Jump to content

མེག་སི་ཀོ།

ཡོང་ཁུངས་Wikipedia

མེག་སི་ཀོ་(Mexico)ནི་ཨ་མེ་རི་ཁ་གླིང་ཆེན་གྱི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་མེག་སི་ཀོ་གྲོང་རེད།

མེག་སི་ཁོའམ་གཞུང་འབྲེལ་གྱིས་མེག་སི་ཁོ་མཉམ་འབྲེལ་དམངས་རྒྱལ་ཞེས་པ་ནི།  བྱང་ཨ་རིའི་གླིང་ཆེན་ནང་གི་རྒྱལ་ཁབ་ཅིག་ཡིན། དེ་ནི་དེག་ས་སི་དང་ཨ་རིའི་རྒྱལ་ཕྲན་གཞན་རྣམས་གྱི་ལྷོ་ཕྱོགས་སུ་ཡོད་ལ། དེ་ཡི་ལྷོ་ཕྱོགས་སུ་གུ་ཝེ་ཐི་མ་ལ་དང་པེ་ལི་ཙེ་གཉིས་ཡོད། མེག་སི་ཁོ་རྒྱལ་ཁབ་ཞི་བདེ་རྒྱ་མཚོ་དང་མེག་སི་ཁོ་མཚོ་ཁུག(Gulf of Mexico)གཉིས་ཀྱི་བར་དུ་ཡོད།

མེག་སི་ཁོ་ནང་གནས་པའི་མི་རྣམས་སམ་ཡང་ན་ས་ཆ་དེ་ནས་ཡིན་པ་རྣམས་ལ་མེག་སི་ཁན(Mexicans)ཞེས་རྗོད་ཀྱིན་ཡོད། ཁོ་ཚོ་ལས་མང་ཤོས་ཀྱིས་སི་པེན་སྐད་བཤད་ཀྱིན་ཡོད་པ་དང་། ནཱ་ཧུ་དིལ་དང་མཱ་ཡ་དང་ཙ་ཐོ་དེག་ལྟ་བུ་ཡིས་ཨ་རིའི་ཡུལ་སྐད་བཤད་ཀྱིན་ཡོད། མེག་སི་ཁོ་ཡི་གྲོང་ཁྱེར(Mexico City)ནི་མེག་སི་ཁོ་ཡི་རྒྱལ་ས་ཡིན།


ལོ་རྒྱུས།

[རྩོམ་སྒྲིག]

