Jump to content

རྭ་ལོ་ཙ་བ་རྡོ་རྗེ་གྲགས་པ།

ཡོང་ཁུངས་Wikipedia
རྭ་ལོ་ཙ་བ་རྡོ་རྗེ་གྲགས་པ།རྩོམ་སྒྲིག་བྱེད་བཞིན་པ།

རྗེ་འདེ་ཉིད་ཡབ་སྔགས་པའི་རྒྱུད་རྭ་སྟོན་དཀོན་མཆོག་རྡོ་རྗེ་དང་ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་བོད་མེ་འབྲུག(༡༠༡༦)ལོའི་ཧོར་ཟླ༡༢ཚེས༡༠ཉིན་ལ་སྟོད་ལྷོའིཆ་སྙེ་ནམ་གླང་ཡུལ(གཉའ་ནམ་ཡང་ཟེར)དུ་སྐུ་འཁྲུངས། མཚན་ལ་ངོ་མཚར་འབྱུང་གནས་སུ་བཏགས། དགུང་ལོ་དྲུག་པ་ལ་ཡབ་ཀྱིས་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བརྒྱད་པ་ལ་དབུ་ཅན་དང་། དབུ་མེད། ལཉྩ། ཝརྟུ། རྒྱ་བལ་གྱི་ཡི་གེ་སོགས་བསླབས། གསེར་གངུལ་རྡོ་ལྕགས་གྱི་བཟོ་དང་། གོས་དར་སྣམ་རས་སོགས་འཐག་ཚེམ། ལྷ་བྲིས། འབུར་བཟོ། སྲ་རྩི། རྫ་རྩི་བྱ་ཐབས། པི་ཝང་། གླིང་བུ། གླུ། གར་སོགས་ཀྱང་མཁྱེན་པས་མཚན་ལ་ཤེས་རབ་འབྱུང་གནས་སུ་བཏགས། དགུང་ལོ་དགུ་པའི་ཚེ་ཡབ་ཀྱིས་ཡང་དག་དང་ཕུར་པའི་དབང་བསྐྱུར་ནས་དེའི་རྒྱུད་ལས་གཞུང་འགྲེལ་ཊཱིཀ་མཆན་བུ་དང་བཅས་པ་སྦྱངས། དགུང་ལོ་བཅུ་གཅིག་པར་ཡབ་ཀྱི་བཀའ་ལྟར་ཇོ་མོ་དགེ་མ་ལྕམ་ཁབ་ཏུ་བཞེས། དགུང་ལོ་བཅུ་གཉིས་ནས་བཅུ་བཞིའི་བར་དུ་ཡང་དག་ལ་བསྙེན་པ་བསྐྱལ། དེ་ནས་བལ་ཡུལ་དུ་ཕེབས་ཏེ་བླ་མ་བྷ་རོ་དང་མཇལ། དཔལ་རྡོ་རྗེ་ཕག་མོའི་དབང་བསྐུར། རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྫོགས་པར་གནང་། བལ་པོ་པཎ་གྲུབ་གཞན་དུ་མ་ལས་ཆོས་མང་དུ་གསན། བལ་པོ་ལོ་རྩ་བ་དང་ལྷན་དུ་བོད་དུ་ཕེབས། སྟོད་དང་གཙང་རྒྱུད་ཡུལ་ལུང་དུ་མར་བྱོན་ཏེ་དབལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་གདམས་པ་གནང་། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེ་རྗེས་རྒྱ་གར་ཡུལ་ཡངས་པ་ཅན་དུ་བྱོན། པཎྜི་ཏ་ཆེན་པོ་མནྫ་གླིང་པ་དང་མཇལ། དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཞེས་ཏེ་མཚན་ཤྲཱི་བཛྲ་ཀི་ཏེ་དཔལ་རྡོ་རྗེ་གྲགས་པ་བྱ་བར་བཏགས། དེར་རྭ་ལོ་ཆེན་པོས་མཁན་པའི་དྲུང་དུ་ཚད་མ་སྡེ་བདུན་དང་། བྱམས་པའི་ཆོས་ལྔ་དང་མདོ་སྡེ་དང་། མངོན་པའི་གཞུང་ལུགས་ལ་སོགས་པ་མང་དུ་གསན། སློབ་དཔོན་ཤནྟི་པ་ལ་འདུལ་བ་མཐའ་དག་གསན། རིག་པའི་ཁུ་ཕྱུག་གཉིས་ལ་དབུ་མའི་སྐོར་མང་དུ་གསན། པཎ་ཆེན་མནྫ་གླིང་གི་ཕྱག་ཕྱི་མཛད་ནས་བལ་ཡུལ་མནྫ་གླིང་དུ་ལོ་དྲུག་བཞུགས་རིང་བདེ་མཆོག་རྩ་རྒྱུད་སོགས་ཀྱི་དབང་བཀའ་དང་བཤད་བཀའ། སློབ་དཔོན་སོ་སོས་མཛད་པའི་སྒྲུབ་ཐབས་ཀྱི་རིགས་མི་འདྲ་བ་དུ་མ་དང་བཅས་པ་གསན། དེ་ནས་བོད་དུ་བྱོན་ཏེ་དབུས་གཙང་ཁམས་གསུམ་ནས་འདུས་པའི་སློབ་མའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། འབུལ་བས་གླང་ཡུལ་བདུད་འདུལ་ལྷ་ཁང་གི་གཙུག་ལག་ཁང་བཏབ། རྟེན་བཞེངས། ལྷ་ཁང་རྙིང་གསོ་གསར་བཞེངས་དུ་མ་མཛད། དབུས་གཙང་བྱང་རྒྱུད་ཀྱི་ཡུལ་ལུང་ཇི་སྙེད་དུ་ཞབས་ཀྱིས་བཅགས། སྐྱེ་བོ་མཐའ་ཡས་རྣམ་དཀར་ལ་བཀོད་དེ་བྱང་ཆུབ་ཀྱིས་རྒྱུད་སྨིན་པར་མཛད། ཟབ་ལམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་གདམས་པ་མཛད། དགུང་ལོ་རེ་གཅིག་པར་རྒྱ་གར་དུ་བྱོན་ཏེ་བླ་མ་མནྫ་གླིང་པ་བོད་དུ་གདན་དྲངས་ནས་དབུས་གཙང་། ལྷོ་བྲག། གཉལ། བྱར། ལོར་གསུམ་སོགས་ཡུལ་གྲུ་ཐམས་ཅད་དུ་བྱོན། བཤད་སྒྲུབ་ཀྱི་བྱ་བ་ལ་བརྩོན་པར་བྱེད་པའི་སློབ་མ་མཐའ་ཡས་པ་རྒྱུན་མི་ཆད་པ་བྱུང་། ལོ་ཕྱེད་དང་ལྔའི་བར་དུ་མདོ་དང་། འདུལ་བ། གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར་ཅིང་དག་མ་དག་གི་ཤན་སོ་སོར་ཕྱེ། རྒྱུད་དང་སྒྲུབ་ཐབས་མང་པོ་ལ་འགྱུར་བཅོས་དང་འགའ་ཞིག་གསར་འགྱུར་མཛད། ཁྱད་པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ། རྟོག་པ་བཞི་པ་སོགས་རྒྱུད་རྒྱ་གཞུང་ཐམས་ཅད་བསྒྱུར། སྐུ་ཚེའི་སྨད་དུ་ལྷ་ལྡན་ཉིད་དུ་བཞུགས་ཏེ་འཆད་ཉན་གྱི་འཕྲིན་ལས་རྒྱུན་མི་ཆད་པར་བསྐྱངས། བུ་སློབ་འབུམ་ཕྲག་ལྷག་བྱུང་། སྙ྄ན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ། བལ་པོ་ནས་རྒྱ་གར་བར་གྱི་བཙད་པོ་དང་། བླ་མ། དགེ་བཤེས། སྨན་པ། བཙུན་མོ། རྗེ་རིགས་ལ་སོགས་པའི་མི་དྲག་ཞན་དུ་མ་སློབ་མར་གྱུར། སྐུ་ཚེ་ཧྲིལ་པོར་རྒྱ་གར་དང་བལ་ཡུལ་དུ་ལན་བཞི་ཕེབས། བོད་ཀྱི་མངའ་རིས་སྐོར་གསུམ་དང་། དབུས་གཙང་ཁམས་གསུམ། གཉལ་ལོར་བྱར་གསུམ་། དྭགས་ཀོང་ཨེ་གསུམ་ལ་སོགས་པའི་ཡུལ་གྲུ་ཐམས་ཅད་དུ་བྱོན་ནས་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་བསྐོར། མཐར་དགུང་གྲངས་བརྒྱ་དང་བཅུའམ་བརྒྱ་དང་བརྒྱད་ཅུ་བཞུགས་སོགས་གསུང་ཚུལ་མི་འདྲ་བ་མཆིས། (རྭ་ལོའི་རྣམ་ཐར་ནང་རྭ་ལོ་ཞལ་བཞུགས་སྐབས་སྣར་ཐང་དགོན་པ་བཏབ་ཟིན་ཚུལ་དང་། མངའ་བདག་རྩེ་ལྡེས་མེ་འབྲུག་ལོར་ཆོས་འཁོར་ཆེན་མོ་འཛུགས་སྐབས་རྭ་ལོ་དགུང་ལོ་རེ་གཅིག་ཏུ་ཕེབས་ཚུལ་གསལ། ཞང་ཚེས་སྤོངས་ཆོས་ཀྱི་བླ་མ་དང་འབྲེལ་བ་བཟང)དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།