Wikipedia:ཡོངས་ཁྱབ་ཀྱི་བདག་སྤྲོད་ཁེ་དབང་རྩོད་ལེན།

ཡོང་ཁུངས་Wikipedia

ཙ་མི་སངས་རྒྱས་གྲགས་ནི། མི་ཉག་གི་ཡུལ་དུ་འཁྲུངས་པ་སྟེ།འགའ་ཞིག་ཉང་སྟོད་སྨད་ཀྱི་མཚམས། འཁྲིས་ཙ་ཁ་བ་ཡིན་ཟེར་བ་དང་། གཡེ་རོང་གི་རྩ་བ་ཡིན་ཟེར་བ་ནི་མ་ཡིན་ཏེ།དེ་ཉིད་ཀྱིས་བསྒྱུར་པའི་གཞུང་འགའི་འགྱུར་བྱང་དུ།བྱང་ཕྱོགས་མི་ཉག་ཡུལ་དུ་སྐྱེས་ཀྱང་ནི། །ཡུན་རིང་འཕགས་པའི་ཡུལ་དུ་གནས་བཅས་ནས།།བླ་མ་དམ་པ་སངས་རྒྱས་ཀུན་མཆོད་པའི། །དགེ་སློང་སངས་རྒྱས་གྲགས་པ་ཞེས་བྱ་བ། །ཞེས་ཁོང་རང་གིས་བཀོད་པར་མཛད་པའི་ཕྱིར་རོ།།དེ་ཉིད་ཀྱིས་གཞོན་ནུ་ནས་རྒྱ་གར་དུ་བྱོན། ཡུན་རིང་དུ་བཞུགས། དུས་ཞབས་པ་དང་།ཨ་བྷ་ཡ་སོགས་པཎ་གྲུབ་མང་པོ་བསྟེན་ནས་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པས།རྒྱ་གར་ཤར་ནུབ་ཀུན་ཏུ་མཁས་པར་གྲགས་ཤིང་། འགྲན་ཟླ་མ་མཆིས་པར་ཀུན་གྱིས་ཚད་མར་འཛིན།པཎྜི་ཏ་ཐམས་ཅད་ཀྱི་དྲི་གཏུགས་དང་། འབེལ་བའི་གཏམ་གྱི་དཔང་པོ་དང་།མན་ངག་ལེན་པའི་གནས་སུ་བྱེད། བསྙེན་པར་རྫོགས་པའི་མཚན་སངས་རྒྱས་གྲགས་སུ་བཏགས།རྒྱུད་སྡེ་མཐའ་དག་གི་མཛོད་འཛིན་པ།མཆོག་གི་དངོས་གྲུབ་བརྙེས་ཤིང་ཚེ་ཡི་རིག་འཛིན་གྲུབ་པས་ཨ་བྷ་ཡ་ལས་ཀྱང་རྟོགས་པ་མཐོ་བར་གྲགས།རྡོ་རྗེ་གདན་དང་། ནཱ་ལེནྡྲའི་མཁན་པོ་མཛད་དེ།བོད་ཀྱི་སློབ་མ་རྣམས་ལ་ཐུགས་ལྷག་པར་བརྩེ་བས་དུས་འཁོར་འགྲེལ་ཆེན་བོད་ཡིག་ཏུ་བྲིས་ཤིང་བསྒྱུར་ནས་ཁྲིད་པར་མཛད་དོ།།

ཝ་གཱི་ཤྭ་ར་གུཔྟ་ཞེས་ངག་གི་དབང་ཕྱུག་སྦས་པ་དང་།བི་ཁྱཱ་ཏ་དེ་ཝ་ཞེས་རྣམ་པར་གྲགས་པའི་ལྷ་དང་། ནིཥྐ་ལངྐ་དེ་ཝ་ཞེས་རྙོག་པ་མེད་པའི་ལྷ་དང་།བྷསྐ་ར་གུཔྟ་ཞེས་འོད་བྱེད་སྦས་པ་དང་།ནཱ་ཡ་ཀ་པཱ་ད་ཞེས་འདྲེན་པའི་ཞབས་སོགས་རྒྱ་གར་ན་བསམ་གྱིས་མི་ཁྱབ་པ་ཡོད་ལ།བོད་ཀྱི་སློབ་མ་ལ་ཆེ་བར་གྲགས་པ་ལོ་ཙཱ་བ་གྲགས་པའི་མཚན་ཅན་གསུམ་བྱུང་སྟེ།ཙ་མི་སངས་རྒྱས་གྲགས་པ། ཁེའུ་གད་འཁོར་ལོ་གྲགས། སྤང་ཞོ་གསལ་བ་གྲགས་གསུམ་མོ། །

ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོ་ཇི་ལྟར་དར་ཚུལ་བརྒྱུད་པའི་ལོ་རྒྱུས་དང་བཅས་པ་སྐལ་བཟང་རྣ་བའི་དགའ་སྟོན་ལས་བཏུས།