བོད་རང་སྐྱོང་ལྗོངས།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

བོད་ཡུལ་ངོ་སྤྲོད།

རང་རེའི་ཕ་ཡུལ་བོད་ལྗོངས་ནི། སྤྱིར་འཛམ་བུའི་གླིང་གི་ཡང་ཐོག །ཡང་སྒོས་རྒྱ་གར་དང་བལ་ཡུལ་གྱི་བྱང༌། ཨབ་གྷན་གྱི་ཤར། ཤིང་ཅང་དང་ཧོར་སོག་གི་ལྷོ། རྒྱ་ནག་གི་ནུབ་ཕྱོགས་སུ་ཡོད། མཐའ་སྐོར་དུ་གངས་ཏི་སི་དང༌། གངས་རི་ཇོ་མོ་གླང་མ༌། རོང་བཙན་ཁ་བ་དཀར་པོ༌། གངས་དཀར་ཕྱོགས་ལས་རྣམ་རྒྱལ་སོགས་རི་ཆེན་སྐད་གྲགས་ཅན་མི་ལོ་སྟོང་ཕྲག་མང་པོར་བཞུ་མ་མྱོང་བའི་གངས་རི་དུང་གི་མཆོད་རྟེན་བསྒྲིགས་པ་ལྟ་བུའི་དབུས་སུ། སྲ་ལ་མཁྲེགས་པའི་བྲག་རི། མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་པའི་སྔོ་ལྗང་སྤང་རི་དང༌། གཡའ་རི། ནགས་རི་སོགས་མཐོ་ལ་གནམ་གྱི་ཀ་བ་ལྟ་བུ་བགྲངས་ཀྱིས་མི་ལངས་པ་ཡོད།

མཚོ་ངོ་མཚར་སྐད་གྲགས་ཅན་ཡང་མང་པོ་ཡོད་པ་མ་ཟད། གངས་ཏི་སེའི་ཉེ་འགྲམ་མ་ཕམ་གཡུ་མཚོ་ནས་ཆུ་བོ་རྟ་མཆོག་ཁ་འབབ་སྟོད་མངའ་རིས་ནས་དབུས་གཙང་རྒྱུད་རྒྱ་གར་ཤར་ཕྱོགས་དང༌། རྨ་བྱ་ཁ་འབབ་སྤུ་ཧྲེང་ནས་རྒྱ་གར་ཡུ་མིའི་ཕྱོགས་དང༌། གླང་ཆེན་ཁ་འབབ་མཐོ་ལིང་རྒྱུད་པན་ཇབ་དང་ཧིལ་མ་ཅལ་ཕྱོགས་དང༌། སེངྒེ་ཁ་འབབ་ལ་དྭགས་རྒྱུད་པ་ཀེ་སེ་ཐན་ཕྱོགས་བཅས་སུ་རྒྱུ་ཞིང༌། ད་དུང་དེས་མི་ཚད་སྟོད་ཕྱོགས་ནས་རྒྱ་མོ་ཆུ་སྦར་མ་དང༌། ཆབ་མདོའི་རྒྱུད་རྫ་ཆུ་དང་ངོམ་ཆུ་འདོམ་སྟེ་ཀཾ་པོ་ཌི་ཡ་དང༌། འབྲི་ཆུ་མདོ་སྟོད་རྒྱུད་རྒྱ་ནག་དང་། རྨ་ཆུ་ཨ་མདོའི་ཕྱོགས་ནས་རྒྱ་ནག་ཁུལ་འབབ་པ་བཅས་ཆུ་བོ་དེ་དག་ཐམས་ཅད་ཀྱི་འབྱུང་ཁུངས་བོད་ཡུལ་ཡིན། Yumbu Lhagang: It is the 1st Palace built by the 1st king of Tibet Nyatri Tsenpo མདོར་ན་རི་མཐོ་ལ་ས་གཙང་བ། རླུང་བསིལ་ཞིང་ཚད་པ་མེད་པ། ཆུ་ཞིམ་ལ་ཟས་ཀྱི་རོ་བཅུད་ཆེ་བ། དུག་སྦྲང་དང་དུག་སྦྲུལ། གཅན་གཟན་སོགས་ཀྱི་གནོད་འཚེ་ཉུང་བ། འཛམ་གླིང་གི་ཡུལ་གཞན་ལས་ཁྱད་དུ་འཕགས་པ་ཡོད།

