ལིའུ་པང་།

ཡོང་ཁུངས་Wikipedia
File:ལིའུ་པང་། ༣.jpg
ཧན་ཀའོ་ཙུའུ་‎ལིའུ་པང་།

ལིའུ་པང་(སྤྱི་ལོ་སྔོན་གྱི་ལོ་༢༥༦-སྤྱི་ལོ་སྔོན་གྱི་ལོ་༡༩༥)(རྒྱ་སྐད།: 刘邦)ནི་ཆིན་རྒྱལ་རབས་དུས་སྐབས་ཀྱི་ཕེ་རྫོང་གི་མི་ཡིན། ཁོ་རང་ཆིན་རྒྱལ་རབས་ཀྱི་སྐབས་སུ་ལེ་བར་བཅུ་རེ་ཐིང་རེ་བྱས་ཡོད་པའི་ཐིང་དཔོན་ཞིག་ཡིན། ཆིན་རྒྱལ་རབས་དུས་མཇུག་གི་ཞིང་པའི་གྱེན་ལོག་ཁྲོད་ཁོ་དང་ཞང་ཡུས་གཉིས་ཀྱིས་སུས་སྔོན་ལ་ཞན་དབྱང་བླངས་ན་སུ་གོང་མར་འདུག་པའི་ཁ་ཆད་བཞག་མྱོང་། ཁོས་ཞན་དབྱང་ལ་ཕར་རྒོལ་བྱས་རྗེས་དུས་དཔག་བབ་བསྟུན་བྱས་པ་དང་རང་འགུལ་གྱིས་ཕྱིར་འབུད་བྱས། ཆིན་རྒྱལ་རབས་འཇིག་རྗེས། ཁྲུའུ་ཧན་གཡུལ་འཁྲུག་ཐོག་མའི་སྐབས་སུ་ཁོ་རང་འཐབ་ཚད་པོ་ཚང་མ་ཕམ་ནས་མི་ལེགས་པའི་གནས་སུ་ལྷུང་། ཡིན་ནའང་ཁོ་ནི་མི་བརྟག་པར་མཁས་ཤིང་མི་སྤྱོད་ཀྱང་ཤེས་པས། མཇུག་མཐར་ཞའོ་ཧོ་དང་ཀྲང་ལིའང་། ཧན་ཞིན་བཅས་ཀྱི་རོགས་རམ་འོག་ཞང་ཡུས་ལས་རྣམ་པར་རྒྱལ་པར་མ་ཟད། སྤྱི་ལོ་སྔོན་གྱི་ལོ་༢༠༢ལོར་ཧན་ནུབ་མའི་རྒྱལ་རབས་བཙུགས། ཁོས་རང་ཉིད་ཀྱི་རྒྱལ་ཁར་སྤྱི་སྡོམ་བྱེད་སྐབས་"ངའི་རྒྱལ་ཁ་ཚང་མ་ནི་མི་སྤྱོད་ཤེས་པ་ལས་བླངས་པ་ཡིན་"ཅེས་བཤད།[༡]

མི་ཚེ།[རྩོམ་སྒྲིག]

(ཧན་རྒྱལ་རབས་ཀྱི་གོང་མ་དང་པོ་ཧན་ཀའོ་ཙུའུ་ལིའུ་པང་(汉高祖刘邦)སྤྱི་ལོའི་སྔོན་གྱི་༢༥༦ནས་༡༩༥ལོའི་བར་གྱི་མི་ཡིན། སྐྱེས་ཡུལ་ཕེའི་ཤན་(沛县)དེང་སང་ཅང་སུའུ་ཞིང་ཆེན་གྱི་ཁོངས་སུ་ཡོད།)དུ་ཡིན་ཅིང། སྐྱེས་ཁུངས་ཞིང་པ་ཡིན་པས་ཞིང་པ་གྲལ་རིམ་གྱི་སྡུག་བསྔལ་གསལ་པོར་ཤེས་པར་མ་ཟད། ཤང་གྱི་རིམ་པའི་ཐིན་ཀྲང་གི་ལས་ཀའང་བྱེད་མྱོང་བས་ས་བདག་གྲལ་རིམ་གྱི་ཆབ་སྲིད་ཐོག་གི་དབང་སྒྱུར་བྱ་ཐབས་ཀྱང་གསལ་པོར་ཤེས་ཀྱི་ཡོད་པས་ཆིན