ཡོ་རོབ་པ་རྣམས་མ་སླེབས་སྔོན་དུ་མེག་སི་ཁོ་ཡི་ནང་དུ་ཨ་རིའི་ཡུལ་གྱི་རིག་གཞུང་དར་ཡོད་ཅིང་། ཆེས་སྔ་ཤོས་ཀྱི་རིག་གཞུང་ནི་ལྷོ་ཕྱོགས་སུ་ཡོད་པའི་ཨོལ་མེག(Olmec)རིག་གཞུང་ཡིན་ལ། ཨོལ་མེག་མི་རྣམས་ཀྱིས་བཟོས་པའི་རྡོ་ཆེན་རྣམས་ཧ་ཅང་སྙན་གྲགས་ཆེ། མཱ་ཡ་མི(Mayans)རྣམས་ཡུ་ཁ་དན(Yucatán)ཕྱེད་གླིང་ཕྲན་སྟེང་འཚོ་སྡོད་བྱས་ཡོད་པ་དང། རྒྱལ་པོ་རྣམས་ཀྱིས་དབང་སྒྱུར་པའི་གྲོང་ཁྱེར་རྒྱལ་ཕྲན་ཁག་ཏུ་ཡང་གནས་སྡོད་བྱས་ཡོད། ཡི་ཤུའི་སྟོན་པ་འཁྲུངས་རྗེས་ཀྱི་སྤྱི་ལོ༢༠༠ནས༩༠༠བར་མཱ་ཡ་མི་རིགས་སྟོབས་ཤུགས་ཆེས་ཆེ་ཤོས་སུ་གྱུར་ཡོད་ལ། གོང་མའི་རྒྱལ་ཁབ་སྟོབས་ཆེན་གཞན་ཞིག་ནི་ཐོ་ཐི་ཝ་ཁན(Teotihuacan)ཡིན། ཐོ་ཐི་ཝ་ཁན་ནི་གྲོང་ཁྱེར་ཧ་ཅང་ཆེན་པོ་ཞིག་ཡིན་ལ་དུས་སྐབས་དེའི་གྲོང་ཁྱེར་ཆེ་ཤོས་ཤིག་ཡིན། ཐོ་ཐི་ཝ་ཁན་ཉམས་རྒུད་དུ་སོང་རྗེས་ཐོལ་ཐིག(Toltecs)མི་རིགས་སྟོབས་ཆེན་དུ་གྱུར། ཐོལ་ཐིག་མི་རྣམས་ཀྱིས་བཟོས་པའི་དངོས་པོ་རྣམས་ཨ་རིའི་ལྷོ་ཁུལ་ནས་ཁོ་སི་ཐ་རི་ཁ་བར་དུ་མཐོང་རྒྱུ་ཡོད་པ་དང་། ཐོལ་ཐིག་གི་མིང་དུ་གྲགས་པའི་སྐྱབས་མགོན་ནི་ཁུ་ཚིལ་ཁོ་དིལ(Quetzalcoatl)ཡིན། ཐོལ་ཐིག་གི་རིག་གཞུང་ཡང་ཉམས་རྒུད་དུ་སོང་པ་དང་ཨ་རྫི་ཐིག་མི་རྣམས(Aztec)ཀྱིས་ཤུལ་འཛིན་བྱས་ཤིང་། ཁོ་ཚོས་རང་ཉིད་ལ་མེག་སི་ཁོ་གོང་མའི་རྒྱལ་ཁབ་ཅེས་བརྗོད་ལ། མོག་དི་ཙུམ་རྒྱལ་ཐོག་གཉིས་པ(Moctezuma II)ནི་ཨ་རྫི་ཐིག་གི་རྒྱལ་པོ་སྙན་གྲགས་ཅན་ཞིག་ཡིན།སྤྱི་ལོ༡༥༡༩ལོར། སི་ཕེན་གྱི་མྱུལ་དཔྱད་པ་ཧིར་ནན་ཁོར་སི(Hernán Cortés)མེག་སི་ཁོ་ལ་འབྱོར་པ་དང་། ཨ་རྫི་ཐིག་མི་རྣམས་ཀྱིས་ཁོང་ནི་ཕྱིར་དུ་ལོག་པའི་སྐྱབས་མགོན་ཁུ་ཚིལ་ཁོ་དིལ་རེད་འདོད་དེ་ཁོང་ལ་འཐབ་འཛིང་བྱ་མ་འདོད་མོད། ཁོར་སི་ཡིས་ཨ་རྫི་ཐིག་གི་དགྲ་བོ་རྣམས་དང་ལྷན་དུ་མནའ་འབྲེལ་བསྒྲིགས་ཤིང་། སྤྱི་ལོ༡༥༢༡ལོར། ཨ་རྫི་ཐིག་གི་རྒྱལ་ས་དོན་ཆི་དིག་ལན(Tenochtitlan)དབང་དུ་བསྡུས་པས། ཨ་རྫི་ཐིག་གོང་མའི་རྒྱལ་ཁབ་སི་ཕེན་གྱི་ཆ་ཤས་སུ་གྱུར་བ་དང་དེ་ལ་སི་ཕེན་གསར་བ་ཞེས་གྲགས།   སྤྱི་ལོ༡༨༡༠ལོར། མེག་སི་ཁོའི་ཡེ་ཤུའི་ཆོས་དཔོན་མི་གྷུལ་ཧི་དིལ་གྷོ་ཡིས་མེག་སི་རང་བཙན་དམག་འཁྲུག་འགོ་བརྩམས། སྤྱི་ལོ༡༨༢༡ལོར་སི་ཕེན་གྱིས་གཞི་ནས་ཕྱིར་འཐེན་བྱས་ཤིང་མེག་སི་ཁོ་ལ་རང་བཙན་ཐོབ། མེག་སི་ཁོ་རང་བཙན་རྒྱལ་ཁབ་ཀྱི་ཐོག་མའི་དབུ་ཁྲིད་ནི་དིར་བྷི་དྲིའི་ཨ་གྷུ་སི་ཐེན་ཡིན་ལ། ཁོ་ཡིས་མེག་སི་ཁོ་གོང་མའི་རྒྱལ་ཁབ་ཐོག་མ་དེ་བཙུགས་ཤིང་རང་ཉིད་གོང་མར་བསྡད། ཡིན་ན་ཡང་། མེག་སི་ཁོའི་མི་རྣམས་ཀྱིས་ཁོ་ལ་དགའ་མོས་མ་བྱས་པས། སྤྱི་ལོ༡༨༢༣ལོར། མེག་སི་ཁོ་སྤྱི་མཐུན་རྒྱལ་ཁབ་ཏུ་གྱུར། དུས་རབས༡༩པའི་འགོ་སྟོད་དུ། མེག་སི་ཁོའི་ནང་གི་མི་སྣ་ཤིན་ཏུ་གལ་གནད་ཅན་ཞིག་ནི་ཨན་དོ་ནའོ་ལོབ་ཙི་དྲི་སན་ད་ནཱ(Antonio López de Santa Anna)ཡིན་ལ། མེག་སི་ཁོའི་སྲིད་འཛིན་དུ་ཐེངས༡༡ལ་བསྡད། ཁོ་སྲིད་དབང་སྒེར་འཛིན་པར་གྱུར་བ་དང་། དེག་ས་སི་ཡིས་རང་བཙན་ཁྱབ་བསྒྲགས(༡༨༣༦)བྱས། ཨ་ལ་མོ་དམག་འཁྲུག་ནི་དེག་ས་སི་གྱེན་ལངས་ཀྱི་ཆ་ཤས་ཤིག་ཡིན། སྤྱི་ལོ༡༨༤༦དང༡༨༤༨ལོའི་བར། མེག་སི་ཁོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་བར་དུ་དམག་འཁྲུག་བྱུང་བ་དང་།མེག་སི་ཁོ་དམག་འཁྲུག་ལས་ཕམ་ཞིང་བྱང་ཕྱོགས་ས་ཁུལ་ཆེན་པོ་རྣམས་ཨ་རི་ལ་ཤོར་ཏེ་ལྷོ་ནུབ་ཨ་རི་རུ་གྱུར། དམག་འཁྲུག་མཇུག་རྫོགས་རྗེས་སན་ད་ནཱ(Santa Anna)ཝེ་ནེ་ཟུ་ཝ་ལ(Venezuela)རྒྱལ་ཁབ་ཏུ་བཙན་བྱོལ་ལ་སོང་། སྤྱི་ལོ༡༨༥༨དང༡༨༦༡ལོའི་བར་དུ། གུ་ཡངས་རིང་ལུགས་པ་དང་རྙིང་ཞེན་རིང་ལུགས་པ་གཉིས་ཀྱི་བར་ཡང་བསྐྱར་དམག་འཁྲུག་བྱུང་། གུ་ཡངས་རིང་ལུགས་པ་བྷན་དོ་ཇུ་རི་ཙི(Benito Juárez)ལ་དམག་འཁྲུག་རྒྱལ་ཁ་ཐོབ་སྟེ་རྗེས་ནས་སྲིད་འཛིན་དུ་གྱུར། ཁོ་ཧྥ་རན་སི་ཡིས་མེག་སི་ཁོ་ལ་བཙན་འཛུལ་དང་ཧབ་སི་བྷག་གི(Maximilian)མག་སི་མི་ལེན་མེག་སི་ཁོ་གོང་མའི་རྒྱལ་ཁབ་གཉིས་པའི་གོང་མ་རུ་མ་བསྐོས་བར་དུ་སྲིད་འཛིན་བྱས། ཡིན་ན་ཡང་། མག་སི་མི་ལེན་ལ་མང་ཚོགས་ཀྱིས་གཏན་ནས་རྒྱབ་སྐྱོར་མ་བྱས་པར་མ་ཟད། དམག་འཁྲུག་མང་པོ་ཞིག་གི་རྗེས་ནས། སྤྱི་ལོ༡༨༦༧ལོར། ཁོ་སྲོག་ཐོག་ཏུ་བཏང་ཞིང་། ཇུ་རི་ཙི་ཡང་བསྐྱར་སྲིད་འཛིན་དུ་གྱུར།  རྙིང་ཞེན་རིང་ལུགས་པ་རྣམས་ཀྱིས་ཇུ་རི་ཙི་ལ་དབང་ཚད་ཧ་ཅང་ཆེན་པོ་འདུག་འདོད་དེ། ཁོ་གོ་གནས་ལས་ཕྱིར་ཕུད་བཏང་བ་དང་། ཕོར་ཧྥི་རོ་དྲེ་ཙི(PorfirioDíaz)སྲིད་འཛིན་དུ་བསྐོས། ཁོ་ནི་ཧྥ་རན་སི་དང་དམག་འཁྲུག་རྒྱག་སྐབས་རྒྱལ་ཁ་ཐོབ་པའི་དམག་དཔོན་ཞིག་ཡིན། ཁོ་ཡིས་མེག་སི་ཁོ་རྒྱལ་ཁབ་སྟོབས་འབྱོར་ཅན་དུ་བསྒྱུར་མོད། འོན་ཀྱང་། མང་ཚོགས་དབུལ་བོ་རྣམས་སྔར་ལས་ཀྱང་དབུལ་ཕོངས་སུ་གྱུར། ཧྥ་རན་སི་སོ་དང་པོ(Franciso I)མ་དྲི་རོ་ཡིས་སྤྱི་ལོ༡༩༡༠ལོར་མེག་སི་ཁོ་གསར་བརྗེ(Mexican Revolution)ཡི་འགོ་བརྩམས།  