ཡུལ་གྱི་རང་བྱུང་ཐོན་སྐྱེད་གསེར། དངུལ། ཟངས། ལྕགས། ཞ་ཉེ། རྡོ་སོལ། རྡོ་ཞོ། ཉིམ་ཁ་ཆུ། ཤེལ་རྡོ། གཟི། མཆོང་རྡོ། ཁྲག་ར། དོམ་མཁྲིས། གླུ་རྩེས་སོགས་རིན་ཐང་ཆེན་པོའི་དངོས་རིགས་རྣམ་གྲངས་བརྒྱ་ཕྲག་བརྒལ་བ་དང༌། གྲོ་སྲན་ནས་གསུམ་དང༌། བྲོ་བ། སོ་བ་སོགས་འབྲུ་རིགས་སྣ་ཚོགས་ཚལ་རིགས་རྣམ་མང༌། མེ་ཏོག་སྣ་ཚོགས། ཇ་ཤིང༌། འབྲས་བུ་ཅན་དང་འབྲས་བུ་ཅན་མ་ཡིན་པའི་ཤིང་རིགས་སྣ་མང༌། བདག་ཏུ་བཟུང་བའི་སྒོ་ཕྱུགས་འབྲི་གཡག མཛོ་ཕོ་མོ། རྟ་དྲེལ། ར་ལུགས་སོགས་དང༌། བདག་ཏུ་མ་བཟུང་བ་འབྲོང༌། རྐྱང༌། ཤ་བ། གནའ་བ། གླ་བ་སོགས་རི་དྭགས་དང༌། གཅན་གཟན་སྣ་ཚོགས། བྱ་རིགས་འདྲ་མིན་སོགས་ཀྱིས་ཕྱུག་པ་ཞིག་ཡིན།

དེ་ལྟར་འཛམ་གླིང་ནང་སྐྱིད་ཤོས་དང༌། རང་བཞིན་ཐོན་སྐྱེད་བཟང་ཤོས་ཡིན་པའི་བོད་ཀྱི་ཡུལ་ཀུན་ཞིང་ཆེན་དུ་དབྱེ་ན། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མིའི་ཆོལ་ཁ། མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་ཞེས་ནང་གསེས་རང་རང་ཐོན་ཁུངས་གཙོ་ཆེ་བའི་སྒོ་ནས་དེ་གསུམ་ཡོད། Mount Kailash: It is sacred to both Tibetan & Hindu ཆོལ་ཁ་དེ་གསུམ་ལ་གནས་ཤིང་རྒྱུ་བའི་བོད་རིགས་རྣམས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ། ཤ་ཁྲག་གཅིག་པའི་སྤུན་ཟླ། བོད་རྒྱལ་ཁབ་ཀྱི་ཆབ་འབངས་ཡུལ་གྱི་བདག་པོ་ངོ་མ་དེ་ཡིན། དེར་བརྟེན་སྐྱེ་བོ་དེ་དག་གི་སྤྱོད་ཚུལ་ནི། སྤྱི་ཡོངས་ནས་བཤད་ན། ཆོས་ལ་དགའ་ཞིང་སྡིག་ལ་འཛེམས་པ། ཤེས་རྒྱུད་དྲང་ལ་གཤིས་ཀ་བརྟན་པ། མ་རབས་སྤོང་ཞིང་ཡ་རབས་ལ་བརྩོན་པ། སྙིང་རྗེའི་བསམ་པ་ངང་གིས་སྐྱེ་བ། ལས་ལ་བརྩོན་ཞིང་གང་ཡང་འཇོན་པ། རླབས་ཆེན་གྱི་མི་རིགས་ཡིན།

ཡུལ་མིའི་འཚོ་བའི་རྟེན་གཞི་ནི། སོ་ནམ་དང་འབྲོག་ལས་ཁྱབ་ཆེ་ཞིང༌། བཟོ་ལས་དང་ཚོང་ལས་ལ་འཚོ་བ་བརྟེན་པའང་ཡོད། བོད་ཡུལ་ཁྱོན་ལ་དགོན་སྡེ་སྟོང་ཕྲག་མང་པོ་དང༌། གྲྭ་བཙུན་ཁྲི་ཕྲག་བརྒལ་བ་ཡོད། རང་རེའི་སྐྱབས་མགོན་ནི་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྒྱལ་དབང་བསྟན་འཛིན་རྒྱལ་མཚོ་ཡིན། ཕྱི་ལོ། ༡༩༤༠ ལོར་བར་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན།