱོད་ཡོད་པ་བཟོ་ཐུབ་སོང༌། ང་ཚོར་གློག་བརྙན་ཁ་ཤས་ཡོད་པ་དེ་དག་བལྟ་ཐུབ་སླད་ངས་ཁོང་ལ་དེ་བཟོ་རོགས་ལབ་པ་ཡིན། 
               ཕྱིས་སུ་མི་ལི་མི་ཏྲར་(Millimeters)བཅུ་དྲུག་གི་ཞེང་ཚད་དང་གློག་ཤུགས་ཀྱིས་རང་འགུལ་བྱེད་པའི་གློག་བརྙན་སྟོན་བྱེད་ཅིག་ཐོབ་བྱུང་ཡང་དེ་འགུལ་བྱེད་ཨ་མ་དེ་སྐྱོན་ཅན་ཡིན་པས་ཡང་ཡང་སྐྱོན་ཤོར་གྱི་ཡོད། དུས་ཚོད་དེ་ཕལ་ཆེར་༡༩༤༥ནང་ཡིན། རྒྱ་གར་བྱང་ཕྱོགས་དམག་སྒར་ནང་དབྱིན་ཇིའི་བཙན་བཟུང་བྱས་པ་ཨོསེ་ཏྲེ་རའི་ཡུལ་མི་ཧེན་རིག་ཧེ་རར་དང༌། པི་ཏྲར་ཨཕ་ཤི་ན་ཡི་ཏྲར་གཉིས་ཧི་མ་ལ་ཡའི་རི་བརྒྱུད་བྲོས་བྱོལ་དུ་ཕེབས་པ་ལྷ་སར་འབྱོར། ཧེ་རར་ངའི་གྲོགས་པོ་ཆགས་ཏེ་གློག་བརྙན་སྟོན་བྱེད་འཕྲོ་བརླག་ཕྱིན་སྐབས་བཟོ་བཅོས་སླད་ཁོང་ལ་མཚམས་མཚམས་ལས་བཅོལ་བྱེད་ཀྱི་ཡོད། ང་ཚོར་གློག་བརྙན་མང་པོ་ཐོབ་ཀྱི་མེད་ཀྱང༌། དམག་ཆེན་གཉིས་པའི་གནས་ཚུལ་གལ་ཆེའི་གསར་འགྱུར་སྤྱིན་ཤོག་བསྒྲིལ་མ་མང་པོ་ཞིག་རྒྱ་གར་བརྒྱུད་འབྱོར། དེ་དག་གི་ལོ་རྒྱུས་ནི་ཕྱོགས་གཏོགས་ཀྱི་ངོས་ནས་བཤད་པ་ཞིག་ཡིན་འདུག དེ་བཞིན་བི་ཨི་ཉིན་མོ་(VE DAY)། དབྱིན་ཇིའི་རྒྱལ་པོ་ཇོར་ཇེ་ལྔ་པའི་ཁྲི་འདོན། ཤེཀ་སི་ཕིཨར་གྱི་ཧེན་རི་ལྔ་པའི་(Shakespeare's Henry V)སྐོར་གྱི་གློག་བརྙན་ལའུ་རན་སི། ཨོ་ལི་བར་གྱིས་བཟོས་པ། དེ་བཞིན་དུ་ཅར་ལི། ཅབ་ལིན་གྱི་སྒྲ་མེད་འགུལ་བརྙན་སྐོར་གྱི་སྤྱིན་ཤོག་སྒྲིལ་མ་ཁག་ཡོད།
               ངོས་ནས་ཚན་རིག་དོ་སྣང་ནི་འཕྲུལ་ལས་ལས་བྱུང་བ་མ་ཟད་དེ་གཉིས་བར་ངས་ཁྱད་པར་གང་ཡང་མ་མཐོང༌། འཕྲུལ་ཆས་ཐད་ལྷ་སར་ཡོད་པའི་ངའི་ངོ་ཤེས་པའི་མི་ཚང་མའི་ནང་དྲག་ཤོས་ཧེ་རར་རེད། ཁོང་དང་འཕྲད་སྐབས་ངའི་བསམ་པར་ཁོང་ནི་པོ་ཏཱ་ལར་ཡོད་པའི་འཕྲུལ་ཆས་འགའ་ཤས་དེ་དག་ལ་མཁས་པོ་ཡོད་པ་བཞིན་ཚན་རིག་ཐད་ལ་ཡང་དེ་བཞིན་མཁས་པོ་ཡོད་ཤག་བྱས། དགོད་བྲོ་བ་ཞིག་ལ་ལོ་མང་རྗེས་ཁོང་ཚན་རིག་ཐོག་མཁས་པའི་རྒྱབ་ལྗོངས་གང་ཡང་མེད་པ་ཤེས་རྟོགས་བྱུང༌། དེ་སྐབས་ངས་མི་དཀར་པོ་ཚང་མ་ཚན་རིག་གི་ཡོན་ཏན་གཏིང་ཟབ་ཡོད་མཁན་ཞིག་ཡིན་ཤག་བྱས་པ་རེད།

ཆུ་ཚོད་བཤིག་བསྒྲིག་དང་གློག་བརྙན་སྟོན་བྱེད་བསྐྱར་བཟོ་བྱེད་པར་ལམ་ལྷོངས་བྱུང་བས་དགའ་སྤོབས་ཀྱིས་སེམས་ཤུགས་ཆེ་རུ་ཕྱིན། དེའི་རྗེས་ཀྱི་ངའི་ལས་གཞི་ནི་སྣུམ་འཁོར་གྱི་འགྲོ་སྟངས་ཤེས་རྟོགས་བྱ་རྒྱུ་དེ་ཡིན། སྣུམ་འཁོར་གཏོང་རྒྱུ་དང་ལྟ་རྟོག་བྱེད་མཁན་དེའི་མིང་ལ་ལྷག་པ་ཚེ་རིང་ཟེར། ཁོང་ནི་མི་མགོ་དམར་ཁོང་ཁྲོ་ཚ་བོ་ཞིག་ཡིན་པ་ཡོངས་གྲགས་ཡིན། ཁོང་སྣུམ་འཁོར་འོག་འཛུལ་ནས་བཟོ་བཅོས་བྱེད་སྐབས་མགོ་བརྡབ་ཐུག་བྱུང་ན་ཁོང་ཁྲོ་ཆེས་ཤིན་ཏུ་ཆེན་པོ་ལངས་ཏེ་ད་དུང་སླར་ཡང་མགོ་དེར་བརྡབ་ཀྱི་ཡོད། ཁོང་གིས་སྣུམ་འཁོར་ཨ་མ་བཟོ་བཅོས་བྱེད་སྐབས་ང་ལ་ཉམས་ཞིབ་དང་རིམ་པས་སྣུམ་འཁོར་གཏོང་འཇུག་རྒྱུའི་ཆེད་ངས་ཁོང་ལ་གྲོགས་པོ་བཟོས་པ་ཡིན།

               ཉིན་གཅིག་ཨས་ཏྲིན་རླངས་འཁོར་གཉིས་ལས་གཅིག་ང་རང་གཅིག་པུས་གཏོང་སླད་ལོགས་སུ་འཁྲིད་ཕྱིན་པར། དེར་བརྡབ་ཐུག་ཕྲན་བུ་བྱུང་སྟེ་མདུན་གཡོན་ཕྱོགས་ཀྱི་གློག་དེ་འཕྲོ་བརླགས་ཆགས་སོང༌། སྣུམ་འཁོར་ལྟ་རྟོག་པ་གཞན་པ་སྦ་བུ་བཀྲ་ཤིས་ཞེས་པ་ཞིག་ཡོད་པ་ཁོང་གིས་གང་བརྗོད་ཡོང་སྙམ་ཏེ་ཞེད་སྣང་ཆེན་པོ་བྱུང༌། ཐབས་འཚོལ་བྱས་རྗེས་མདུན་གློག་དེའི་ཚབ་ཞིག་རྙེད་སོན་བྱུང་ཡང༌། དེ་ནི་ཤེལ་ཤེལ་རྐྱང་ཡིན་པས་སྔོན་མ་ནང་བཞིན་ཤེལ་སྟེང་འཁྱག་པ་ལྟ་བུའི་འབུར་དོད་ཅན་ཞིག་མ་རེད། དེ་ནས་བསམ་གཞིག་གང་མཚམས་བྱས་རྗེས་ཐབས་ལམ་ཞིག་རྙེད་བྱུང༌། དེ་ནི་བྱེ་མ་ཀ་ར་བཞུས་ཏེ་གློག་གི་ཤེལ་སྟེང་ན་ཡོད་པའི་འཁྱག་པ་ལྟ་བུའི་འབུར་དོད་ཀྱི་རྣམ་པ་བསྐྱར་བཟོ་བྱས། རྗེས་སུ་སྦ་བུ་བཀྲ་ཤིས་ནས་ཤེས་ཡོད་མེད་རྩ་བ་ནས་ཧ་གོ་མ་བྱུང༌། གལ་ཏེ་ཁོང་གིས་ཤེས་ཡོད་ནའང་ངར་ཉེས་པ་བཏང་མ་བྱུང༌།
               དེང་དུས་ཀྱི་ཚན་རིག་ཁྱབ་ཁུལ་གལ་འགངས་ཆེ་བ་གཅིག་ཐད་ཧེ་རར་ངོས་ལ་ཤིན་ཏུ་ཕན་ཐོག་ཆེན་པོ་བྱུང༌། དེ་ནི་འཛམ་གླིང་རྒྱས་བཤད་ཡིན། ངོས་སྒེར་གྱི་དཔེ་མཛོད་ནང་འཛམ་གླིང་དམག་ཆེན་གཉིས་པའི་སྐོར་དབྱིན་སྐད་དུ་གླེགས་བམ་ཁ་ཤས་ཡོད་པ་དེའི་ནང་ཉི་ཧོང་ཐེ་བས་རྒྱལ་ཁབ་ཆེ་བ་མང་པོ་ཞིག་འཛུལ་ཞུགས་བྱས་པའི་སྐོར་ཞིབ་ཕྲའི་རྒྱས་བཤད་འདུག ངས་འཚོལ་ཞིབ་ཀྱི་ཆེད་དུ་གློག་བརྙན་སྟོན་བྱེད་བེད་སྤྱོད་དང༌། ཆུ་ཚོད་བཟོ་སྒྲིག སྣུམ་འཁོར་གཏོང་ཐབས་བྱས་པ་བཅས་ལས་ཚན་རིག་དང་འཕྲུལ་ལས་ཀྱི་འཛམ་གླིང་དེ་ཇི་འདྲ་ཞིག་ཡིན་མིན་རོབ་ཙམ་ཤེས་བྱུང༌། དེ་དག་གི་སྐོར་དོ་སྣང་གཏིང་ཟབ་དང་རྒྱ་ཆེ་ཙམ་ཞིག་ངོས་ལོ་ན་བཅུ་དྲུག་སོན་སྐབས་བོད་ཀྱི་འགོ་འཁྲིད་དུ་བསྐོས་རྗེས། ༡༩༥༤ ལོར་རྒྱ་ནག་དང༌། ༡༩༥༦ ལོར་རྒྱ་གར་དུ་གཞུང་འབྲེལ་ལྟ་སྐོར་དུ་ཕྱིན་པའི་སྐབས་དེར་སེམས་སྟེང་ལ་ཚོར་སྣང་གི་ནུས་པ་ཤུགས་ཆེ་ཞིག་ཐེབས་བྱུང༌། དེ་དུས་རྒྱ་ནག་དམག་མིས་ངོས་ཀྱི་ལུང་པར་བཙན་འཛུལ་བྱས་ཟིན་ཅིང༌། ངོས་རྒྱ་ནག་གཞུང་ལ་འདུམ་བསྒྲིག་གི་ལས་དོན་སྐྱོ་བོ་ཤིག་གི་ངང་ཡུན་རིང་ཚུད་ནས་ཡོད། ངོས་ཕྱི་རྒྱལ་དུ་ཐོག་མ་བསྐྱོད་པ་དེ་ངོས་ཕྲུ་གུའི་ལོ་ན་རྫོགས་མཚམས་སྐབས་པེ་ཅིང་དུ་ཕྱིན་པ་དེ་ཡིན། པེ་ཅིང་དུ་གཙོ་འཛིན་མའོ་ཙེ་ཏུང་དང༌། ཀྲའུ་ཨེན་ལེ་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་གཞན་རྣམས་འཕྲད་བྱུང༌། གཞུང་འབྲེལ་གྱི་བལྟ་སྐོར་དེའི་སྐབས་མཉམ་འབྲེལ་གྱི་ས་ཞིང་དང༌། གློག་ཤུགས་ཀྱིས་བསྐྲུན་པའི་ཆུ་རགས་ལ་སོགས་པ་མང་ཚོགས་ཀྱིས་བེད་སྤྱོད་རྒྱུའི་ལས་གཞི་ཆེ་ཁག་རིགས་ལ་བལྟ་སྐོར་སྔ་རྗེས་མང་པོ་བཟོས་འདུག དེ་ནི་སྣུམ་འཁོར་དང་སྣུམ་ནག་བཏིངས་པའི་ལམ་ཁ་ཡོད་པའི་དེང་དུས་ཀྱི་གྲོང་ཁྱེར་ཞིག་ལ་སླེབས་པ་ཐོག་མ་ཡིན་པ་མ་ཟད་ཚན་རིག་པ་ངོ་མ་དང་འཕྲད་པ་ཡང་དང་པོ་ཡིན། སྤྱི་ལོ་༡༩༥༦ལོར་ངོས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་ལོ་སྟོན་གྱི་ལས་རིམ་གཙོ་བོ་ལྡི་ལིར་ཚུགས་པ་དེར་མཉམ་ཞུགས་སླད་རྒྱ་གར་དུ་ཕྱིན་པ་ཡིན། ཕྱིས་སུ་རྒྱ་གར་གྱི་སྲིད་བློན་ཇ་བ་ཧར་ལལ་ནེ་རུ་ངའི་སློབ་སྟོན་པ་དང་གྲོགས་པོ་འདྲ་བོ་ཞིག་ཆགས་པ་མ་ཟད་ངའི་གནས་ཚང་ཡང་ཆགས། ནེ་རུ་ནི་ཚན་རིག་དང་མཐུན་པའི་བལྟ་ཚུལ་ཅན་ཞིག་ཡིན་ཞིང༌། ཁོང་ལ་རྒྱ་གར་གྱི་མ་འོངས་པ་དེ་འཕྲུལ་ལས་དང་བཟོ་ལས་ཡར་རྒྱས་ཐོག་ནས་འགྲོ་དགོས་པ་དང་མ་འོངས་པར་ཡར་རྒྱས་ཆེན་པོ་འགྲོ་ཐུབ་པའི་དགོངས་པ་ཟབ་དཀྱེལ་ཆེ་བ་ཞིག་ཡོད། སངས་རྒྱས་མྱ་ངན་ལས་འདས་པའི་དུས་དྲན་ངོ་མ་དེ་གྲུབ་རྗེས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ས་རྡོ་རྗེ་གདན་ལྟ་བུའི་གནས་སྐོར་བྱ་ཡུལ་གྱི་ས་ཆ་ཁག་ཙམ་མ་ཡིན་པར་གྲོང་ཁྱེར་ཆེ་ཁག་དང༌། བཟོ་ལས་ཀྱི་མ་ལག མཐོ་རིམ་སློབ་གཉེར་ཁང་སོགས་རྒྱ་གར་གྱི་ས་གནས་མང་པོ་ཞིག་མཐོང་བྱུང༌།
               དེ་དུས་མ་དྲ་ར་སར་ཡོད་པའི་ཐི་ཨོ་སོ་ཕི་ཀལ་(Theosophical Society) ཚོགས་པའི་ཚོགས་མིས་མཚོན་པའི་ཚན་རིག་དང་ནང་སེམས་རིག་པ་ཟུང་འབྲེལ་དུ་བཟོ་ཐབས་ལ་བརྩོན་པའི་ནང་སེམས་རིག་པའི་སློབ་དཔོན་འགའ་དང་ཐོག་མ་ཐུག་འཕྲད་བྱུང༌། ཐི་ཨོ་སོ་ཕི་ནི་ཤར་ཕྱོགས་དང་ནུབ་ཕྱོགས། ཆོས་དང་ཚན་རིག་སོགས་འགྲོ་བ་མིའི་ཤེས་ཡོན་རྣམས་མཉམ་འབྲེལ་དང་ཆིག་སྒྲིལ་ཐུབ་ཐབས་ལ་འབད་བརྩོན་བྱེད་པའི་དུས་རབས་བཅུ་དགུ་དང༌། ཉི་ཤུ་པའི་འགོ་སྟོད་ལ་བྱུང་བའི་ནང་སེམས་རིག་པའི་ལས་འགུལ་གལ་ཆེ་བ་ཞིག་ཡིན།  དེ་ཐོག་མ་འཛུགས་མཁན་ལྕམ་བེ་ལ་བ་སིཀི་དང་ཨེན་ནི་སྦི་སན་ཏེ་སོགས་ནུབ་ཕྱོགས་པ་ཡིན་ཀྱང་རྒྱ་གར་དུ་ཡུན་རིང་བསྡད་པ་ཞིག་ཡིན།
               གཞུང་འབྲེལ་གྱི་ཕྱོགས་བསྐྱོད་དེ་དག་གི་གོང་དུའང་འཕྲུལ་ལས་ནི་འཛམ་གླིང་རྟོགས་ཐབས་བྱེ་བྲག་པ་ཞིག་གི་འབྲས་བུའམ་རྣམ་འགྱུར་ངོ་མ་དེ་ཡིན་པ་ངོས་འཛིན་ཐུབ་པ་བྱུང༌། ཚན་རིག་ནི་རྣམ་འགྱུར་དེ་དག་གི་གཞི་རྩ་དེ་ཡིན། དེ་ལྟ་ནའང་ཚན་རིག་ནི་འཛམ་གླིང་རྟོགས་ཐབས་འདིའི་ཐད་འཚོལ་ཞིབ་བྱ་ཚུལ་བྱེ་བྲག་པ་དང་དེ་ལས་ཐོབ་པའི་ཤེས་ཡོན་གྱི་སྡེ་ཚན་ཁག་ཡིན། དེས་ན་ངོས་ཐོག་མ་ཡིད་འཕྲོག་བྱ་ཡུལ་དེ་བཟོ་ལས་ཀྱི་དངོས་ཆས་ཁག་ཡིན་ཡང༌། ངའི་སེམས་སྟེང་ལ་དྲི་བ་གཏིང་ཟབ་ཅིག་ཡང་ཡང་འཁོར་པ་ནི་ཚན་རིག་གི་དཔྱད་ཞིབ་བྱ་ཚུལ་དེ་ཡིན་པ་ལས་བཟོ་ལས་དང་འཕྲུལ་ཆས་ཀྱི་རྩེད་ཆས་བྱེ་བྲག་པ་ཞིག་མིན། མི་གཞན་དང་ལྷག་པར་ཚན་རིག་མཁས་དབང་ཚོ་དང་མཉམ་དུ་ཚན་རིག་གི་སྐོར་གོ་བསྡུར་བྱས་འབྲས་སུ་ཚན་རིག་དང་ནང་ཆོས་ཀྱི་བསམ་བློའི་བར་དཔྱད་ཞིབ་བྱེད་ཚུལ་ཐད་མཚུངས་ཆོས་འགའ་ཤས་ཡོད་པ་དོ་སྣང་བྱུང་ཞིང༌། མཚུངས་ཆོས་དེ་དག་ནི་ད་ལྟའང་ཧ་ལས་པའི་མངོན་གསལ་དོད་པོ་ཆགས་ཀྱི་འདུག ངས་ཤེས་ཚོད་ལྟར་ན་ཚན་རིག་གི་ཐབས་ལམ་ནི་ཕྱི་དངོས་པོའི་ཆོས་འགར་ཉམས་ཞིབ་བྱས་པ་བརྒྱུད་ནས། སྤྱི་ཡོངས་ཀྱི་ཚོད་དཔག་ཅིག་བྱས། དེ་བརྒྱུད་དངོས་པོའི་ཆོས་བྱེ་བྲག་པ་ཞིག་བེད་སྤྱོད་བྱས་ན་འབྲས་བུ་དང་གནས་ཚུལ་ཇི་འདྲ་ཞིག་ཡོང་མིན་སྔོན་ཚུད་ནས་བཤད། དེ་ནས་སྔོན་དཔག་བྱས་པ་དེ་བརྟག་ཞིབ་ཀྱིས་དཔྱད་པ་བྱས། བརྟག་དཔྱད་དེ་ཚད་ལྡན་བྱས་ཡོད་པ་དང་བསྐྱར་ལྡབ་བྱེད་ཐུབ་ན་དེའི་འབྲས་བུ་དེ་ཁྱབ་ཆེ་བའི་ཚན་རིག་གི་ཤེས་བྱའི་ཆ་ཤས་ཤིག་ཏུ་བརྩིས། དེ་ལྟ་ནའང་བརྟག་དཔྱད་དེ་ལྟ་གྲུབ་དང་འགལ་གྱི་ཡོད་ན་ལྟ་གྲུབ་དེ་བསྐྱར་ཞིབ་བྱ་དགོས་ཏེ། ཉམས་མྱོང་གིས་དངོས་པོའི་ཆོས་མཐོང་བ་དེ་གལ་ཆེ་བ་བརྩི་དགོས་པས་སོ།། ཚན་རིག་ནི་རྒྱུ་མཚན་ལ་བལྟས་ཏེ་རིམ་བཞིན་ཉམས་མྱོང་ཚད་མཐོར་བཏང་ནས་ཉམས་མྱོང་དེ་ཉིད་ཀྱིས་རྒྱུ་མཚན་ལ་བརྟེན་ནས་བྱུང་བའི་གོ་རྟོགས་རྣམས་སླར་ཁུངས་སྐྱེལ་བྱེད་པ་བཅས་ཆ་ཚང་བའི་རྟོག་དཔྱོད་ཀྱི་ཐབས་ལམ་བརྒྱུད་ཉམས་མྱོང་དངོས་སུ་བསགས་པའི་ཐབས་ལམ་ནུས་པ་དང་ལྡན་པ་ཞིག་བརྒྱུད་འགྲོ་གི་ཡོད། ཉམས་མྱོང་ལ་བརྟེན་ནས་བརྟག་པ་བྱ་ཚུལ་འདི་དང༌། ངོས་ནས་སངས་རྒྱས་པའི་ལྟ་གྲུབ་ནང་གི་སྦྱོང་བརྡར་དང་སྒོམ་སྒྲུབ་ལ་བརྟེན་ནས་གང་ཤེས་པ་གཉིས་ཀྱི་མཚུངས་ཆོས་ཐད་ལ། དུས་ཡུན་རིང་པོ་ཞིག་གི་སྔོན་ནས་བསམ་བློ་བཏང་ཡོད།
               སྤྱིར་ནང་ཆོས་ཀྱང་གསུང་རབ་བསྟན་བཅོས་དང་ཆོ་ག་སོགས་ཡོད་པའི་སྒོ་ནས་ཆོས་ཀྱི་ངོ་བོར་དར་འཕེལ་བྱུང་ཡང༌། ཞིབ་ཚགས་ཀྱིས་བཤད་ན་ནང་ཆོས་ཀྱི་གསུང་རབ་བསྟན་བཅོས་ཀྱི་ལུང་དེ་རྒྱུ་མཚན་དང་ཉམས་མྱོང་ལས་བྱུང་བའི་གོ་རྟོགས་ལས་ལྕི་བ་ཆགས་ཀྱི་མེད་པ་མ་ཟད། སངས་རྒྱས་ཉིད་ཀྱི་གསུང་གྲགས་ཅན་ཞིག་ནང་རང་གི་རྗེས་འབྲངས་རྣམས་ལ་ཁོང་གི་གསུང་ཚད་མ་ཡིན་མིན་དེ་གུས་པ་ཁོ་ནས་ཁས་ལེན་བྱས་ན་མི་འགྲིགས་ཞེས་རང་ཉིད་ཀྱི་གསུང་དེ་གལ་གནད་ཆུང་བར་བརྩིས་གནང་བ་རེད། གསེར་མགར་མཁས་པས་གསེར་ལེགས་ཉེས་དཔྱད་པ་ཞིབ་མོར་བྱེད་པ་ལྟར་ཁོང་གིས་གང་གསུང་བ་རྣམས་བདེན་མིན་ཡང་རྒྱུ་མཚན་དང་ལྡན་པའི་དཔྱད་པ་དང་སོ་སོ་རང་ཉིད་ཀྱིས་བརྟག་པ་བྱ་དགོས་པའི་བཀའ་གནང་ཡོད། དེས་ན་ཁས་འཆེས་པའི་བདེན་པ་ཞིག་ཁུངས་སྐྱེལ་བྱེད་པར་ནང་ཆོས་ནས་ཁུངས་གཏུགས་ས་གལ་ཆེ་ཤོས་དེ་རང་གི་ཉམས་མྱོང་དང༌། གཉིས་པ་དེ་རྒྱུ་མཚན། གསུང་རབ་ནི་དེའི་ཕྱི་མར་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་ནང་ཆོས་ཡོང་ཁུངས་རྒྱ་གར་གྱི་ནང་ཆོས་སློབ་གཉེར་ཁང་ནཱ་ལཎ་ཌའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་དང་མཐུན་པར་སངས་རྒྱས་ཉིད་ཀྱི་བཀའ་ལ་ཡང་བརྒལ་བརྟག་གི་དཔྱད་པ་ཞིབ་ཚགས་མཐིལ་ཕྱིན་བྱེད་པ་དེ་ལྟར་རེད། ཕྱོགས་གཅིག་ནས་ཚན་རིག་དང་ནང་ཆོས་ཀྱི་ཐབས་ལམ་གཉིས་མི་འདྲ་སྟེ། ཚན་རིག་གི་དཔྱད་པ་ནི་ཕྱི་དངོས་པོར་དཔྱོད་པའི་འཕྲུལ་ཆས་ལ་བརྟེན་ནས་འགྲོ་གི་ཡོད་པ་དང༌། སྒོམ་སྒྲུབ་ཀྱི་དཔྱད་པ་ནི་ཡིད་བྱེད་ཕྲ་མོ་བསྐྱེད་དེ་དེས་བློ་ཁ་ནང་དུ་ཕྱོགས་ནས་ནང་གི་མྱོང་ཚོར་ལ་དཔྱད་པ་བྱེད་ཀྱི་ཡོད། འོན་ཀྱང་གཉིས་ཀས་ཉམས་མྱོང་ཤུགས་ཆེ་ཞིག་གཞི་རྩར་དགོས་པར་འདོད་ཅིང༌། ཚན་རིག་ནས་ཆོས་གང་ཞིག་ཡོད་པའམ་མེད་པར་བསྟན་ན་ང་ཚོས་ངེས་པར་དངོས་ཡོད་གནས་ཚུལ་ཡིན་པར་ཁས་ལེན་དགོས། འོན་ཀྱང་ཚན་རིག་གིས་མ་རྙེད་པ་དང་མེད་པར་རྙེད་པ་གཉིས་ནི་ཁ་ཁ་ཡིན། གལ་ཏེ་ཚོད་དཔགས་ཀྱི་ཁས་ལེན་ཞིག་དཔྱད་པ་བྱས་ཏེ་བདེན་པར་རྙེད་ན་དེ་ང་ཚོས་ངེས་པར་ཁས་ལེན་དགོས། དེ་བཞིན་དུ་དངོས་ཡོད་གནས་ཚུལ་ནི་ཚན་རིག་པའམ་སྒོམ་སྒྲུབ་ཀྱི་ཉམས་ལེན་གང་གི་སྒོ་ནས་རྙེད་ཀྱང་དེ་ནང་ཆོས་ཀྱིས་ཁས་ལེན་དགོས། གལ་ཏེ་ང་ཚོས་ཆོས་གང་ཡང་རུང་བ་ཞིག་དཔྱད་པ་བྱས་ཏེ་དེར་རྒྱུ་མཚན་དང་ཁུངས་སྐྱེལ་རྙེད་ན་དུས་རབས་མང་པོའི་རིང་གནས་ཤིང་ལྟ་ཚུལ་དམ་ཟབ་ཀྱིས་འཛིན་པ་ཞིག་དང་གསུང་རབ་ནས་ཇི་ལྟར་གསུངས་པ་ལྟར་སྒྲ་ཇི་བཞིན་དུ་ཁས་ལེན་པར་འགལ་ནའང༌། དེ་དངོས་ཡོད་གནས་ཚུལ་ཡིན་པར་ཁས་ལེན་དགོས་པས་ནང་པ་དང་ཚན་རིག་པ་གཉིས་ཀའི་ཐུན་མོང་གི་བལྟ་ཚུལ་གཅིག་ནི་དངོས་ཡོད་ཉམས་མྱོང་གི་སྒོ་ནས་གནས་ལུགས་འཚོལ་དགོས་པར་དམ་བཅའ་བ་དང༌། ང་ཚོས་འཚོལ་ཞིབ་བྱས་ནས་རྙེད་པའི་བདེན་པ་དེ་ང་ཚོས་ཡུན་རིང་བཟུང་བའི་ཡོངས་གྲགས་ཀྱི་ལང་ཕྱོགས་དང་མི་འདྲ་བ་ཞིག་ཡིན་པ་རྙེད་ན་དེ་དག་འདོར་ཐུབ་པ་དགོས།
               ཆོས་ལུགས་དང་མི་འདྲ་བའི་ཚན་རིག་གི་ཁྱད་ཆོས་གལ་ཆེ་བ་གཅིག་ནི་རང་གི་ཁས་འཆེ་བའི་བདེན་པ་དེ་ཁུངས་སྐྱེལ་བར་བསྟན་བཅོས་ཀྱི་ལུང་ལ་ཁུངས་གཏུགས་ཀྱི་མེད། ཚན་རིག་ནང་བདེན་པ་ཡོངས་རྫོགས་དཔྱད་པའམ་རྩིས་ཀྱི་དཔང་རྟགས་ཀྱི་སྒོ་ནས་སྟོན་དགོས། ནིའུ་ཏྲན(Newton)དང་ཨ་ཡིནསེ་ཏྲན་(Einstein)གྱིས་བཤད་པའི་རྒྱུ་མཚན་གྱིས་ཆོས་གང་ཡང་རུང་བ་ཞིག་དེ་ལྟར་ཡིན་དགོས་པར་བསམ་པ་ནི་ཚན་རིག་དང་མཐུན་པ་ཞིག་རྩ་བ་ནས་མིན། དེས་ན་དཔྱད་ཞིབ་ཇི་འདྲ་ཞིག་ཡིན་རུང་འདྲི་བརྩད་བྱ་ཡུལ་གྱི་དོན་གནད་བྱེ་བྲག་པ་དེ་དང་དེའི་ལན་འདེབས་ཇི་འདྲ་ཞིག་ཡིན་མིན་ཐད་བསམ་བློ་གུ་ཡངས་བརྒྱུད་འགྲོ་དགོས་ཞིང༌། དེ་ནི་ངས་བསམ་པར་ཡང་དག་པའི་ཐེ་ཚོམ་ཡིན། དེ་ལྟའི་བློ་རྒྱ་ཡངས་པོ་ལ་བརྟེན་ནས་གང་ཟག་སོ་སོར་བློ་སྐྱེད་གསར་པ་དང་གནད་དོན་གསར་པ་རྙེད་ཐུབ་ཅིང༌། དེ་དག་མིའི་རང་བཞིན་ལྷན་སྐྱེས་ཀྱི་གནས་ཚུལ་ཤེས་འདོད་དང་ཟུང་དུ་འབྲེལ་སྐབས་ང་ཚོའི་མཐོང་རྒྱ་ཤིན་ཏུ་ཟབ་པོར་སྒྱུར་ཐུབ། འོན་ཀྱང་ཚན་རིག་ཉམས་ལེན་པ་མཐའ་དག་གིས་དཔེ་བཟང་དེར་ལག་ལེན་ངོ་མའི་ཐོག་གནས་ཐུབ་པར་བཤད་ཀྱི་མེད། འགའ་ཤས་སྔོན་གྱི་དཔེ་བཀོད་ནང་ཐིམ་ནས་གནས་སྲིད་པ་རེད།  ནང་ཆོས་ཀྱི་དཔྱད་ཞིབ་སྲོལ་རྒྱུན་ལ་མཚོན་ན་ང་ཚོ་བོད་པ་ཚོས་ནང་པའི་ལྟ་གྲུབ་དང་ཆོས་ཀྱི་འབྱུང་ཁུངས་གནའ་རབས་རྒྱ་གར་གྱི་བཀའ་དྲིན་ཤིན་ཏུ་གསབ་དཀའ་བ་ཆགས་ཡོད། བོད་པ་ཚོས་རྒྱ་གར་ལ་འཕགས་ཡུལ་ཞེས་བརྗོད་ཅིང༌། འདི་ནི་སྟོན་པ་སངས་རྒྱས་དང་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རིམ་བྱོན་མང་པོ་ཞིག་གི་འཁྲུངས་ཡུལ་ཡིན་པ་དང༌། དེ་དག་གིས་བཀའ་རྩོམ་གནང་བའི་བསྟན་བཅོས་ཀྱིས་བོད་མིའི་ལྟ་གྲུབ་དང་ཆོས་ཀྱི་སྲོལ་རྒྱུན་གྱི་ཁ་ཕྱོགས་དང་རྣམ་འགྱུར་བཟོས། སློབ་དཔོན་དེ་དག་ནི་དུས་རབས་གཉིས་པའི་མཁས་གྲུབ་མགོན་པོ་ཀླུ་སྒྲུབ་དང༌། དུས་རབས་བཞི་པའི་ནང་གི་སྐྱེས་བུ་དམ་པ་ཐོགས་མེད་དང་དབྱིག་གཉེན། བྱང་སེམས་ཀྱི་མངའ་བདག་རྒྱལ་སྲས་ཆེན་པོ་ཞི་བ་ལྷ། དུས་རབས་བདུན་པའི་ནང་གི་ཚད་མའི་སློབ་དཔོན་ཆོས་ཀྱི་གྲགས་པ་བཅས་ཡིན།

༡༩༥༩ ཕྱི་ཟླ་གསུམ་པའི་ནང་ང་རྒྱ་གར་དུ་སླེབས་པ་ནས་བཟུང་ང་དང་བོད་མི་སྐྱབས་བཅོལ་བ་ཁྱོན་ཆེན་པོ་ཞིག་རྒྱ་གར་དུ་ནང་ཁྱིམ་གཉིས་པ་ལྟ་བུ་བྱས་ཏེ་སྡོད་རྒྱུ་བྱུང་བ་ནི་ཤིན་ཏུ་བསྐལ་བ་བཟང་པོ་ཡིན། ང་རྒྱ་གར་དུ་སྐྱབས་བཅོལ་དུ་གནས་པའི་འགོ་སྟོད་སྐབས་རྒྱ་གར་གྱི་སྲིད་འཛིན་དྲོག་ཏྲོར་རཇེནདྲཔརསད་(Dr. Rajendra Prasad) ཡིན། ཁོང་ནི་ཆོས་པ་ཚད་ལྡན་ཞིག་དང་ཁྲིམས་ཀྱི་མཁས་པ་ཞིག་ཡིན། དེ་སྐབས་སྲིད་འཛིན་གཞོན་པ་ནི་དྲོག་ཏྲོར་སརྦ་པ་ལི་ ར་དྷ་ཀྲི་ཥིཎ་(Dr. Sarvepalli Radhakrishnan)ཡིན་ཞིང༌། ཁོང་ཕྱིས་སུ་སྲིད་འཛིན་ཆགས་ཤིང༌། ཁོང་ནི་གཞུང་གི་ཕྱག་ལས་དང་སྒེར་གྱི་ལྟ་གྲུབ་གཉིས་ཀའི་ཆ་ནས་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་ཐད་ཐུགས་སྣང་ཆེན་པོ་ཡོད་པ་ཡོངས་གྲགས་རེད། ཐེངས་གཅིག་ལྟ་གྲུབ་སྐོར་ཞིག་ལ་བཀའ་མོལ་གནང་སྐབས་ཀྱི་དཀྱིལ་དུ་ཁོང་ནས་མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིགས་བཅད་གཅིག་བགྲང་གནང་བ་གསལ་པོ་དྲན་གྱི་འདུག ༡༩༤༧ ལོར་རང་བཙན་ཐོབ་པ་ནས་རང་གི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་གོ་གནས་དེ་མཁས་དབང་དང་ཚན་རིག་པར་སྤྲོད་རྒྱུའི་རྒྱ་གར་གྱི་སྲོལ་རྒྱུན་བཟང་པོ་དེ་མུ་མཐུད་དེ་ཉར་ཚགས་བྱས་པ་ནི་ཆེས་གཟི་བརྗིད་ཅན་ཞིག་རེད།

               བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་བརྒྱད་ཅུ་ཙམ་རྒྱ་གར་གྱི་ས་གནས་གང་སར་གཞིས་ཆགས་བྱ་རྒྱུ། གཞོན་ནུ་ཚོར་སློབ་གྲྭ་འཛུགས་རྒྱུ། འཇིགས་ལ་ཉེ་བའི་རིག་གཞུང་གི་སློབ་གཉེར་ཁང་ཉར་ཚགས་བྱ་རྒྱུ་སོགས་ཤིན་ཏུ་དཀའ་བའི་བཅོས་སྒྲིགས་ལྷིངས་འཇགས་ཀྱི་ལས་དོན་ལོ་བཅུ་ཙམ་བྱས་རྗེས། ༡༩༦༠ ནང་གི་ལོ་མཇུག་ནས་ངས་རྒྱལ་སྤྱིའི་ནང་འགྲུལ་བཞུད་བྱེད་འགོ་བཙུགས། འགྲིམ་འགྲུལ་དེ་དག་སྐབས་ངོས་ཀྱིས་ཤེས་ཚོད་ཀྱིས་འགྲོ་བ་མིའི་གཞི་རྩའི་ཁྱད་ཆོས་རྣམས་གལ་ཆེ་ཚུལ། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་དང་གོ་རྟོགས་སྤེལ་དགོས་པ། བོད་མི་རྣམས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་བཤད་པ་དང༌། ཆབས་གཅིག་རང་ཉིད་དགའ་མོས་བྱ་ཡུལ་སྐོར་བགྲོ་གླེང་བྱེད་པ་དང༌། རང་གི་ཤེས་ཡོན་གོང་འཕེལ་གཏོང་བ། ཚན་རིག་དང་དེའི་ཐབས་ལམ་ཐད་རང་གི་ཤེས་རྟོགས་གཏིང་ཟབ་གཏོང་སླད་སྙན་གྲགས་ཅན་གྱི་ཚན་རིག་པ་ཁག་དང་ཐུག་རྒྱུའི་གོ་སྐབས་ཀྱང་བསླངས་བ་ཡིན། ༡༩༦༠ ནང་སྔ་ས་ནས་ངའི་སྡོད་ཡུལ་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་དྷ་རམ་ས་ལར་ཡོང་མི་ཕན་ཐོག་ཅན་འགའ་དང་ཚན་རིག་དང་ཆོས་གཉིས་ཀྱི་མཐུན་ཆོས་སྐོར་གོ་བསྡུར་བྱེད་ཀྱི་ཡོད། ཐུག་འཕྲད་དེ་དག་ནང་ནས་དྲན་གསོ་འོས་ཤོས་གཉིས་ནི་ནང་ཆོས་ལ་ཐུགས་སྣང་ཟབ་པོ་ཡོད་པ་དང༌། ངོས་ཡེ་ཤུའི་ཆོས་ལུགས་སྐོར་མིག་འབྱེད་གནང་མཁན་ཡེ་ཤུའི་ཏྲེ་ར་པི་སེ་ཊིའི་གྲྭ་པ་ཐོ་མསེ་མར་ཏྲན་(Trappist monk Thomas Merton)དང་འཛམ་གླིང་ཆོས་ལུགས་ལ་མཁས་པ་ཧུསེ་ཏྲན་སེ་མིཐ་(Huston Smith)གཉིས་ཡིན། ངའི་ཚན་རིག་གི་དགེ་རྒན་ནང་ནས་དང་པོའི་གྲས་དང་ཚན་རིག་གི་གྲོགས་པོ་ཉེ་ཤོས་གྲས་གཅིག་ནི་འཇར་མན་གྱི་དངོས་ཁམས་རིག་པའི་མཁས་པ་དང་ལྟ་གྲུབ་སྨྲ་བ་ཀལ་འོན་ཝེ་ཛེཀ་ཀར་(Carl von Weizsacker) ཞེས་པ་ནུབ་འཇར་མན་གྱི་སྲིད་འཛིན་གྱི་སྐུ་མཆེད་ཁོང་ཡིན། ཁོང་གིས་རང་ཉིད་ཆབ་སྲིད་ནང་འཁྲུགས་པོ་ཡོད་པའི་ལྟ་གྲུབ་ཀྱི་མཁས་པ། དངོས་ཁམས་རིག་པར་སྦྱོང་བརྡར་ཡོད་པ་ཞིག་ཡིན་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང༌། ༡༩༣༠ ནང་འོན་ཝེ་ཛེཀ་ཀར་ཀའན་ཏྲམ་དངོས་ཁམས་སྨྲ་བ་ཝར་ནར། ཧ་ཡེ་སེན་བརྒ(Werner Heisenberg)གི་ལས་རོགས་སུ་ལས་ཀ་སྤྲད། ཚན་རིག་གིས་མིའི་གཤིས་སྤྱོད་དང་ཆབ་སྲིད་ལ་འགྱུར་འབྲས་ཇི་འདྲ་ཡོང་ནམ་སྙམ་ཏེ་ཡང་ཡང་བློ་འཚབ་བྱེད་པའི་མཁས་དབང་ཝེ་ཛེཀ་ཀར་གྱིས་སེམས་ལ་ཟུག་ཅིང་བློ་ཁར་ཤིན་ཏུ་འགྲོ་བའི་དཔེ་མཚོན་བཤད་པ་རྣམས་ནམ་ཡང་བརྗེད་མི་ཐུབ། ཁོང་གིས་ཞིབ་ཚགས་རུ་ངར་གྱིས་ལྟ་གྲུབ་ཐོག་དཔྱད་པ་བྱ་ཚུལ་རྣམས་ཚན་རིག་གི་ལས་དོན་ལ་བེད་སྤྱོད་ལྷོད་མེད་བྱས་ཏེ་ཚན་རིག་ལ་མུ་མཐུད་དེ་བརྒལ་བརྟག་ཡོང་ཐབས་བྱས།  གོ་སྐབས་འདྲ་མིན་ནང་ཁོང་དང་ནང་མོལ་གྱི་གོ་བསྡུར་རྒྱུན་རིང་བྱེད་ཀྱི་ཡོད་པ་མ་ཟད། ཚན་རིག་གི་བརྗོད་གཞིའི་ཐོག་འོན་ཝེ་ཛེཀ་ཀར་ནས་ལུགས་མཐུན་གྱི་སློབ་འཁྲིད་འགའ་ཤས་ཀྱང་ཞུ་རྒྱུའི་གོ་སྐབས་བཟང་པོ་བྱུང༌། དེ་དག་ནི་ང་ཚོ་བོད་ཀྱི་སྲོལ་རྒྱུན་ནང་དགེ་རྒན་གཅིག་གི་དྲུང་ནས་དགེ་ཕྲུག་གཅིག་གིས་སློབ་ཁྲིད་བྱ་ཚུལ་དང་འདྲ་བོ་གནང་གི་ཡོད། ཐེངས་འགའ་ཤས་ཉི་མ་གཉིས་ཆ་ཚང་རིང་དུས་ཚོད་ཟུར་བཅད་བྱས་ཏེ། འོན། ཝེ་ཛེཀ་ཀར་ལགས་ནས་ཁོན་ཏྲམ་དངོས་ཁམས་རིག་པ་དང་དེས་ལྟ་གྲུབ་ལ་ཁྱད་པར་ཇི་འདྲ་ཡོང་མིན་སྐོར་སློབ་ཁྲིད་ཞིབ་ཚགས་གནང་མྱོང༌། དེ་ལྟར་ངོས་ལ་ཁོང་ནས་བྱམས་བརྩེ་ཆེན་པོའི་ངང་རང་གི་དུས་ཚོད་རྩ་ཆེ་གནང་བ་དང༌། ལྷག་པར་ངོས་ནས་གོ་དོན་དཀའ་བའི་རིགས་ལམ་སེང་མ་རྟོགས་པར་འབད་བརྩོན་ཡང་ཡང་བྱེད་དགོས་ཆགས་སྐབས་ཁོང་གིས་བཟོད་སྲན་ཆེན་པོའི་ངང་ཕྱག་རོགས་གང་ལེགས་གནང་བའི་བཀའ་དྲིན་སྙིང་ནས་དྲན་གྱི་ཡོད།   འོན། ཝེ་ཛེཀ་ཀར་ནས་ཚན་རིག་ནང་ཉམས་མྱོང་གལ་ཆེ་ཡིན་པ་ནན་ཏན་གྱིས་གསུང་གི་ཡོད། གཟུགས་རྫས་རྣམས་ཡང་ན་དངོས་སུ་ཡོད་པ་མཐོང་བ་དང་ཡང་ན་རྗེས་སུ་དཔགས་ཏེ་ཐབས་ལམ་གཉིས་ཀྱི་སྒོ་ནས་ཤེས་དགོས་གསུང་གི་ཡོད། དཔེར་ན། ཀུ་ཤུའི་སྟེང་གི་སྨུག་ཐིག་མིག་གིས་དངོས་སུ་མཐོང་ཐུབ་ཅིང་དེ་ནི་མངོན་གྱུར་དུ་ཡོད། འོན་ཀྱང་དེའི་ནང་ལ་འབུ་ཡོད་པ་ནི་དེའི་སྟེང་གི་སྨུག་ཐིག་དང་ང་ཚོའི་ཀུ་ཤུ་དང་འབུའི་སྐོར་གྱི་སྤྱིར་བཏང་གི་གནས་ཚུལ་གོ་རྟོགས་བཅས་ལས་ཚོད་དཔགས་བྱེད་དགོས།
               ནང་ཆོས་ཀྱི་ལྟ་གྲུབ་ནང་དོན་གནད་ངེས་ཅན་ཞིག་ལ་དཔྱད་ཞིབ་བྱེད་པའི་ཐབས་ལམ་དེ་དཔྱད་པ་བྱ་ཡུལ་གྱི་དངོས་པོ་དེའི་རང་བཞིན་དང་མཐུན་པ་དགོས་རྒྱུའི་རྩ་དོན་ཞིག་ཡོད། དཔེར་ན། གནད་དོན་དེ་རང་གི་ཉམས་མྱོང་ཐེ་བའི་སྣང་དུ་རུང་བའི་འཇིག་རྟེན་སྐོར་གྱི་ཆོས་ཞིག་ཡིན་ན་གནད་དོན་དེ་ནི་དངོས་ཡོད་ཉམས་མྱོང་གི་སྒོ་ནས་བླང་དོར་བྱེད་དགོས། དེས་ན་ནང་ཆོས་ནང་ཐོག་མ་དངོས་སུ་མྱོང་བའི་ཉམས་མྱོང་ཚད་མ་དེ་དང་པོ་ཡིན། གལ་ཏེ་གནད་དོན་དེ་མི་རྟག་པ་དང་རྟེན་འབྲེལ་གྱི་རང་བཞིན་ལ་སོགས་པ་རང་གིས་འཇིག་རྟེན་གྱི་གནས་ལུགས་ཉམས་སུ་མྱོང་བ་ལ་བརྟེན་ནས་སྤྱི་བསྡོམས་རྒྱག་དགོས་རྒྱུ་ཞིག་ཡིན་ན་རྒྱུ་མཚན་དང་གཙོ་བོ་རྗེས་དཔག་གི་སྒོ་ནས་གནད་དོན་དེ་འདོར་ལེན་བྱེད་དགོས། དེས་ན་འོན། ཝེ་ཛེཀ་ཀར་གྱིས་འདྲ་དཔེ་བསྟན་པ་དང་འདྲ་བར་ནང་ཆོས་ཀྱིས་རྒྱུ་མཚན་ལ་བརྟེན་པའི་རྗེས་དཔག་ཁས་ལེན་གྱི་ཡོད། མཐའ་མ་ནང་ཆོས་ཀྱི་སྒོ་ནས་བལྟས་ན་དེ་ལས་བརྒལ་བའི་གནས་ལུགས་ཀྱི་རིམ་པ་ཞིག་ཡོད། དེ་ནི་གནས་ལུགས་མ་རྟོགས་པ་ཚོར་ལྐོག་གྱུར་གྱི་ཚུལ་དུ་གནས། གནའ་སྲོལ་གྱི་བཤད་རྒྱུན་ལྟར་གྱི་དཔེ་མཚོན་ནི་ལས་འབྲས་ཕྲ་ཞིང་ཕྲ་བ་དང༌། འཇིག་རྟེན་གྱི་ནང་སེམས་ཅན་རྣམ་པ་སྣ་ཚོགས་པ་ཇི་ལྟར་བྱས་ནས་གྲུབ་ཚུལ་སྐོར་ཡིན། སྡེ་ཚན་འདི་ལྟ་བུའི་རིགས་ཁོ་ནར་ཡིད་ཆེས་པར་འོས་པའི་ཁུངས་ཚད་ལྡན་ལྟ་བུར་གཞུང་གི་ལུང་དྲངས་ཞིང༌། དེ་ཡང་ནང་པ་ལྟ་བུར་སངས་རྒྱས་པའི་བཀའ་ནི་ཡོད་པའི་དངོས་པོ་དང་ཐར་པའི་ལམ་ལྟ་བུ་དཔྱད་པར་ཡིད་ཆེས་འོས་པ་ཡིན་པར་གྲུབ་ནས་ཡོད་པ་དེ་གཞིར་བཞག་ནས་བཤད་ཀྱི་ཡོད། སྤྱིར་ཉམས་མྱོང༌། རྗེས་དཔག ལུང་ཚད་མ་བཅས་ཀྱི་དཔྱད་པ་བྱེད་ཚུལ་གྱི་སྒོ་གསུམ་པོ་འདི་ནང་ཆོས་ཀྱི་ལྟ་གྲུབ་དར་བའི་འགོ་སྟོད་ནས་གསལ་པོ་ཡོད་ཀྱང༌། ལྟ་གྲུབ་ཀྱི་ལམ་སྲོལ་དང་འགྲོ་ལུགས་ལྟ་བུར་ཐོག་མར་བཟོ་མཁན་ནི་དུས་རབས་བཅུ་པའི་རྒྱ་གར་གྱི་ཚད་མ་པ་སློབ་དཔོན་ཕྱོགས་གླང་དང༌། དུས་རབས་བདུན་པའི་ནང་གི་སློབ་དཔོན་ཆོས་གྲགས་གཉིས་ཡིན།
               དཔེ་མཚོན་མཐའ་མ་གཞལ་བྱའི་གནས་གསུམ་པ་ཤིན་ལྐོགདེའི་ནང་ནང་ཆོས་དང་ཚན་རིག་སོ་སོར་གྱེས་ཀྱི་ཡོད་པ་གསལ་པོ་རེད། དེ་ཡང་ཚན་རིག་ནི་རང་གི་ངོ་བོའི་ཆ་ནས་གཞུང་གི་ལུང་ཇི་འདྲ་ཞིག་ཀྱང་ཚད་མར་ཁས་ལེན་གྱི་མེད། འོན་ཀྱང་སྡེ་ཚན་དང་པོ་གཉིས་ནང་གི་ཉམས་མྱོང་དང་རྒྱུ་མཚན་བེད་སྤྱོད་བྱ་བའི་ཐད་དཔྱད་ཞིབ་བྱ་བའི་སྲོལ་རྒྱུན་འདི་གཉིས་བར་གྱི་ཐབས་ལམ་ལ་མཚུངས་ཆོས་མང་པོ་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ཡིན་པར་བཤད་པ་མང་པོ་ཞིག་བདེན་མིན་ཐད་ང་ཚོའི་ཉིན་རེ་ཉིན་རེའི་མི་ཚེའི་ནང་ཐབས་ལམ་གསུམ་པ་དེ་རང་ཤུགས་ཀྱིས་ཡང་ཡང་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། ང་ཚོ་སྐྱེས་པའི་ཉིན་གྱི་ཚེས་གྲངས་དེ་ང་ཚོའི་ཕ་མའམ་ཉེ་དུའི་ངག་ནས་ཐོས་པ་དང་སྐྱེ་ཚེས་ལོ་གྲངས་འཁོད་པའི་ཡིག་ཆ་སོགས་ལ་ཡིད་ཆེས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད། ཚན་རིག་ནང་ལ་ཆ་བཞག་ནའང་ཉམས་ཞིབ་པ་གཞན་གྱིས་པར་སྐྲུན་བྱས་འབྲས་རང་ཉིད་ཀྱི་མཉམ་རོགས་ཚན་རིག་པ་གཞན་གྱིས་བསྐྱར་ཞིབ་བྱས་ཏེ་དུས་དེབ་ནང་བྲིས་པ་རྣམས་ཁས་ལེན་གྱི་ཡོད།
               དངོས་ཁམས་སྨྲ་བའི་ཁྱད་དུ་འཕགས་པའི་མཁས་པ་ཌེ་ཝིཌ། སྦོམ་དང་མཇལ་ནས་ངའི་ཚན་རིག་བགྲོ་གླེང་དེ་ཐེ་ཚོམ་མེད་པར་ཟབ་ཏུ་ཕྱིན་སོང༌། ཁོང་ལྟ་བུ་བློ་གྲོས་ཀྱི་དཀྱེལ་ཆེ་ཞིང་ཐུགས་དགོངས་ཡངས་པོ་དེ་འདྲར་མཇལ་བ་ཐེངས་དང་པོ་ཡིན། ༡༩༧༩ལོར་ཡོ་རོབ་ཏུ་ངོས་ཐེངས་གཉིས་པར་བསྐྱོད་སྐབས་དབྱིན་ཡུལ་ནས་ཁོང་ལ་ཐོག་མར་མཇལ་ཞིང་ལམ་སེང་ཕན་ཚུན་སྙིང་ཉེ་བོ་དང་ངོ་ཤེས་རྙིང་པ་འཕྲད་པ་ལྟ་བུ་བྱུང༌། ཕྱིས་སུ་ཤེས་རྟོགས་བྱུང་པར་ཁོང་ཡང་ང་ལྟར་སྐྱབས་བཅོལ་བ་ཞིག་ཡིན་འདུག དེ་ཡང་མེཀ་ཀར་ཐིའི་ལོ་རབས་(McCarthy era)ཀྱི་མནར་གཅོད་སྐབས་ཨ་རི་ནས་བཙན་ཤེད་ཀྱིས་ཕྱིར་ཕུད་བྱས་འདུག ངེད་གཉིས་དེ་ནས་བཟུང་ཚེ་གང་གི་གྲོགས་པོ་དང་ཕན་ཚུན་ཤེས་ཡོན་བློ་བསྐྱེད་ལེན་རྒྱུའི་ཐབས་འཚོལ་གྱི་འགོ་འཛུགས་བྱས། ཌེ་ཝིཌ་སྦོམ་གྱིས་ངོས་ནས་ཚན་རིག་གི་བསམ་བློའི་གནད་དོན་ཕྲ་ཞིང་ཕྲ་བ་རྣམས་དང་ལྷག་པར་དངོས་ཁམས་རིག་པའི་ནང་དོན་རྣམས་ཤེས་རྟོགས་ཐུབ་པར་ལམ་སྟོན་གནང་ཞིང་ཚན་རིག་གི་འཇིག་རྟེན་ལྟ་ཚུལ་ལེགས་ཤོས་དེར་རྒྱུས་མངའ་ལོན་པ་གནང་བྱུང༌། དངོས་ཁམས་སྨྲ་བའི་མཁས་པ་སྦོམ་(David Bohm)དང༌། ཝོན་ཝེ་ཛེཀ་ཀར་ལྟ་བུ་དང་མཉམ་དུ་གོ་བསྡུར་ཞིབ་ཚགས་དང༌། གཟབ་ནན་གྱིས་ཉན་སྐབས་དགག་གཞག་གི་ཞིབ་ཕྲའི་གནད་དོན་རྣམས་ཤེས་སོང་སྙམ་གྱི་ཡོད་མོད། ཕངས་པ་ཞིག་ལ་ཐུན་གྲོལ་རྗེས་ངའི་ཀླད་པར་མཚམས་རེ་ཞེ་དྲག་རང་ལྷག་གི་མེད།  ལོ་ངོ་བཅུ་ཕྲག་གཉིས་རིང་སྦོམ་དང་གོ་བསྡུར་ཡུན་རིང་བྱས་པ་དེས། ནང་ཆོས་ཀྱི་དཔྱད་ཞིབ་བྱེད་ཚུལ་དེ་དག་དེང་དུས་ཀྱི་ཚན་རིག་གི་ཞིབ་འཇུག་བྱེད་ཚུལ་དང་འབྲེལ་བ་ཅི་ཡོད་ཐད་ངའི་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཐེབས་སོང༌།