་རྒྱལ་རབས་ལ་ངོ་རྒོལ་བྱེད་པའི་གྱེན་ལངས་ཀྱི་ལས་འགུལ་ལ་བཞུགས་ནས་དེའི་འགོ་ཁྲིད་ཀྱང་བྱས། དེ་སྔོན་ཆིན་རྒྱལ་རབས་བཙུགས་པ་ནས་རྒྱལ་ཡོངས་སུ་ཁྲལ་འབབ་ལྕི་བ་དང། དམག་ཁྲལ་རྫོགས་རྒྱུ་མེད་པ། ཕོ་བྲང་གསར་པ་དང་བང་སོ་རྒྱག་པའི་ལས་ཁྲལ་གསར་པ་རྒྱུན་མི་ཆད་པའིདབང་གིས་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་གནོད་འཚེ་ཚབས་ཆེན་ཕོག་པ་དང་དུས་མཚུངས་སུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ལའང་ཚབས་ཆེ་བའི་གཏོར་བཤིག་བཏང་ཞིང། གྲལ་རིམ་འགལ་བ་ཡང་རྣོ་ངར་ཅན་དུ་གྱུར་ཏེ། སྤྱི་ལོའི་སྔོན་གྱི་༢༠༩ལོའི་ཟླ་༧པར་ཕུལ་དུ་བྱུང་བའི་ཞིང་པའི་འགོ་ཁྲིད་ཁྲེན་ཧྲེན་དང་ཨུ་ཀོང་གཉིས་ཀྱི་འགོ་ཁྲིད་འོག་ཡང་ཁྲེང་(དེང་སང་ཧོ་ནན་ཞིང་ཆེན་གྱི་ཏེང་ཕེང་)དང་ཡང་ཞཱ་(དེང་སང་ཧོ་ནན་ཞིང་ཆེན་གྱི་ཐའི་ཁང་)སོགས་ཀྱི་ཞིང་པ་དང་ཉ་པ་སོགས་ཀྱི་འགོ་ཁྲིད་ནས་གྱེན་ལངས་བྱེད་པའི་དར་ཆ་བསྒྲེངས་། དེར་ས་གནས་ཁག་གི་ཞིང་པས་དང་ལེན་བྱས་ཏེ། ཁྲེན་ཤན་(དེང་སང་ཧོ་ནན་ཞིང་ཆེན་གྱི་ཧོའི་ཡང་ཤན་)ལ་ཀྲུང་གོའི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་ཞིང་པའི་གསར་བརྗེའི་སྲིད་དབང་བཙུགས། ཡིན་ནའང་ཞིང་པའི་གྱེན་ལངས་ལས་འགུལ་ནང་དུ་གཡོ་འཛུལ་བྱས་པའི་སྔར་གྱི་རྒྱལ་ཁབ་དྲུག་གི་བྲན་གཡོག་བདོག་པོ་ལྷག་འཕྲོ་རྣམས་ཀྱིས་གཏོར་བཤིག་བཏང་བའི་འོག་གྱེན་ལངས་ཀྱི་དམག་དཔུང་ལ་ཐེངས་མང་པོར་ཕམ་ཉེས་བྱུང་བར་མ་ཟད། མཐར་ཞིང་པའི་འགོ་ཁྲིད་པ་ཁྲེན་ཧྲེན་ཡང་རང་འཛིན་བཟུང་ཐེབས་ཏེ་བཀྲོངས་ཤིང། ཨུ་ཀོང་ཡང་རང་སྲོག་དོར་བ་རེད། འོན་ཀྱང་ཁོ་ཚོས་སྤར་བའི་གྱེན་ལངས་ཀྱི་མེ་ལྕེ་དེ་རྒྱལ་ཡོངས་ཀྱི་ས་གནས་མང་པོར་ཁྱབ་པར་བརྟེན། ཞང་ཡུས་ཀྱིས་གཙོ་བོ་བྱས་པའི་ཅང་ཏུང་(སུའུ་ནན་ཁུལ་གྱི་ཝུ་ཞན་)ས་ཁུལ་གྱི་གྱེན་ལངས་དམག་དཔུང་དང་ལིའུ་པང་གིས་འགོ་ཁྲིད་བྱས་པའི་ཧྥེང་ཕེའི་(སུའུ་ཕེའི་རྫོང་ས་ཁུལ་)ས་ཁུལ་གྱི་ཞིང་པའི་གྱེན་ལངས་དམག་དཔུང་གཉིས་ཆིན་རྒྱལ་རབས་ལ་ངོ་རྒོལ་བྱེད་པའི་གཙོ་ཤུགས་དམག་དཔུང་ཡིན་ཞིང། དམག་དཔུང་དེ་གཉིས་དང། ལྷག་པར་དུ་ཧོ་པེའི་ཕིང་ཤང་དམག་འཐབ་ནང་ཞང་ཡུས་ཀྱིས་སྣེ་ཁྲིད་པའི་དམག་དཔུང་དེས་ཆིན་རྒྱལ་ཁབ་ཀྱི་གཙོ་ཤུགས་དམག་དཔུང་ལ་རྒོལ་ལན་ནུས་ལྡན་བསློགས་ཏེ་ཐག་ཆོད་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ། སྤྱི་ལོ་གོང་གི་༢༠༦ལོའི་ཟླ་༡༠པར། ལིའུ་པང་གིས་འགོ་ཁྲིད་པའི་དམག་དཔུང་གིས་ཞན་དབྱང་མཁར་བླངས་ནས་ཆིན་རྒྱལ་རབས་རྩ་མེད་དུ་བཏང་ནས་ལོ་དེར་ཞང་ཡུས་རང་ཉིད་ཤིས་ཁྲུའུ་པའོ་ཝང་སྟེ། ཁྲུའུ་ནུབ་མའི་བཙན་བདག་རྒྱལ་པོ་བྱས་ཤིང། ལིའུ་པང་ཧན་རྒྱལ་པོར་བསྐོས། ཁོ་ཚོས་ཞིང་པའི་གྱེན་ལངས་ཀྱི་རྒྱལ་ཁའི་འབྲས་བུ་འཕྲོག་རེས་བྱས་པའི་མཐར་ཁྲུའུ་ཧན་དམག་འཁྲུག་ལངས། སྐབས་དེར་ཞང་ཡུས་ཀྱི་དམག་ཤུགས་མི་གྲངས་ནི་ལིའུ་པང་གི་དམག་ཤུགས་ལས་ལྡབ་ཁ་ཤས་ཀྱིས་སྟོབས་ཆེ་བ་ཡོད་ཀྱང། ཞང་ཡུས་དང་ལིའུ་པང་བར་དམག་འཐབ་ཆེ་བ་བདུན་ཅུ་ཙམ་དང་ཆུང་བ་བཞི་བཅུ་ཙམ་བྱས་པའི་ནང་ལིའུ་པང་ལ་ཕམ་ཐེངས་བཅུ་གཉིས་ཙམ་བྱྭང་ཞིང། དམག་ཤུགས་ཀྱི་ཆ་རྐྱེན་ཐད་ནས་བཤད་ན་ལིའུ་པང་ལས་ཞང་ཡུས་དམག་ཤུགས་ཆེ་ཡང། ལིའུ་པང་གི་ལམ་ཕྱོགས་ནི་ཞིང་པར་འགོ་ཁྲིད་བྱས་ནས་ཆིན་རྒྱལ་རབས་ལ་ངོ་རྒོལ་བྱེད་རྒྱུ་དེ་ཡིན་པས། རྒྱབ་རྟེན་བྱེད་ས་ནི་རྒྱ་ཆེའི་ཞིང་བྲན་ཡིན་པ་དང་། ཅུང་ཟད་བརྟན་ཙམ་ཡིན་པའི་གནས་གཞི་འཛུགས་ཐུབ་པ་བྱུང་ཡོད་ཅིང། ཞང་ཡུས་ཀྱི་ལམ་ཕྱོགས་ནི་ཞིང་པའི་གྱེན་ལངས་ཀྱི་གོ་སྐབས་དང་བསྟུན་ནས་བྲན་གཡོག་བདག་པོ་རྙིང་པའི་ལྷག་འཕྲོ་ཡིན་པ་རེད། དེའི་སྟབས་ཀྱིས་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་མི་ཐུབ་པར་བརྟེན་གནས་གཞི་འཛུགས་ཐུབ་པ་བྱུང་མེད། ཞང་དང་ལིའུ་གཉིས་དམག་འཐབ་ཐེངས་མང་བྱས་པའི་འབྲས་བུར་དམག་ཤུགས་ཞན་པའི་ལིའུ་པང་གིས་དམག་ཤུགས་ཆེ་བའི་ཞང་ཡུས་གཏོར་ཕམ་བཏང་ཏེ་སྤྱི་ལོའི་གོང་གི་ལོ་༢༠༡ལོར་ལིའུ་པང་གིས་རྒྱལ་ཡོང་ས་གཅིག་གྱུར་གྱི་སྲིད་དབང་བཙུགས་ཤིང། རྒྱལ་ས་ནི་ཁྲང་ཨན་(དེང་སང་གི་ཤིས་ཨན་)ཏེ། རྒྱལ་རབས་ཀྱི་མིང་ལ་ཧན་(汉朝)ཟེར་ཞིང། རྗེས་སུ་ཤིས་ཧན་(西汉)ཞེས་འབོད་པ་དེ་ཡིན། སྐབས་དེའི་ཆབ་སྲིད་ལམ་ལུགས་ནི་ཆིན་ཧྲི་ཧོང་གི་དུས་སྐབས་དང་ཕལ་ཆེར་འདྲ་བ་ལ་འགའ་ཞིག་མི་འདྲ་བར་ལག་ལེན་བསྟར་གྱི་ཡོད་པ་སྟེ། ཧན་གོང་མས་ཐད་ཀར་དབང་སྒྱུར་བྱས་པའི་ཅུན་གྱི་རིམ་པའི་ས་ཁུལ་བཅོ་ལྔ་ཡོད་པ་ཕུད། དེ་བྱིངས་རྣམས་རུས་རྒྱུད་གཅིག་པ་ཡིན་པའི་རྒྱལ་ཕྲན་རྒྱལ་པོ་རྣམས་ལ་བགོས་ནས། རུས་རྒྱུད་གཅིག་པ་མིན་པའི་རྒྱལ་ཕྲན་བཅད་བཟུང་ལམ་ལུགས་ལ་བཀག་འགོག་བྱས་པ་ནི་སྐབས་དེར་རྒྱལ་ཡོངས་ཀྱི་བདེ་འཇགས་དང་རྒྱ་ཆེའི་མི་དམངས་རྣམས་ཞི་བདེའི་ངང་འཚོ་བ་སྐྱེལ་བའི་གོ་སྐབས་ཡོང་བ་བྱས་པ་དང། ཆིན་རྒྱལ་རབས་ཀྱི་ཁྲིམས་ལུགས་ནང་ནས་ཕན་ཐོགས་ཡོད་པའི་རིགས་རང་འཇགས་སུ་ལགས་ལེན་དང་། ཕན་ཐོགས་མེད་པའི་རིགས་ལ་དུས་སྐབས་དང་མཐུན་པར་ལེགས་བཅོས་བྱ་ཐབས་རིམ་པ་ལག་ལེན་བསྟར་ཡོད་པས་། ཧན་རྒྱལ་རབས་ཀྱི་སྲིད་དབང་དེ་མགྱོགས་མྱུར་དུ་གོང་འཕེལ་བྱུང་། ཧན་རྒྱལ་རབས་ཀྱི་སྲིད་དབང་དེ་མགྱོགས་མྱུར་དུ་གོང་འཕེལ་བྱུང་། ཧན་རྒྱལ་རབས་ཀྱི་རུས་མིང་ནི་ལིའུ་ཡིན་ཞིང་། དེ་ལ་སྔ་རྗེས་སུ་ཤིས་ཧན་(ཧན་ནུབ་མ་)དང་ཏུང་ཧན་(ཧན་ཤར་མ་)ཟེར་བའི་རྒྱལ་རབས་ཚན་པ་གཉིས་བྱུང། ཤེས་ཧན་རྒྱལ་རབས་ལ་རིམ་བཞིན་རྒྱལ་པོ་བཅུ་བཞི་བྱུང་སྟེ། ༡.