དེའི་རྗེས་ཀྱི་ལོ་བཅུ་ཡི་རིང་མེག་སི་ཁོ་རྒྱལ་ཁབ་ཟིང་འཁྲུག་གིས་ཁེངས་ཡོད་དེ། དུས་ཡུན་ཐུང་ངུའི་རིང་སྲིད་གཞུང་སྐྱོང་མཁན་སྲིད་འཛིན་མང་པོ་བྱུང་ཡོད་ལ། མི་དམངས་རིགས་ཡོད་ཚད་ཀྱིས་ཕན་ཚུན་ལ་ཁ་གཏད་བཅག་ནས་འཁྲུག་རྩོད་བྱས། དུས་སྐབས་དེ་ལས་བྱུང་བའི་མི་སྣ་སྙན་གྲགས་ཅན་རྣམས་ནི། ཨེ་མི་ལེན་ཙ་ཕ་ད་དང་ཕན་ཆོ་བི་ལ། ཧྥ་རན་སེ་སི་ཁོ་དང་པོ་མ་དྲི་རོ་བཅས་ཡིན། སྤྱི་ལོ༡༩༢༠ལོར། ཨལ་བ་རོ་ཨོབ་རི་གྷོན་སྲིད་འཛིན་དུ་བསྡད་པ་དང་འཁྲུག་རྩོད་ཞི་འཇགས་སུ་སོང་།   སྤྱི་ལོར༡༩༢༩ལོར། སྲིད་འཛིན་ཕུལ་དར་ཁོ་ཨེ་ལེ་སི་ཁེལ་སི་ཡིས་མེག་སི་ཁོ་རྒྱལ་ཡོངས་ཚོགས་པ(PNM)གསར་འཛུགས་གནང་ལ། ཕྱིས་སུ་ཚོགས་པ་འདི་ལ་སྒྲིག་འཛུགས་གསར་བརྗེ་ཚོགས་པ(PRI)ཞེས་བསྐྱར་དུ་མིང་བཏགས། ཚོགས་པ་དེ་ཡིས་དུས་ཡུན་ཤིན་ཏུ་རིང་པོ་ཞིག་ལ་སྲིད་གཞུང་དབང་སྒྱུར་བྱས། སྒྲིག་འཛུགས་གསར་བརྗེ་ཚོགས་པའི་སྲིད་འཛིན་མང་ཆེ་བར་མང་ཚོགས་ཀྱིས་མོས་པ་བྱེད་ཀྱིན་མེད་པ་དང་། ཁོ་ཚོ་སྲིད་འཛིན་དུ་སྡོད་པ་ནི་ཪང་ཉིད་ཕྱུག་པོར་འགྱུར་རྒྱུ་ཁོ་ནའི་ཆེད་དུ་ཡིན་པར་བཤད་ཀྱིན་ཡོད། སྲིད་འཛིན་ལཱ་ཙ་རོ་ཁར་དྲན་སི་ལགས་ནི་ཁྱད་པར་བ་ཡིན་ཏེ། ཁོང་སྤྱི་ལོ༡༩༣༤ནས༡༩༤༠བར་སྲིད་འཛིན་དུ་བསྡད་ཡོད།   བཅུ་ཕྲག་དུ་མའི་རྗེས་སུ་སྒྲིག་འཛུགས་གསར་བརྗེ་ཚོགས་པ་ལ་མི་དགའ་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། སྤྱི་ལོ༡༩༦༨ལོར། བདེ་སྲུང་དམག་གིས་ངོ་རྒོལ་པ་རྣམས་ལ་མེ་མདའ་རྒྱབ་སྟེ་མི་བརྒྱ་ཕྲག་མང་པོ་བསད་པ་དང་། དེ་ལ་ཐེལ་ཐི་ལོལ་ཁོ་དམར་གསོད་ཆེན་མོ(Tlatelolco Massacre)ཞེས་གྲགས། སྤྱི་ལོ༡༩༩༤ལོར། ཆི་ཡ་ཕ་སི(Chiapas)ཞིང་ཆེན་དུ་ཙབ་དི་སི་ད་སི(ཙབ་དི་སི་རྒྱལ་ཡོངས་བཅིངས་འགྲོལ་དམག་མིའི་ཁོངས་མི)རྣམས་ཀྱིས་ངོ་ལོག་བྱས་ཏེ་གྱེན་ལངས་གཞན་ཞིག་བསླངས།

སྤྱི་ལོ༢༠༠༠ལོར། རྒྱལ་ཡོངས་ཁྲིམས་གཅོད་ཚོགས་པའི(National Action Party)བི་སན་དི་ཧྥོག་སི་སྲིད་འཛིན་དུ་འོས་འདེམ་མ་བྱུང་བར་དུ། སྒྲིག་འཛུགས་གསར་བརྗེ་ཚོགས་པས་གཙོ་བོ་འོས་སྒམ་གཡོ་ཟོལ་བརྒྱུད་ནས་དབང་ཆ་འཛིན་ཐབས་བྱས་ཡོད་པ་དང་། ཁྱོན་ལོ་ངོ༧༡རིང་ལ་མེག་སི་ཁོ་ཡི་སྲིད་གཞུང་དབང་སྒྱུར་བྱས་ཡོད།


ཆབ་སྲིད།

[རྩོམ་སྒྲིག]

མེག་སི་ཁོ་ནི་སྲིད་འཛིན་གྱི་འཛིན་སྐྱོང་འོག་ཡོད་པའི་རྩ་ཁྲིམས་རྗེས་མཐུན་གྱི་སྤྱི་མཐུན་དམངས་གཙོའི་ལམ་ལུགས་ཤིག་ཡིན། ལོ་ངོ༦རེའི་ནང་སྲིད་འཛིན་འོས་འདེམ་བྱེད་ཀྱིན་ཡོད་པ་དང་། ད་ལྟའི་སྲིད་འཛིན་ནི་ཨན་རིག་ཕི་ན་ནེ་དོ་ཡིན། མེག་སི་ཁོའི་གྲོས་ཚོགས་ལ(Senate)ཁྲིམས་བཟོ་ལྷན་ཚོགས་དང(House of Deputies)འཐུས་མའི་ལྷན་ཁང་ཡོད།

ས་ཁམས།

[རྩོམ་སྒྲིག]

མེག་སི་ཁོ་ནི་བྱང་ཨ་རིའི་ལྷོ་ཁུལ་དུ་ཡོད་ལ། ཧ་ལམ་ཟུར་གསུམ་མའི་བཟོ་དབྱིབས་ལྟར་ཆགས་ཡོད་པ་དང་། ནུབ་བྱང་ཕྱོགས་ནས་ཤར་ལྷོའི་ཕྱོགས་བར་རིང་ཚད་ལ་སྤྱི་ལེ༣༠༠༠ལྷག་ཡོད། མེག་སི་ཁོ་རྒྱ་མཚོ་ཆེན་པོ་གཉིས་ཀྱི་བར་དུ་ཡོད། གཅིག་ནི་ནུབ་ཕྱོགས་ཀྱི་ཞི་བདེ་རྒྱ་མཚོ་དང་གཞན་དེ་ནི་ནུབ་ཕྱོགས་ཀྱི་མེག་སི་ཁོ་མཚོ་ཁུགས་དང་ཁ་རི་བྷན་རྒྱ་མཚོ་ཡིན། ད་དུང་ཕྱེད་གླིང་ཕྲན་ཆེན་པོ་གཉིས་ཡོད་པ་ནི། ནུབ་བྱང་ཕྱོགས་ཀྱི་བྷ་ཇ་ཁ་ལི་ཧྥོར་ནི་ཡ་དང་ཤར་ལྷོའི་ཕྱོགས་ཀྱི་ཡུ་ཁ་དན་ཕྱེད་གླིང་ཕྲན་ཡིན། མེག་སི་ཁོའི་དབུས་དང་ནུབ་ཕྱོགས་སུ་སི་རཱ་མེ་ཌི་རི་རྒྱུད(Sierra Madre mountains)རྣམས་ཡོད་ལ། དབུས་སུ་ད་དུང(Popocatépetl)ཕོ་ཕོ་ཁ་དི་ཕི་དིལ་དང་ཨིད་ད་སི་ཧ་དིལ(Iztaccíhuatl)ལྟ་བུའི་མེ་རི་འགའ་ཡང་ཡོད། རི་བོ་གྲགས་ཅན་ཕེ་ཁོ་དྲི་ཨོ་རི་ཙབ(Pico de Orizaba)ཀྱང་མེ་རི་ཞིག་ཡིན། མེག་སི་ཁོའི་བྱང་ཕྱོགས་ནི་བྱེ་ཐང་དང་ལྷོ་ཕྱོགས་ནི་ཚ་ཁུལ་གྱི་ཆར་ཆུའི་ནགས་ཚལ་ཡིན། མེག་སི་ཁོའི་ནང་གི་གཙང་པོ་འགའ་ནི་རེའོ་བྷ་ར་བོ(ཨ་རིའི་ནང་རེའོ་གྷ་རན་དྲི་ཞེས་རྗོད་ཀྱིན་ཡོད)དང་རེའོ་བྷལ་ས་སི། རེའོ་ཕ་ནུ་ཁོ། རེའོ་ཡ་ཁུ་བཅས་ཡིན།

མི་དམངས།

[རྩོམ་སྒྲིག]

མེག་སི་ཁོ་ནི་འཛམ་གླིང་སྟེང་སི་ཕེན་སྐད་སྤྱོད་མཁན་གྱི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་དང་། ལ་ཏིན་ཨ་རིའི་ནང(བྷ་རེ་ཟེ་ཡི་འཕྲོ་ནས། )མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་པ་ཡང་ཡིན། མེག་སི་ཁོ་ཡི་མི་དམངས་ཀྱི་བརྒྱ་ཆའི༦༠གདོད་མའི་ཨ་རི་བ་དང་།  ཡོ་རོབ་ཀྱི་ཕ་མེས་ཡིན་ལ་ཁོ་ཚོར་མེ་སི་དི་ཟོ་སི(Mestizos)ཞེས་བརྗོད་ཀྱིན་ཡོད། མི་དམངས་ཀྱི་བརྒྱ་ཆའི༣༠ཙམ་གདོད་མའི་ཨ་རི་པ་གཙང་མ་དང་། བརྒྱ་ཆའི༡༠ཡོ་རོབ་པ་ཡིན། མེག་སི་ཁོའི་མི་མང་ཤོས་ཀྱིས(བརྒྱ་ཆ༩༠)སི་ཕེན་སྐད་བཤད་ཀྱིན་ཡོད་པ་དང་། བརྒྱ་ཆའི༡༠ཡིས་གདོད་མའི་ཨ་རིའི་སྐད་ཡིག་ནཱ་ཧུ་དིལ(Nahuatl)དང་ཨ་རྫི་ཐིག་མི་རིགས་ཀྱི་སྐད་ཡིག་མཱ་ཡ(Maya)ཡང་ན་ཙ་ཕོ་ཐིག(Zapotec)ལྟ་བུ་བཀོལ་གྱིན་ཡོད། མེག་སི་ཁོའི་ནང་གི་མི་མང་ཤོས་གནམ་བདག་ཆོས་ལུགས་པ(བརྒྱ་ཆ༨༩)དང་བརྒྱ་ཆ༦ཡེ་ཤུའི་ཆོས་ལུགས་གསར་མ་ཡིན།


སྒྱུར་མཁན། དབང་ཆེན་འཕྲིན་ལས།  མཐོ་བོད་འཕྲིན་སྟེགས་ནས་དྲངས།