               སྦོམ་རང་ཉིད་བྱང་ཆུབ་སའི་སློབ་ཚན་འབྲེལ་ཡོད་ཕྱི་གཟུགས་ཅན་གྱི་འཛམ་གླིང་གི་དངོས་པོ་ཙམ་མ་ཡིན་པར་ནང་བསམ་བློ་ཐེ་བའི་ཡུལ་ཅན་གྱི་རྣམ་གཞག་སོགས་མིའི་ཉམས་མྱོང་གི་ཁྱབ་ཁོངས་མཐའ་དག་ལ་ཧ་ལས་པའི་གུ་ཡངས་ཀྱི་དགོངས་ཚུལ་དེར་ངོས་ཀྱིས་བསྔགས་བརྗོད་ལྷག་པར་བྱེད་ཀྱི་ཡོད། ཁོང་དང་བཀའ་མོལ་ཞུ་སྐབས་ཡུལ་གྱི་དངོས་པོ་ལ་དཔྱོད་པའི་ཚན་རིག་གི་ལྟ་སྟངས་ཙམ་མ་ཡིན་པར་ཤེས་ཡོན་འཚོལ་བའི་ཐབས་ལམ་གཞན་གྱི་རྟོག་ཞིབ་དང་བློ་སྐྱེད་ངོས་ལེན་བྱེད་རྒྱུར་ཨང་སར་ཡོད་པའི་དངོས་གནས་ཚན་རིག་གི་མཁས་དབང་ཞིག་གི་མདུན་ན་ཡོད་པའི་ཚོར་སྣང་བྱུང༌།  ཁོང་མཚོན་བྱེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ནི་ཚན་རིག་གི་དཔྱད་ཞིབ་དེ་ཡིད་འཕྲོག་པའི་ལྟ་གྲུབ་ཀྱི་ཐབས་ཚུལ་རང་གི་སྒོ་ནས་བསམ་བློའི་བརྟག་དཔྱད་བརྒྱུད་གནང་གི་ཡོད་པ་དེ་རེད། གོ་བདེ་བར་བརྗོད་ན་ལག་ལེན་འདིར་བསམ་བློའི་ཡུལ་ལྗོངས་ཤིག་དང་པོ་བློས་བཟོས་ནས་དེའི་ནང་ནམ་རྒྱུན་བཟློག་ཏུ་མེད་པའི་ཁས་ལེན་བདེན་པ་ཡིན་ཤག་བྱེད་པའི་ཚོད་དཔག་བྱེ་བྲག་པ་དེའི་འབྲས་བུ་ཇི་འདྲ་ཞིག་ཡོང་མིན་བརྟག་པ་བྱེད་ཀྱི་ཡོད། ཨ་ཡེན་སེ་ཏྲེན་གྱིས་ནམ་མཁའ་དང་དུས་ལྟོས་གྲུབ་ཡིན་པར་སྒྲུབ་པ་རྣམས་ཕལ་ཆེ་བ་བསམ་བློའི་བརྟག་ཞིབ་འདི་འདྲའི་སྒོ་ནས་གནང་ཡོད་ཅིང༌། དེ་བརྒྱུད་ནས་ཁོང་གི་དུས་ཚོད་ལ་གྲགས་པའི་གཟུགས་ཅན་གྱི་གོ་རྟོགས་ལ་དཔྱད་ཞིབ་བྱས། དཔེ་མཚོན་གྲགས་ཆེ་ཤོས་ནི་ཡིད་ཆེས་པར་དཀའ་བའི་མཚེ་མ་ཞེས་པ་དེ་ཡིན། དེར་སྤུན་མཆེད་གཅིག་འཛམ་གླིང་འདིར་བསྡད། གཞན་དེ་མཁའ་སྤྱོད་གྲུ་གཟིངས་ནང་ཞུགས་ཏེ་འོད་ཀྱི་མྱུར་ཚད་དང་མཉམ་པའི་ཐོག་ནས་མཁའ་དབྱིངས་སུ་ཕྱིན། གྲུ་གཟིངས་དེའི་ནང་ཡོད་པའི་སྤུན་མཆེད་དེ་ལྟར་ན་དུས་ཚོད་དེ་ལྷོད་དུ་འགྲོ་དགོས། གལ་སྲིད་ཁོ་རང་ལོ་བཅུའི་རྗེས་སུ་ཕྱིར་ལོག་བྱས་ན་འཛམ་གླིང་ནང་བསྡད་པའི་སྤུན་མཆེད་དེ་ཁོ་རང་དང་མི་འདྲ་བར་ཤུགས་ཆེར་རྒས་ཡོད་པ་དེ་མཐོང་ཐུབ། འདིའི་གནད་དོན་ཆ་ཚང་བ་ཞིག་རྟོགས་པར་རྩིས་ཀྱི་ཆ་སྙོམས་རྙོག་འཛིངས་ཅན་གྱི་འགྲོ་སྟངས་ཤེས་དགོས་ཀྱང་དེ་ནི་ངའི་ཤེས་ཚད་ལས་འདས་པ་ཞིག་རེད།
               ངོས་ཚན་རིག་དང་འབྲེལ་གཏུགས་སྐབས་དཔྱད་པ་བྱེད་ཚུལ་འདི་ནང་པའི་ལྟ་གྲུབ་ཀྱི་བསམ་བློ་གཏོང་སྟངས་དང་འདྲ་བས་དེར་རྟག་ཏུ་དགའ་པོ་ཡོད། ང་ཚོ་ཕན་ཚུན་མ་འཕྲད་གོང་སྦོམ་རྒྱ་གར་གྱི་བསམ་བློའི་རྟོག་དཔྱོད་པ་ཇེ་དུ་ཀྲི་ཤི་ན་མུར་ཏི་(Jiddu Krishnamurti)དང་ལྷན་དུ་དུས་ཡུན་རིང་པོ་བསྐྱལ་འདུག་པ་མ་ཟད་ཁོང་དང་ལྷན་དུ་བགྲོ་གླེང་ཡང་འགའ་ཤས་གནང་འདུག དུས་སྐབས་མང་པོའི་རིང་སྦོམ་དང་ངེད་གཉིས་ཚན་རིག་པའི་ཡུལ་དངོས་པོའི་ལྟ་སྟངས་ཀྱི་དཔྱད་ཚུལ་དེ་སྒོམ་སྒྲུབ་ཀྱི་ཉམས་ལེན་ལ་ཇི་ལྟར་འབྲེལ་མིན་ལ་རྩད་ཞིབ་བྱས་ཤིང༌། དེ་ནི་ནང་ཆོས་ཀྱི་ངོས་ནས་བལྟས་ན་ཉམས་མྱོང་བརྒྱུད་འགྲོ་དགོས་པ་གཅིག་མཚུངས་རེད།
               སྤྱིར་ཉམས་མྱོང་དང་རྒྱུ་མཚན་གལ་ནན་བྱེད་པ་གཞི་རྩའི་ཆ་ནས་ཚན་རིག་དང་ནང་ཆོས་གཉིས་གཅིག་པ་ཡིན་རུང་ཉམས་མྱོང་ཞེས་པ་ཇི་འདྲ་ཞིག་ཡིན་མིན་དང༌། ལུགས་གཉིས་ཀྱིས་རྒྱུ་མཚན་གྱི་རྣམ་པ་ཇི་འདྲ་ཞིག་འགོད་མིན་བཅས་ལ་མི་འདྲ་བ་ཆེན་པོ་ཡོད། སངས་རྒྱས་ཆོས་ལུགས་ཀྱིས་ཉམས་མྱོང་སྐོར་བརྗོད་སྐབས་སྒོམ་སྒྲུབ་དང་དེ་བཞིན་དུ་དབང་ཤེས་ཀྱིས་ཁུངས་སྐྱེལ་བྱས་པ་ལས་བྱུང་བའི་གོ་བ་རྒྱ་ཆེན་པོ་ཞིག་ཡོད། འདས་པའི་ལོ་ཉིས་བརྒྱའི་ནང་འཕྲུལ་ལས་གོང་འཕེལ་ཕྱིན་པ་ལ་བརྟེན་ནས་ཚན་རིག་གིས་དབང་པོའི་ནུས་ཚད་ཤུགས་ཅི་ཙམ་ཆེ་རུ་བཏང་མིན་ནི་གནའ་དུས་ཀྱི་སྐབས་སུ་མནོ་བསམ་བྱེད་དཀའ་བ་ཞིག་རེད། དེས་ན་ཚན་རིག་པ་ཚོས་ཤུགས་ཚད་ཆེ་བའི་ཡོ་བྱད་ཆེ་ཤེལ་དང་རྒྱང་ཤེལ་གྱི་ཐབས་ལམ་བརྒྱུད་ཆེས་ཕྲ་བའི་དངོས་པོ་དཔེར་ན། གསེལ་(cell)དང་རྡུལ་ཕྲན་གྱི་རྙོག་འཛིང་ཆེ་བའི་བཟོ་བཀོད་དང༌། དེ་བཞིན་དུ་འཇིག་རྟེན་ཡོངས་རྫོགས་ཀྱི་རྒྱ་ཆེ་བའི་བཟོ་བཀོད་རྣམས་མིག་གིས་རྗེན་ཆར་མཐོང་ཐུབ། དབང་པོའི་སྤྱོད་ཡུལ་དེ་ལྟར་རྒྱ་སྐྱེད་བྱས་པ་གཞིར་བཞག་ཐོག་ཚན་རིག་གིས་རྗེས་དཔག་གི་ཁྱབ་ཚད་ད་བར་འགྲོ་བ་མིའི་བློ་གྲོས་ཀྱིས་སླེབས་མ་ཐུབ་པའི་སར་བསྐྱལ་བ་རེད། ད་ཆ་ལྦུ་བའི་ཁང་ཁྱིམ་ནང་ལྷག་པའི་ཤུལ་རྟགས་ལས་རྡུལ་ཕྲན་གྱི་ནང་གི་ཆ་ཤས་གྲུབ་ཆར་ཕྲ་ཞིང་ཕྲ་བ་དཔེར་ན། ནིའུ་ཏྲོན་ནང་གི་རྩ་རྫས་ཀོརྐ་དང་གི་ལུཨོན་(Quarks and Gluons)ལྟ་བུ་ཡང་ཚོད་དཔགས་བྱེད་ཐུབ་ཀྱི་ཡོད།  ངོས་ཕྲུ་གུའི་སྐབས་སུ་སྐུ་གོང་མའི་སྐུ་ཆས་རྒྱང་ཤེལ་དེ་ཚོད་ལྟ་བྱེད་སྐབས་དངོས་སུ་ཉམས་མྱོང་གི་དཔྱད་ཞིབ་གཞིར་བཞག་གི་རྗེས་དཔག་དེ་ཤུགས་ཚད་ཇི་འདྲ་ཞིག་ཡོད་མིན་གསལ་པོ་མྱོང་ཚོར་བྱུང༌། བོད་པའི་གཏམ་རྒྱུད་ནང་ཟླ་བའི་སྒང་རི་བོང་ཡོད་པར་ང་ཚོས་བཤད་ཀྱི་ཡོད། ངའི་བསམ་པར་ཡུ་རོབ་པ་ཚོས་རི་བོང་ཚབ་ཏུ་མི་ཞིག་མཐོང་གི་ཡོད། གང་ལྟར་རུང་སྟོན་ཁ་ཚེས་པ་བཅོ་ལྔའི་མཚན་མོར་ཟླ་བ་དེ་དམིགས་བསལ་གྱིས་གསལ་པོ་ཡོད་སྐབས་ངས་རྒྱང་ཤེལ་བེད་སྤྱོད་ཀྱིས་རི་བོང་ལ་བརྟག་དཔྱད་བྱེད་རྒྱུར་ཐག་བཅད་པ་ཡིན། ཧ་ལས་དགོས་པ་ཞིག་ལ་ངས་གྲིབ་མ་ལྟ་བུ་ཞིག་མཐོང་བྱུང༌། དེར་སྤྲོ་སྣང་ཤུགས་ཆེ་བྱུང་སྟེ་ངས་ཡོངས་འཛིན་རྣམ་པ་གཉིས་གདན་འདྲེན་ཞུས་ནས་རྒྱང་ཤེལ་བརྒྱུད་གཟིགས་བཅུག་པ་དང༌། ཟླ་བའི་ནང་གྲིབ་མ་ཡོད་པ་འདི་ཟླ་འོད་དེ་ཉི་འོད་ལས་བྱུང་བ་ཞིག་ཡིན་པའི་ཁུངས་སྐྱེལ་རེད་ཅེས་སྒྲུབ་ཐབས་བྱས། ཁོང་རྣམ་གཉིས་ཕྲན་བུའི་དབུ་འཁོར་ཏེ་དགོངས་པ་བཞེས་གནང༌། འོན་ཀྱང་ཟླ་བའི་སྟེང་དུ་གྲིབ་མ་ཡོད་པ་མཐོང་བ་ནི་ཐེ་ཚོམ་མེད་པར་ཞལ་མཐུན་གནང་སོང༌། ཕྱིས་སུ་དུས་དེབ་ཞིག་ནང་ཟླ་བའི་སྟེང་གི་གས་ཁའི་འདྲ་དཔར་མཐོང་བྱུང་བ་དེ་ཡང་ནུས་པ་འདྲ་མཚུངས་སུ་འདུག་སྟེ། གས་ཁ་དེའི་ནང་ཕྱོགས་གཅིག་ལ་གྲིབ་མ་འདུག་ལ་ཕྱོགས་གཞན་དེར་མི་འདུག   དེ་ལས་སའི་གོ་ལ་འདིའི་སྟེང་ལ་ཡོད་པ་བཞིན་དེར་ཡང་གྲིབ་མ་དེ་འཕངས་མཁན་གྱི་འོད་ཀྱི་འབྱུང་ཁུངས་ཤིག་ངེས་པར་དགོས་པ་དེ་ཚོད་དཔག་བྱེད་ཐུབ་བྱུང༌། དེས་ན་ཟླ་བ་དང་གས་ཁ་གཉིས་ཀར་གྲིབ་མ་ཡོང་བའི་རྒྱུ་རྐྱེན་དེའི་འོད་སྣང་གི་འབྱུང་ཁུངས་ནི་ཉི་མ་དེ་ངེས་པར་ཡིན་དགོས་པར་ཐག་གཅོད་བྱས་པ་ཡིན། ཕྱིས་སུ་གནས་ཚུལ་དེ་ད་ག་རང་ཡིན་པར་ཤེས་སྐབས་དགའ་སྤྲོ་ཆེན་པོ་བྱུང༌།
               ཞིབ་ཚགས་བྱས་ན་རྒྱུ་མཚན་འགོད་ཚུལ་འདི་ནང་ཆོས་དང་ཚན་རིག་གང་གིའང་ཐུན་མིན་གྱི་ཁྱད་ཆོས་གང་ཡང་མིན་ཞིང༌། དེ་ནི་མིའི་གཞི་རྩའི་བསམ་བློའི་འགྲོ་སྟངས་ང་ཚོའི་དུས་རྒྱུན་གྱི་རང་བཞིན་ལྷན་སྐྱེས་སུ་ཡོང་གི་ཡོད་པ་དེ་བསྟན་པ་ཡིན། མཚན་ཉིད་རིག་པའི་རྩ་དོན་གྱི་ངོ་བོར་རྗེས་དཔག་བྱ་ཚུལ་ལུགས་མཐུན་ལྟར་གྲ་གཞོན་སློབ་གཉེར་བ་ཞིག་ལ་ངོ་སྤྲོད་བྱ་སྐབས་ཐག་རིང་ལ་ཡོད་པའི་དུ་བ་འཕྱུར་བ་མཐོང་ནས་མེ་ཡོད་པར་དཔོག་ཚུལ་མཛུབ་སྟོན་བྱེད་ཀྱི་ཡོད་པ་དང༌། བོད་ནང་ལ་མཚོན་ན་མེ་ཡོད་པ་ལས་དེར་མི་གནས་སྡོད་བྱེད་ཀྱི་ཡོད་པ་དཔོག་ཐུབ་པ་དང༌། ཉིན་གང་རྐང་བགྲོད་བྱས་སྟེ་ཁ་སྐོམ་ཞིང་ཇ་དཀར་ཡོལ་གང་འཐུང་རྒྱུར་སྒུག་ནས་ཡོད་པའི་འགྲུལ་བ་ཞིག་གི་གནས་སྟངས་ལམ་སང་ང་ཚོའི་བློ་ལ་འཆར་ཐུབ་པ་ཡོངས་གྲགས་ཡིན། ཁོས་དུ་བ་མཐོང་ནས་མེ་ཡོད་པ་དང་ཁོ་རང་ཞག་གཅིག་རིང་སྡོད་སའི་གནས་ཚང་ཡོད་པ་དཔོག་ཐུབ། དཔོག་ཚུལ་འདི་གཞི་ལ་བཞག་ནས་འགྲུལ་བ་དེ་ཁོ་རང་གི་འདོད་པ་ལྟར་ཇ་འཐུང་རྒྱུ་བྱུང་བ་རེད། དབང་པོར་དངོས་སུ་སྣང་བའི་ཆོས་ཞིག་མཐོང་བ་ལ་བརྟེན་ནས་ཆོས་ཇི་འདྲ་ཞིག་སྦས་ནས་ཡོད་པ་དེ་དཔོག་ཐུབ། རྒྱུ་མཚན་བེད་སྤྱོད་བྱ་ཚུལ་འདི་ནང་ཆོས་དང་ཚན་རིག་གཉིས་ཀའི་ཐུན་མོང་ཡིན། ༡༩༧༣ལོར་ངོས་ཡོ་རོབ་དུ་ཐོག་མར་འགྲོ་སྐབས་དུས་རབས་ཉི་ཤུ་པའི་བློ་གྲོས་ཅན་གཞན་ཞིག་ལ་ཡང་མཇལ་རྒྱུའི་གོ་སྐབས་བྱུང༌། ཁོང་ནི་ལྟ་གྲུབ་སྨྲ་བ་སར་ཀརལ་པོཔ་པར་(Sir