ཧན་ཀའོ་ཙུའུ་ལིའུ་པང། ༢.ཧན་ཧའིུ་རྟི་ལིའུ་དབྱིང། ༣.ཀའོ་ཙུའུ་ཡི་བཙུན་མོ་ལུའི་ཧོ། ༤.ཧན་ཝེན་རྟི་ལིའུ་ཧེང། ༥.ཧན་ཅིང་རྟི་ལིའུ་ཆི། ༦.ཧན་ཨུ་རྟི་ལིའུ་ཧེང་། ༧.ཧན་ཀྲའོ་རྟི་ལིའུ་ཧུ་ལིང་། ༨.ཧན་ཁྲང་ཡི་ཝང་ཧོ། ༩.ཧན་ཞོན་རྟི་ལིའུ་ཞུན། ༡༠.ཧན་ཡོན་རྟི་ལིའུ་ཧྲོང་། ༡༡.ཧན་ཁྲེང་རྟི་ལིའུ་ཨའོ། ༡༢.ཧན་ཨེད་རྟི་ལིའུ་ཤིན། ༡༣.ཧན་ཕིང་རྟི་ལིའུ་ཁའན། ༡༤.ཧན་དབྲུའུ་ཙི་དབྱིང་བཅས་ཀྱིས་སྤྱི་ལོའི་གོང་གི་ལོ་༢༠༦ནས་སྤྱི་ལོ་༢༣ལོ་བར་ལོ་ལོ་༢༢༩ཙམ་རིང་སྲིད་དབང་བཟུང། སྐབས་འདིར་《དེབ་ཐེར་དམར་པོ་》དཔེ་དེབ་མང་ཆེ་བའི་ནང། ཧན་ཀའོ་ཙུའུ་ནས་བཟུང་མི་རབས་བཅུ་གཉིས་བར་དུ་རྒྱལ་པོ་བྱུང་ཞེས་གསལ་བ་ནི། རྒྱལ་པོ་གསུམ་པ་ལུའོ་ཧོ་ནི་བཙུན་མོ་ཡིན་པ་དང་། རྒྱལ་པོ་གསུམ་པ་ལུའོ་ཧོ་ནི་བཙུན་མོ་ཡིན་པ་དང་། རྒྱལ་པོ་བརྒྱད་པ་ཁྲང་ཡེ་ཝང་ཧོ་རྒྱལ་པོ་རང་གི་རུས་རྒྱུད་མིན་པས་དེ་གཉིས་མ་བགྲངས་པས་རྒྱལ་པོ་བཅུ་གཉིས་ཡིན་པའི་དོན་དང། དེ་བཞིན་དུ་མི་བཟང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་《རྒྱ་ནག་ཆོས་འབྱུང་》ལས། ཧན་རྒྱལ་རབས་སྔ་རྗེས་གཉིས་སུ་རྒྱལ་པོ་ཉི་ཤུ་རྩ་དྲུག་བྱུང་བར་བཤད་པ་ཡང་གོང་ལྟར་རྒྱལ་པོ་གསུམ་པ་དང་བརྒྱད་པ་གཉིས་མ་བགྲངས་པའི་དབང་དུ་བྱས་པ་ཡིན། གོང་མ་འདིའི་ལོ་རྒྱུས་ཧྥན་ཝེན་ལའན་(范文澜)གྱིས་མཛད་པའི་《ཀྲུང་གོའི་ལོ་རྒྱུས་དེབ་ཐེར་》《中国通史》ཞེས་པ་ནས་གནད་བསྡུས་བྱས་པ་ཡིན།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. ལོ་རྒུས་བཤད་པ། ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]