Karl Popper)རེད། ངོས་ལྟར་པོཔ་པར་ཡང་རང་ཡུལ་ཝེ་ཡ་ན་ནས་ན་ཛི་དབང་བསྒྱུར་སྐབས་སྐྱབས་བཅོལ་དུ་ཡོང་བ་ཞིག་དང༌། སྒེར་དབང་རིང་ལུགས་ལ་ཁ་གསལ་དང་འཛེམས་ཟོན་མེད་པར་སྐྱོན་བརྗོད་བྱེད་ཐུབ་མཁན་ཞིག་ཆགས་འདུག་པས་ངེད་གཉིས་བར་མཐུན་ཆོས་མང་པོ་ཞིག་ཡོད། ང་ཁོང་དང་མཇལ་སྐབས་ཁོང་དགུང་ལོ་བདུན་ཅུ་བརྒལ་ཟིན་པའི་བགྲེས་སོང་སྤྱན་གསལ་པོ་དང་རྣམ་དཔྱོད་ཤིན་ཏུ་རྣོན་པོ་ཡོད་པ་ཞིག་འདུག སྒེར་གཅོད་རིང་ལུགས་ཀྱི་རྒྱལ་སྲིད་སྐོར་གོ་བསྡུར་གནང་སྐབས་ཁོང་གི་ཚོར་བའི་རྣོ་ངར་སྟོན་ཚུལ་ལས་ཁོང་དགུང་ལོ་གཞོན་དུས་ནུས་སྟོབས་ཅན་ཇི་འདྲ་ཞིག་མེད་དམ་སྙམ་པ་བྱུང༌། མཇལ་འཕྲད་དེའི་སྐབས་པོཔ་པར་ཁོང་དམར་པོའི་རིང་ལུགས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ། གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་ཆབ་སྲིད་ལམ་སྲོལ་གྱི་ཉེན་ཁ། སྐྱེ་བོ་སོ་སོའི་རང་དབང་སྲུང་སྐྱོབ་བྱེད་པར་དཀའ་ངལ་གདོང་ལེན་ཇི་ལྟར་བྱ་དགོས་པ། གུ་ཡངས་ཀྱི་སྤྱི་ཚོགས་ཞིག་གནས་ཐབས་དགོས་པ་བཅས་ལ་བློ་འཚབ་ཆེན་པོ་གནང་བ་མ་གཏོགས་ཚན་རིག་དང་ནང་ཆོས་ཀྱི་འབྲེལ་བའི་སྐོར་གྱི་འཚོལ་ཞིབ་ལ་དེ་ཙམ་གྱི་ཐུགས་སྣང་གནང་གི་མི་འདུག་ཀྱང་ཚན་རིག་གི་ཐབས་ལམ་དཀའ་རྙོག་ཐད་གོ་བསྡུར་བྱས་པ་ཡིན། དེ་དུས་ངའི་དབྱིན་སྐད་ཀྱང་ད་ལྟ་ལྟ་བུ་ཡང་མེད་ལ་ངའི་སྐད་སྒྱུར་རྣམས་ཀྱང་དེ་ཙམ་གྱི་སྐད་ལ་བྱང་བོ་མེད། དངོས་མྱོང་གི་ཚན་རིག་དང་མི་འདྲ་བར་ལྟ་གྲུབ་དང་ཐབས་ལམ་ནི་གོ་བསྡུར་བྱ་རྒྱུར་ཆེས་དཀའ་ཚེགས་ཆེ། དེར་བརྟེན་པོཔ་པར་དང་མཇལ་བའི་གོ་སྐབས་དེ་ཌེ་ཝིཌ་སྦོམ་དང་ཀརལ་ཝོན་ཝེ་ཛེཀ་ཀར་སོགས་མཁས་དབང་གཞན་དང་མཇལ་བ་དང་བསྡུར་ན་ཕལ་ཆེར་ཕན་ཐོགས་ཆུང་བ་བྱུང་བ་འདྲ། འོན་ཀྱང་ངེད་གཉིས་ཀྱི་གྲོགས་པོའི་འབྲེལ་བ་མུ་མཐུད་གནས་ཏེ་ངོས་དབྱིན་ཡུལ་དུ་ནམ་སླེབས་ལ་ཁོང་མཇལ་གྱི་ཡོད་ཅིང༌། དེ་དག་ལས་༡༨༩༧ ལོར་སརེའི་(Surrey)གྲོང་ཁྱེར་ནང་གི་ས་གནས་ཀེན་ལེར་(Kenley)ཡོད་པའི་ཁོང་གི་གཟིམ་ཁང་ལ་གསོལ་ཇར་ཕྱིན་པ་ནི་བརྗེད་དུ་མེད་པ་ཞིག་རེད། ངོས་མེ་ཏོག་དང་སྐྱེད་ཚལ་ལྡུམ་རར་ལས་ཀ་བྱེད་རྒྱུར་དམིགས་གསལ་དགའ་པོ་ཡོད་ཅིང་ལྷག་པར་དུ་ཨོར་ཀིཌ་(orchid)ལ་དགའ་མོས་ཆེ་བས་སར་ཀརལ་པོཔ་པར་ནས་རང་ཉིད་ཀྱི་ཡིད་དུ་འོང་བའི་ལྡུམ་ར་དང་ལྗང་ཁང་སོགས་སུ་དགའ་སྤོབས་ཆེན་པོའི་ངང་ཁྲིད་གནང་བྱུང༌། དེ་དུས་ཚན་རིག་གི་ལྟ་གྲུབ་སྤྱི་དང་ལྷག་པར་དུ་ཚན་རིག་གི་ཐབས་ལམ་ནང་པོཔ་པར་གྱི་ནུས་ཤུགས་ཅི་ཙམ་ཡོད་མིན་ཤེས་རྟོགས་བྱུང༌། པོཔ་པར་གྱི་ཞལ་འདེབས་གཙོ་བོ་གཅིག་ནི་ཚན་རིག་གི་ཚོད་དཔག་ལྟ་གྲུབ་ཞིག་གསལ་བཤད་བྱེད་པ་དང་ཁུངས་སྐྱེལ་བྱེད་པར་བྱེ་བྲག་ལས་སྤྱི་དང༌། སྤྱི་ལས་བྱེ་བྲག་སྒྲུབ་པའི་རིག་པའི་ལྟོས་གྲུབ་ཀྱི་གོ་བབ་ཇི་འདྲ་ཞིག་ཡོད་མིན་གསལ་པོར་བཟོས་པ་དེ་ཡིན། བྱེ་བྲག་ལས་སྤྱི་སྒྲུབ་པ་ནི་དངོས་སུ་མྱོང་བའི་དཔེ་མཚོན་རིམ་པ་བརྒྱུད་སྤྱི་བསྡོམས་བྱེད་པ་ལ་ཟེར་ཞིང༌། ང་ཚོའི་ནམ་རྒྱུན་ཉིན་རེའི་འཚོ་བའི་ནང་ཤེས་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ནི་བྱེ་བྲག་ལས་སྤྱི་སྒྲུབ་ཀྱི་ཡོད། དཔེར་ན། དུ་བ་དང་མེའི་འབྲེལ་བ་ཡང་ཡང་མཐོང་བ་གཞི་ལ་བཞག་ནས་དུ་བ་གང་དུ་ཡོད་པའི་ས་ཕྱོགས་དེར་མེ་ཡོད་པའི་སྤྱི་སྡོམས་དེ་རྒྱག་གི་ཡོད། སྤྱི་ལས་བྱེ་བྲག་སྒྲུབ་པ་ནི་དེའི་ལྡོག་ཕྱོགས་ཏེ་བདེན་པ་སྤྱིའི་གནས་ཚུལ་ཤེས་པ་ལས་དྲངས་ཏེ་བྱེ་བྲག་གི་ཤེས་མཐོང་དེ་སྒྲུབ་ཀྱི་ཡོད། དཔེར་ན། ༡༩༩༥ ལོའི་རྗེས་ལ་ཡོ་རོབ་ནང་བཟོས་པའི་མོ་ཏྲ་ཆུང་བ་མཐའ་དག་ཞ་ཉེ་མེད་པའི་རླང་རྫས་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད་ན་དེ་རྗེས་རང་གི་གྲོགས་པོར་ཡོད་པའི་མོ་ཏྲ་ཆུང་བ་གང་རུང་ཞིག ༢༠༠༠ ལོར་བཟོས་པ་ཡིན་པ་གོ་དུས་དེ་ཞ་ཉེ་མེད་པ་ངེས་པར་ཡིན་དགོས་པ་དཔོག་ཐུབ། ཚན་རིག་ནང་རིགས་ལམ་དེ་ཚོ་དང་ལྷག་པར་དུ་རྗེས་དཔག་བྱེད་རྒྱུ་ཆེས་ཤིན་ཏུ་རྙོག་འཛིངས་ཆེ་བ་ཞིག་ཡིན་ཅིང༌། དེ་རྩིས་ཀྱི་འགྲོ་ཚུལ་མཐོན་པོར་འབྲེལ་ནས་ཡོད། རྒྱུ་མཚན་བེད་སྤྱོད་གཏོང་སྐབས་ཚན་རིག་དང་ནང་ཆོས་གཉིས་མི་འདྲ་ས་གཅིག་ནི་རྗེས་དཔག་བེད་སྤྱོད་བྱེད་ཚུལ་དེ་ཡིན། རྒྱུ་ཚན་བེད་སྤྱོད་གཏོང་སྐབས་ཚན་རིག་ནང་ཆོས་དང་མི་འདྲ་བའི་ཁྱད་པར་དེ་ཆེས་ཚད་མཐོར་སོན་ཅིང་ཟབ་ལ་རྙོག་པའི་རྩིས་རིག་རྒྱུ་མཚན་བེད་སྤྱོད་བྱེད་པ་དེ་ཡིན། ནང་ཆོས་ནི་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་གཞན་རྣམས་ལྟར་ལོ་རྒྱུས་རིང་པོར་རྒྱུ་མཚན་བེད་སྤྱོད་གསལ་པོར་བཏང་ཡོད་པ་མ་ཟད། རྒྱུ་མཚན་དེ་ཐད་ཀ་ཐད་ཀའི་བརྗོད་དོན་བྱེ་བྲག་པ་དང་འབྲེལ་མེད་ནམ་ཡང་ཆགས་མེད། དེ་དང་ལྡོག་སྟེ་ཚན་རིག་གི་རྩིས་ཀྱི་རྒྱུ་མཚན་གྱིས་ཕྱོགས་བསྡུའི་རིམ་པ་རྒྱ་ཆེ་ཞིག་བྱ་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་ཅིང༌། དེ་ལ་བརྟེན་ནས་རྩོད་སྒྲུབ་ཞིག་འཐད་དང་མི་འཐད་ནི་ཆ་སྙོམས་ཏག་ཏག་འགྲིགས་མིན་ཁོ་ནའི་སྒོ་ནས་ཐག་གཅོད་ཀྱི་ཡོད། དེ་འདྲ་སོང་ཙང་ཕྱོགས་གཅིག་ནས་བཤད་ན་རྩིས་ཀྱི་སྒོ་ནས་བསྡོམས་ཐུབ་པ་ནི་གནའ་རབས་ཀྱི་རྒྱུ་མཚན་རིག་པའི་འགྲོ་ཚུལ་ལས་ཆེས་ཚད་མཐོ་བའི་རིམ་པ་ཞིག་ཏུ་སླེབས་ཡོད། རྩིས་རིག་གི་གྲུབ་འབྲས་ཧ་ལས་པ་ཞིག་སོན་པ་ལ་བརྟེན་ནས་མི་འགའ་ཤས་ཀྱི་བསམ་པར་རྩིས་ཀྱི་ལམ་ལུགས་དེ་མཐར་ཐུག་དེ་ཡིན་པ་དང༌། རྩིས་ནི་བདེན་དོན་དངོས་ཀྱི་སྐད་ཡིག་ངོ་མ་ཡིན་པ་དང་དེ་རང་བཞིན་ལྷན་སྐྱེས་སུ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པར་ཡ་མཚན་རྒྱུ་གང་ཡང་མེད། ངོས་ནས་ཚན་རིག་དང་ནང་ཆོས་མཐོང་ཚུལ་ལྟར་བྱས་ན་དེ་གཉིས་བར་གྱི་མི་འདྲ་བ་གཅིག་ནི་ཚོད་དཔག་ཚད་གཞི་ཡིད་བརྟན་འཕེར་བ་དེར་ཇི་འདྲ་ཞིག་ཚང་དགོས་མིན་དེ་ཡིན། འདིར་ཡང་པོཔ་པར་ལགས་ནས་ཚན་རིག་རང་གི་དྲི་བ་དེར་ནང་དོན་གང་འདྲ་ཞིག་དགོས་མིན་འགྲེལ་བརྗོད་བྱས་པ་དེར་གོ་རྒྱུ་ཆེན་པོ་ཞིག་ཡོད། འདི་ནི་པོཔ་པར་གྱི་ཁུངས་སྐྱེལ་མ་ཐུབ་པའི་ལྟ་གྲུབ་དེ་ཡིན་ཞིང༌། དེས་ཚན་རིག་གི་ལྟ་གྲུབ་ཇི་འདྲ་ཞིག་ཡིན་རུང་དེར་རང་ཉིད་ཀྱི་ནང་དུ་རང་ཉིད་བདེན་པ་མིན་ན་མིན་པར་སྟོན་ཐུབ་པར་བྱེད་པའི་ཆ་རྐྱེན་ཚང་དགོས་པར་བཤད་ཡོད། དཔེར་ན། དཀོན་མཆོག་གིས་འཇིག་རྟེན་བཀོད་པར་འདོད་པའི་ལྟ་གྲུབ་ལ་མཚོན་ན། དེ་ནམ་ཡང་ཚན་རིག་གི་ལྟ་གྲུབ་ཆགས་མི་ཐུབ་སྟེ། ལྟ་གྲུབ་དེ་བདེན་པ་ཡིན་པའི་ཁུངས་སྐྱེལ་འགྲེལ་བརྗོད་བྱེད་པའི་ཆ་རྐྱེན་མི་ཚང་བས་སོ།། ཚད་གཞི་དེ་ང་ཚོས་དམ་འཛིན་བྱས་ན་འགྲོ་བ་མིའི་འཚོ་གནས་དང་འབྲེལ་བའི་གནད་དོན་མང་པོ་ཞིག་དཔེར་ན། ཀུན་སྤྱོད། མཛེས་རྩལ། ནང་སེམས་ཀྱི་འགྲོ་ལུགས་ལ་སོགས་པ་མང་པོ་ཞིག་ཚན་རིག་གི་ཁྱབ་ཁོངས་ལས་ལོགས་སུ་གནས་ཀྱི་ཡོད། དེ་ལས་ལྡོག་སྟེ་ནང་ཆོས་ཀྱི་འདྲི་རྩད་བྱ་ཡུལ་ནི་ཕྱིའི་ཡུལ་ཙམ་མ་ཡིན་པར་ནང་ཡུལ་ཅན་ཤེས་པའི་ཉམས་མྱོང་གི་འཛམ་གླིང་དང་དེ་བཞིན་དུ་བཟང་སྤྱོད་ཀྱི་གལ་གནད་སོགས་ཚུད་ཀྱི་ཡོད། ཕྱོགས་གཞན་ནས་བཤད་ན་ཚན་རིག་ནི་དངོས་སུ་གང་མྱོང་བ་མ་གཏོགས་དེ་ལས་འདས་པའི་གཟུགས་ཅན་ལས་བརྒལ་བའི་གནས་ཚུལ་དང༌། མིའི་རིན་ཐང་སོགས་ལ་ཐེ་བྱུས་བྱེད་ཀྱི་མེད། འོན་ཀྱང་ནང་ཆོས་ནང་ལ་གནད་དོན་དེ་གསུམ་ཀར་ཞིབ་དཔྱོད་བྱ་རྒྱུ་གལ་ཆེན་པོ་ཡིན།
               པོཔ་པར་གྱི་རྫུན་པར་ཁུངས་སྐྱེལ་ཐུབ་པའི་ལྟ་གྲུབ་དེ་ནི་ང་ཚོ་བོད་རང་གི་ནང་ཆོས་ཀྱི་ལྟ་གྲུབ་ཀྱི་སྲོལ་རྒྱུན་ནང་ཡོད་པའི་དཔྱད་པ་བྱ་ཚུལ་གལ་ཆེ་ཞིག་ཡོད་པ་དེའི་བཤད་ཚུལ་དང་ཆ་འདྲ་ཞིག་མཐོང་གི་འདུག ང་ཚོས་དེར་དགག་བྱ་ཁེགས་ཐུབ་པའི་གནད་ཞེས་བརྗོད་ན་འགྲིགས་སྙམ། གནད་དེས་མ་རྙེད་པ་དང་མེད་པར་རྙེད་པ་གཉིས་བར་གཞི་རྩའི་ཁྱད་པར་ཆེས་ཆེན་པོ་ཞིག་ཡོད་པ་དེ་བཤད་ཀྱི་ཡོད། ངས་ཆོས་གང་ཞིག་བཙལ་ནས་མ་རྙེད་ན་ངའི་བཙལ་བྱའི་ཆོས་དེ་མེད་པ་ཡིན་པར་བསྟན་གྱི་མེད། མ་མཐོང་བ་དང་མེད་པར་མཐོང་བ་གཉིས་གཅིག་པ་མིན། ཆོས་གང་ཞིག་མ་མཐོང་བ་དང་དེ་མེད་པར་མཐོང་བ་གཉིས་མཚུངས་ཆོས་ཞིག་ཡོད་པ་ལ་དཔྱད་པ་བྱ་ཚུལ་དང་བཙལ་བྱའི་ཆོས་གཉིས་ཆ་མཉམ་ཞིག་དགོས། དཔེར་ན། ཁྱེད་ཀྱིས་ཀློག་བཞིན་པའི་ཤོག་ལྷེ་དེའི་ངོས་ལ་སྡིག་པ་ར་ཉག་མ་མཐོང་བ་དེས་ཤོག་ལྷེ་དེའི་སྟེང་དུ་ར་ཉག་མེད་པའི་ཁུངས་སྐྱེལ་ཡང་དག་པ་ཡིན་ཏེ་ཤོག་ལྷེ་དེའི་སྟེང་དུ་ར་ཉག་ཡོད་ན་དེ་མིག་ཤེས་ལ་སྣང་དུ་རུང་བ་ཡིན་པས་སོ། འོན་ཀྱང་ཤོག་ལྷེ་དེ་པར་དུ་བཏབ་སའི་ཤོག་བུའི་ནང་དུ་སྐྱུར་རྫས་ཡོད་པ་མ་མཐོང་བ་དེ་ཤོག་བུ་དེར་སྐྱུར་རྫས་མེད་པར་མཐོང་བ་གཉིས་གཅིག་པ་མ་ཡིན་ཏེ་ཤོག་བུ་དེར་སྐྱུར་རྫས་ཡོད་པར་མཐོང་བར་མིག་དབང་ལས་གཞན་པའི་འཕྲུལ་ཆས་དགོས་སྲིད་པ་རེད། ལྷག་པར་དུ་དུས་རབས་བཅུ་བཞི་པའི་ནང་གི་ལྟ་གྲུབ་མཁས་དབང་རྗེ་ཙོང་ཁ་པ་ཆེན་པོས་རིགས་པས་དགག་པ་དང་རིགས་པས་མ་གྲུབ་པ་གཉིས་ལ་དེ་ལྟ་བུའི་ཁྱད་པར་ཡོད་པ་དང༌། དེ་བཞིན་དུ་རིགས་པས་དཔྱད་མ་བཟོད་པ་དང༌། རིགས་པས་ཁེགས་པ་གཉིས་ལ་ཁྱད་པར་ཡོད་པ་གསུངས་ཡོད།  དཔྱད་པ་བྱེད་ཚུལ་གྱི་ཁྱད་པར་དེ་རྣམས་རྟོགས་དཀའ་བ་ལྟ་བུ་སྣང་ནའང་དེ་དག་ཚན་རིག་གིས་དཔྱད་པ་བྱས་པའི་ཁྱབ་ཚད་རང་ཉིད་ཀྱིས་ཧ་གོ་བར་ཕན་ནུས་ཆེན་པོ་ཡོད། དཔེར་ན། ཚན་རིག་གིས་དཀོན་མཆོག་ཡོད་པ་ཁུངས་མ་སྐྱེལ་བ་དེས་ལྷར་བཅས་པའི་སྲོལ་རྒྱུན་འཛིན་པ་ཚོར་དཀོན་མཆོག་མེད་པར་བསྟན་གྱི་མེད། དེ་བཞིན་དུ་ཚན་རིག་པ་ཚོས་སེམས་ཅན་གྱི་སྐྱེ་བ་སྔ་ཕྱིའི་ཐད་ཐེ་ཚོམ་ལས་བརྒལ་ཏེ་ཁུངས་མ་སྐྱེལ་བ་དེས་སྐྱེ་བ་སྔ་ཕྱི་ཡོད་མི་སྲིད་པ་བསྟན་མི་ཐུབ། ཚན་རིག་ནང་ད་བར་ང་ཚོའི་སའི་གོ་ལ་འདི་ལས་གཟའ་སྐར་གཞན་ནང་སྐྱེ་དངོས་ཡོད་པ་མ་རྙེད་པ་དེས་གཟའ་སྐར་རམ་གླིང་གཞན་ལ་སྐྱེ་དངོས་མེད་པ་ཁུངས་སྐྱེལ་གྱི་མེད།
               དེ་འདྲ་སོང་ཙང༌། ༡༩༨༠ དཀྱིལ་ཙམ་ལ་ངོས་རྒྱ་གར་ནས་ཕྱིར་བསྐྱོད་ལན་མང་བྱས་པར་ཚན་རིག་པ་དང་ཚན་རིག་གི་ལྟ་གྲུབ་སྨྲ་མཁན་མང་པོར་ཐུག་འཕྲད་དང་ཁོང་ཚོ་དང་མཉམ་དུ་མང་ཚོགས་ཀྱི་དབུས་དང༌། གཅིག་བུའི་གོ་སྐབས་བཅས་བརྒྱུད་ནས་བགྲོ་གླེང་འདྲ་མིན་མང་པོར་མཉམ་ཞུགས་བྱ་རྒྱུ་བྱུང་ཞིང༌། དེ་ཚོ་རིགས་མང་པོ་ཞིག་དང་ལྷག་པར་དུ་འགོ་སྟོད་སྐབས་གྲུབ་འབྲས་ཆེན་པོ་རང་མ་བྱུང༌། ཐེངས་གཅིག་མོ་སོ་ཀོར་གྲང་དམག་གི་མཐོ་ཚད་ལ་ཡོད་པའི་སྐབས་ཚན་རིག་པ་འགའ་དང་མཉམ་དུ་ཐུག་འཕྲད་བྱུང༌། དེ་སྐབས་ངོས་ནས་རྣམ་ཤེས་སྐོར་སྐད་ཆ་བཤད་སྐབས་དེ་མ་ཐག་ཁོང་ཚོས་ངོས་ནས་ཆོས་ཕྱོགས་བསམ་ཚུལ་ལྟར་གྱི་བདག་རྟག་པ་ཞིག་སྒྲུབ་ཀྱི་ཡོད་ཤག་གིས་ལམ་སེང་དགག་པ་རྒྱབ་བྱུང༌།  ཨོ་སེ་ཏྲི་རི་ལི་ཡར་ཚན་རིག་པ་ཞིག་གིས་ཁོ་རང་གི་གཏམ་བཤད་ཀྱི་འགོ་དེ་ག་རང་དུ་གལ་ཏེ་ཆོས་ཕྱོགས་ནས་ཚན་རིག་པར་དགག་པ་ཞིག་བྱུང་བ་ཡིན་ན་ཁོ་རང་དེའི་གདོང་ལེན་ཆེད་དུ་བསྡད་ཡོད་ཅེས་གང་འཚམས་ཀྱི་མ་དགའ་བའི་སྐད་ཆ་བཤད་སོང༌། དེ་ལྟ་ནའང༌། ༡༩༨༧ ལོ་དེར་ངོས་ནས་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་བྱ་རྒྱུའི་དུས་རིམ་གལ་ཆེན་ཞིག་ཏུ་སླེབས་སོང༌། དེ་ནི་ངོས་ཀྱི་སྡོད་གནས་དྷ་རམ་ས་ལར་སེམས་དང་ཚེ་སྲོག་གི་ཚོགས་འདུ་དང་པོ་ཚུགས་པའི་ལོ་དེ་ཡིན།

ཚོགས་འདུ་དེ་ཧཕ་རན་སིར་སློབ་འཁྲིད་གནང་མཁན་ཅི་ལིའི་ཀླད་རྩའི་ཚན་རིག་པ་སྐུ་ཞབས་ཕི་རན་སིས་ཀོ། ཝེ་རི་ལ་དང་ཨ་རིའི་ཚོང་ལས་པ་ཨེ་དྲམ་ཨེན་གེལ་གཉིས་ནས་གོ་སྒྲིགས་གནང་ཞིང༌། ཝེ་རི་ལ་དང་ཨེ་དྲམ་གཉིས་ངའི་སར་འཆར་གཞི་ཞིག་ཁྱེར་ནས་འབྱོར་རྗེས་བརྗོད་དོན། བགྲོ་གླེང་གི་བརྗོད་གཞི་འདིར་ཞེན་པ་ཟབ་པའི་སྡེ་ཚན་འདྲ་མིན་གྱི་་ཚན་རིག་པ་འགའ་མཉམ་དུ་བསྡུས་ཏེ་དེ་དག་དང་ལྷན་དུ་བདུན་ཕྲག་གཅིག་རིང་སྒེར་ནང་ཚགས་ཀྱི་བགྲོ་གླེང་མཐའ་མཚམས་མེད་པ་ཞིག་ཚུགས་ཐུབ་ན་གསུངས་བྱུང་བར་ངས་ལམ་སང་དེར་མཆོང་རྒྱག་འཕག་འཚག་ཅིག་བརྒྱབ་པ་ཡིན། དེ་ནི་ཚན་རིག་སྐོར་མང་ཙམ་ཤེས་ཐུབ་རྒྱུ་དང༌། ཚན་རིག་གི་བསམ་བློའི་ནང་ཉེ་དུས་ཀྱི་ཞིབ་འཇུག་དང་ཡར་རྒྱས་གསར་པ་ག་རེ་བྱུང་ཡོད་མིན་ཤེས་རྒྱུའི་གོ་སྐབས་ཁྱད་དུ་འཕགས་པ་ཞིག་རེད། ཚོགས་འདུ་དང་པོ་དེར་མཉམ་ཞུགས་གནང་མི་ཚང་མར་སྤྲོ་ཤུགས་ཆེན་པོ་ཡོད་པར་བརྟེན་ད་བར་ལོ་གཉིས་གཉིས་ཀྱི་མཚམས་སུ་བདུན་གཅིག་རིང་མུ་མཐུད་དེ་རྒྱུན་མཐུད་ནས་ཚུགས་ཡོད།

               ངས་ཝ་རི་ལ་ཐོག་མར་ཨོ་སི་ཏྲི་རི་ཡར་ཚོགས་འདུ་ཞིག་སྐབས་མཐོང་བྱུང༌། ལོ་དེ་རང་དུ་ངེད་གཉིས་ཟུར་དུ་ཕན་ཚུན་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་སྟབས་དེ་དུས་ལམ་སེང་གྲོགས་པོར་ཆགས། ཝ་རི་ལ་སྐུ་གཟུགས་རིད་ཙམ་ལ་སྤྱན་ཤེལ་མནབས་ཤིང་བཀའ་མོལ་ཧ་ཅང་འཇམ་པོ་གནང་མཁན་ཞིག་རེད། ཁོང་གི་དགོངས་པ་བཞེས་ཚུལ་རྒྱུ་མཚན་ཡང་དག་དང་ལྡན་ཞིང་བཀའ་མོལ་ཧ་ཅང་གསལ་པོ་གནང་གི་འདུག་པར་སོང་ཁོང་དགེ་རྒན་ཁྱད་དུ་འཕགས་པ་ཞིག་ཆགས་པ་རེད། ཁོང་ནས་ནང་ཆོས་ཀྱི་ལྟ་གྲུབ་དང་སྒོམ་སྒྲུབ་ཀྱི་སྲོལ་རྒྱུན་ལ་ཐུགས་སྣང་ཟབ་ནན་གནང་ཞིང༌། ཁོང་གིས་འགྲེལ་བརྗོད་གནང་སྐབས་ཚན་རིག་གཙོ་བོའི་ནང་གི་བསམ་ཚུལ་གསར་པ་རྣམས་སྒྲོ་སྐུར་དང་ཕྱོགས་ལྷུང་མེད་པར་དྲང་པོར་གསུང་གི་ཡོད། ཝ་རི་ལ་དང༌། ཨེན་གིལ། དེ་བཞིན་དུ་ཚན་རིག་པ་རྣམས་དྷ་རམ་ས་ལར་གདན་འདྲེན་ཞུ་བར་མཐུན་འགྱུར་གནང་མཁན་སྦེ་རི་ཧར་ཤི་བཅས་ལ་བཅོས་མིན་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། བགྲོ་གླེང་དེ་དག་ཚང་མར་ཨ་རིའི་ནང་པའི་མཁས་པ་ཨེ་ལན་ཝེ་ལི་སེ་དང༌། ངའི་སྐད་བསྒྱུར་ཐུབ་བསྟན་སྦྱིན་པ་བཅས་སྐད་བསྒྱུར་འཇོན་ཐང་ཅན་གཉིས་ནས་ངོས་ལ་གྲོགས་དན་གནང་བྱུང༌།

སེམས་དང་ཚེ་སྲོག་གི་ཚོགས་འདུ་ཐོག་མའི་སྐབས་ནུབ་ཕྱོགས་སུ་ཚན་རིག་གི་ལམ་ལུགས་ཇི་ལྟར་དར་མིན་གྱི་ལོ་རྒྱུས་ཆ་ཚང་བ་ཞིག་ཐོག་མར་ངོ་སྤྲོད་ཐོབ་བྱུང༌། ངོས་ལ་དམིགས་བསལ་དོ་སྣང་བྱུང་བ་ནི་ཚན་རིག་གི་བཟོ་བཀོད་ཀྱི་འགྱུར་བ་སྟེ་རིག་གཞུང་དང་དེ་དག་གིས་ཚན་རིག་གི་གོ་རྟོགས་ཀྱི་ངོ་བོ་ཚང་མར་ཕན་ནུས་ཐེབས་ཀྱི་ཡོད་པ་དེ་ཡིན། ཡོངས་གྲགས་ཀྱི་འགྱུར་བའི་དཔེ་མཚོན་གཅིག་ནི་དུས་རབས་ཉི་ཤུ་པའི་འགོ་སྟོད་གནའ་དུས་ཀྱི་ནིའུ་ཏྲོན་གྱི་དངོས་ཁམས་རིག་པ་ནས་བཟུང་སྟེ་ལྟོས་གྲུབ་དང་ཆུང་མཐའི་འགྲོ་ལུགས་བར་བྱུང་བ་དེ་ཡིན། ཐོག་མར་ངས་ཚན་རིག་གི་རྩ་བའི་འཆར་བཀོད་རང་ལ་འགྱུར་བ་འགྲོ་བའི་བསམ་བློ་དེ་ཧ་གོ་དུས་ཧ་ལས་པ་ཞིག་བྱུང༌། གང་ཡིན་ཞེ་ན་ངས་ཚན་རིག་དེ་མཐར་ཐུག་གི་གཤིས་ལུགས་འཚོལ་བར་ཕྱི་བཤིག་མ་རྒྱབ་པར་འགྲོ་མཁན་ཞིག་དང༌། ཚན་རིག་གི་གནས་ཚུལ་གསར་རྙེད་དེ་དག་གིས་འགྲོ་བ་མི་སྤྱིའི་འཛམ་གླིང་གི་གནས་ཚུལ་གོ་རྟོགས་གོང་མཐོར་ཕྱིན་པའི་ཕྱོགས་བསྡོམས་ཀྱི་གོམས་བགྲོད་ཀྱི་རིམ་པ་ཞིག་མཚོན་གྱི་ཡོད་པར་བལྟས་པས་རེད། དེ་ལྟའི་འགྱུར་བ་རིམ་བགྲོད་ཞིག་ཡིན་ན་དེའི་དགེ་མཚན་ནི་ང་ཚོ་མཐར་གོ་རྟོགས་ཀྱི་ཡོན་ཏན་ཆ་ཚང་བ་དང་མཐར་ཐུག་པ་ཞིག་ཏུ་སླེབས་སྲིད་པ་དེ་རེད། འོན་ཀྱང་ད་ཆ་ངས་གོ་བ་ལ་ཚན་རིག་གི་འཆར་བཀོད་བྱེ་བྲག་པ་ཇི་འདྲ་ཞིག་འབྱུང་བར་དེར་ཡུལ་ཅན་ཤེས་པའི་ཆ་ཞིག་ཐེ་གཏོགས་ཡོང་གི་ཡོད་པ་དང༌། དེར་བརྟེན་ཚན་རིག་གིས་ང་ཚོར་ཡུལ་གྱི་གནས་ལུགས་ཆ་ཚང་བ་ཞིག་ཐོབ་ཐུབ་པར་བྱེད་རྒྱུར་དོགས་གཞི་ཡོད་པ་དེ་རེད།

               ངོས་ནས་ཚན་རིག་པ་དང་ཚན་རིག་གི་ལྟ་གྲུབ་སྨྲ་བ་བསམ་བློ་གུ་ཡངས་ཅན་རྣམས་དང་སྐད་ཆ་བཤད་སྐབས་ཁོང་ཚོར་ཚན་རིག་གི་གོ་དོན་མི་འདྲ་བ་ཡོད་པ་དང་ཚན་རིག་གི་ཤེས་ཡོན་ལ་མཐའ་མཚམས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་པོ་རེད་འདུག དེ་དང་ཆབས་ཅིག་ཚན་རིག་པ་དང་ཚན་རིག་པ་མ་ཡིན་པའི་མི་མང་པོ་ཞིག་གིས་བདེན་པའི་གནས་ལུགས་ཀྱི་རྣམ་པ་ཡོངས་རྫོགས་ཚན་རིག་གི་ཁྱབ་ཁུལ་ནང་སླེབས་ཀྱི་ཡོད་པ་དང་སླེབས་དགོས་པ་ཞིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་པར་མཐོང་གི་འདུག མཚམས་རེར་དེ་དག་གི་བསམ་པར་སྤྱི་ཚོགས་ཡར་རྒྱས་རིམ་བཞིན་ཕྱིན་སྐབས་ཚན་རིག་གིས་མུ་མཐུད་དེ་ང་ཚོའི་ཡིད་ཆེས་ཁུངས་མེད་རྣམས་དང་ལྷག་པར་དུ་ཆོས་ཕྱོགས་ཀྱི་ཡིད་ཆེས་རྣམས་རྫུན་པར་གསལ་སྟོན་བྱས་ཏེ་རིམ་བཞིན་ད་ལྟའི་མི་ཚེར་ཕན་པའི་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཞིག་རིམ་བཞིན་ཡོང་རྒྱུར་ཚོད་དཔགས་བྱེད། དེ་ནི་ཁལ་མར་ཁི་སིའི་དངོས་གཙོ་རྩོད་སྒྲུབ་རིང་ལུགས་ཀྱི་ལྟ་བ་དང་མཚུངས་པ་ཞིག་ཡིན་ཏེ། ༡༩༥༠ ནང་རྒྱ་ནག་གི་དམར་ཤོག་རིང་ལུགས་ཀྱི་འགོ་ཁྲིད་ཚོ་དང་འབྲེལ་བ་བྱེད་སྐབས་དང་བོད་ནང་སྡོད་སྐབས་མར་ཁི་སིའི་རིང་ལུགས་ལ་སློབ་སྦྱོང་བྱས་པར་དེ་དོན་ཤེས་རྟོགས་བྱུང༌། ལྟ་ཚུལ་འདིར་ཚན་རིག་གིས་དཀོན་མཆོག་ཡོད་པ་དང་དེའི་བྱིན་རླབས། བདག་རྟག་པ་སོགས་ཆོས་ཕྱོགས་ཀྱི་ཁས་ལེན་མང་པོ་ཞིག་ཁུངས་མེད་ར་སྤྲོད་བྱས་ཟིན་པར་བལྟ་གི་ཡོད་ཅིང༌། བསམ་ཚུལ་འདིའི་ཁྱབ་ཁོངས་སུ་ཚན་རིག་གིས་ར་སྤྲོད་དང་ཁུངས་སྐྱེལ་མ་བྱས་པའི་རིགས་ཇི་འདྲ་ཞིག་ཡིན་རུང་དེ་དག་ཡང་ན་རྫུན་པ་དང་ཡང་ན་དོན་གནད་མེད་པ་ཞིག་རེད། ལྟ་ཚུལ་དེ་དག་ནི་ཅི་ཙམ་ཡིན་རུང་དེ་འཛིན་མཁན་གྱི་གཟུགས་དཔྱད་རིག་པ་ལས་འདས་པའི་གནས་ཚུལ་ལ་ཕྱོགས་ལྷུང་ལྡན་པའི་ལྟ་གྲུབ་ཀྱི་ཚོད་དཔག་ཅིག་རེད། ང་ཚོས་ཚན་རིག་ནང་ལྟ་གྲུབ་མཁྲེག་འཛིན་བྱེད་རྒྱུ་དོར་དགོས་པ་བཞིན་ནང་སེམས་ཀྱི་དོན་གནད་ཞིབ་འཇུག་བྱེད་རྒྱུར་ཡང་རྒྱལ་མཚམས་དེ་ལས་གྲོལ་བ་ཞིག་དགོས། ཚན་རིག་གིས་ཉམས་མྱོང་ཐོག་དཔྱད་ཞིབ་ཐུབ་པ། གྲངས་གཞལ་དུ་ཡོད་པ། ཚད་གཞལ་དུ་ཡོད་པ། སྐྱར་བཟློས་བྱེད་དུ་ཡོད་པ། དཔྱད་པ་པོ་ནང་ཕན་ཚུན་བསྡུར་ནས་ཁུངས་སྐྱེལ་ཐུབ་པ་སྟེ། མི་གཅིག་ཙམ་མིན་པར་ཞིབ་འཇུག་བྱེད་མི་ཚང་མས་ངས་དེ་འདྲ་མཐོང་བྱུང་གསུང་སར། གཞན་གྱིས་ཀྱང་ང་ལ་ཡང་འབྲས་བུ་དེ་རང་ཡོང་གི་འདུག་ཅེས་བརྗོད་ཐུབ་པའི་དཔྱད་པ་བྱ་ཚུལ་བྱེ་བྲག་པ་ཞིག་ཡོད་པ་དེའི་འོག་ཏུ་འགྲོ་ཐུབ་པའི་བདེན་པའི་རྣམ་པའམ་མིའི་ཉམས་མྱོང་དང་འབྲེལ་བ་བྱེད་ཀྱི་ཡོད། དེ་འདྲར་བརྟེན་ཚན་རིག་གི་ཉམས་ཞིབ་ངོ་མ་ནི་མིའི་གཟུགས། གཟའ་སྐར་གྱི་གཟུགས། ཚད་གཞལ་དུ་ཡོད་པའི་ནུས་ཤུགས། བཟོ་དབྱིབས་ཡོད་པའི་དངོས་པོ་རྣམས་ཀྱི་ལས་ཀ་བྱ་ཚུལ་སོགས་གཟུགས་ཅན་གྱི་འཛམ་གླིང་ཁོ་ནའི་མཐའ་མཚམས་ནང་ཡིན། དེ་ལྟར་དངོས་སུ་ཉམས་མྱོང་ཐོག་གནས་ཚུལ་བསྡུ་རུབ་གང་ཐུབ་པ་དེ་མུ་མཐུད་དེ་དཔྱད་ཞིབ་དང་ཕྱོགས་བསྡོམས་བྱེད་པའི་གཞི་རྩར་ཆགས་ཏེ་དེ་དག་རྒྱ་ཆེ་བའི་ཚན་རིག་གི་ཤེས་ཡོན་ཁོངས་སུ་འཇོག་གི་ཡོད། འདི་ནི་ཚན་རིག་ཟེར་བ་ཇི་འདྲ་ཞིག་ལ་ཟེར་མིན་གྱི་ད་ལྟའི་ཚད་གཞི་དངོས་སུ་ལག་བསྟར་བྱེད་བཞིན་པ་དེ་ཡིན། དེ་ལྟ་ནའང་ཚད་གཞི་འདིར་བདེན་པའི་རྣམ་པ་ཡོངས་སུ་རྫོགས་པ་འདུ་གི་མེད་ལ་འདུ་ཐུབ་པ་ཞིག་ཀྱང་མིན། ལྷག་པར་འགྲོ་བ་མིའི་གནས་ལུགས་ཀྱི་རང་བཞིན་རྣམས་དེ་བས་ཀྱང་འདིར་མི་ཚུད། ཚན་རིག་གིས་འཚོལ་ཞིབ་བྱེད་པར་བྱང་ཆུབ་པའི་ཕྱི་དངོས་པོའི་གཟུགས་ཅན་གྱི་ཡུལ་གྱི་སྟེང་དུ་མྱོང་ཚོར་དང༌། རྟོག་དཔྱོད། དེ་དག་ལ་བརྟེན་ནས་ནང་དོན་གྱི་མིའི་གཞི་རྩའི་གལ་གནད་རྣམས་དོན་དུ་གཉེར་བའི་ཡུལ་ཅན་ཤེས་པའི་འཛམ་གླིང་ཞིག་ཀྱང་ཡོད། གལ་ཏེ་ང་ཚོས་ཤེས་བྱའི་ཁྱབ་ཁོངས་འདི་དངོས་པོའི་བདེན་དོན་ཤེས་པར་ཐེ་གཏོགས་གང་ཡང་མེད་པར་བརྩིས་པ་ཡིན་ན་ང་ཚོས་རང་ཉིད་འཚོ་གནས་བྱེད་པའི་ཁྱད་ཆོས་ངོ་མཚར་བའི་རིགས་མང་པོ་ཞིག་བརླག་པ་ཡིན་པས་ང་ཚོར་གོ་རྟོགས་ཆ་ཚང་བ་ཞིག་ཡོང་མི་ཐུབ།ང་ཚོ་རང་ཉིད་ཀྱི་འཚོ་གནས་མཚོན་པའི་བདེན་དོན་རྣམས་ནི་ཡུལ་ཙམ་ལ་དཔྱོད་པའི་དངོས་གཙོའི་ཚན་རིག་སྨྲ་བའི་དཔྱད་ཡུལ་ལས་ཤིན་ཏུ་རྙོག་འཛིངས་ཆེ་བ་ཞིག་རེད།

(དགེ་བཤེས་ལྷག་རྡོར་གྱིས་བསྒྱུར)

Thank you for your edits. However, please do not write the content of books here - a project for books in Tibetan is called Wikibooks (ཝེ་ཅེའི་སློབ་སྤྱོད་སློབ་དེབ།). Good luck. --Viskonsas ༡༥:༣༠, ༨ ཟླ་བཅུ་གཉིས་པ། ༢༠༡༡ (UTC)[reply]