རྒྱ་བ་རོང་།
སྤྱི་བཤད།
[རྩོམ་སྒྲིག]རྒྱ་བ་རོང་ཞེས་པ་བོད་ཀྱི་ཡུལ་སྡེ་ཆུང་ངུ་ཞིག་གི་མིང་སྟེ། སྔར་འབའ་སྡེ་དང་དེང་སང་སྡེ་རོང་༼ སྡེ་རོང་།༽ཁོངས་སུ་གཏོགས། རོང་ཁོག་དམིགས་བསལ་བ་ཞིག་ཡིན། ནང་ གསེས་སུ་རྒྱ་རོང་དང་། ཐེལ་ཙེ། ཞོལ་རྒྱགས་བཅས་གྲོང་ཚོ་གསུམ་ཡོད། སྔར་རྒྱ་རོང་ཝ་མགོ་སྟེང་ཞེས་པའི་རི་མགོར་ཁྱིམ་ཚང་བཞི་ཡོད་པ་ད་ལྟ་མར་ཀླུང་དུ་བབས་ཚར། ད་ ལྟ་ཁྱོན་ཁྱིམ་ཚང་༣༠ འདུག ཚང་མ་གོ་སྟེང་དགོན་གྱི་ཡོན་བདག་ཡིན། ཨོྃ་བརྒྱ་དགོན་ལའང་དད་པ་ཆེར་བྱེད། བོད་སྤྱི་སྐད་ཅུང་ཟད་ཟུར་ཆགས་པའི་ཡུལ་སྐད་རྒྱག་པ་ཡིན་ཡང་ བོད་མི་བར་གོ་བརྡ་མི་འཕྲོད་པའི་ལོགས་སྐད་ནི་མ་ཡིན། མི་རྣམས་ལྷོད་ཆགས་ཤིང་ཆོག་ཤེས་ཆེ་བ། ཆོས་ལ་དད་པ་ཆེ་ཡང་བརྩོན་པ་ཞན་པ། འདུས་ཏེ་བསྡད་ནས་ཁ་བརྡ་ བྱེད་པར་དགའ་བ། ཕྱི་ལོགས་ནས་བྱུང་བའི་གཏམ་ལ་ཡ་མཚན་འཛིན་པ་ཡིན། རི་ཐང་གཉིས་ནས་འཚོ་ཆས་གཉེར་བའོ། །
རོང་ཁོག་འདི་ནས་བྱུང་བའི་གཏམ་དཔེ།
[རྩོམ་སྒྲིག]- ཕར་ཞལ་གང་ལ་ཚུར་ཞལ་གང་། འདིར་ཞལ་ནི་གསོལ་ཞལ་ཞེས་པ་ལྟ་བུ་ཕོར་པ་ལ་གོ གཏམ་དཔེའི་དོན་ནི། ཕར་བཏང་བའི་འགྲོ་སོང་དང་ཚུར་འབབ་པའི་འོང་སྒོ་
གཉིས་མཉམ་པར་གྱུར་པའོ། །
- རྒྱ་བ་རོང་པ་སྒོ་ར་གང་། རྩིས་གཏུག་རྒྱག་དུས་མི་མགོ་བདུན། དོན་ནི་བལྟས་ཚོད་ལ་མི་མང་པོ་ཡོད་ཀྱང་དཀའ་ལས་བྱེད་མཁན་གྱི་མི་ཉུང་ཉུང་རེད་ཅེས་པའི་དོན།
- ཕར་ཐལ་བ་མ་གཏོར་ན། ཚུར་བུ་ཡུག་མི་འཁྲིགས།
- ཡ་ཟེར་ས་ཁ། བསམ་པ་གཏོང་ས་སེམས།
- རང་ཁ་སོར་གསུམ་རང་ལ་དབང་།
- ཁ་ནས་ཟ་ཆེས་ན། རྐུབ་ནས་ཉོན་མོངས།
- མྱི་མང་ལག་པ་གསེར།
- ཁ་ནས་འོ་དྲི་མ་ཡལ་བར། རྐུབ་ནས་སྐྱག་དྲི་བྲོ།
- གཅེས་ཆེ་ན་བུ་ཚ་དགྲ་རུ་སྡང་།
- བུ་ཚའི་རྩེད་མོ། མི་རྒན་གྱི་ལས་ཀ
ཤེས་རིག
[རྩོམ་སྒྲིག]·འབུམ་ཁྲལ་སོད་པ། སྔར་ཡུལ་འདིའི་ཕོ་ཡིན་ཚད་ཀྱིས་འབུམ་ཁྲལ་སོད་ཅེས་ཤོད་སྲོལ་ཡོད། དེའི་དོན་ནི་སྐྱེས་པ་ཐམས་ཅད་ཀྱིས་བོད་ཡིག་ཤེས་པས་འབུམ་ཀློག་ཐུབ་པའི་ དོན་རེད། འོན་ཀྱང་ད་ལྟ་ནི་དེ་དང་མི་འདྲ་སྟེ། རྒྱ་བ་རོང་ཡོངས་ལ་སྐྱེས་པ་བཅུ་ཙམ་ལས་གཞན་པ་རྣམས་ཀྱིས་བོད་ཡིག་མི་ཤེས།
·ཤིང་བཟོ་མང་བ། ད་ལྟ་ཡུལ་སྡེ་འདིའི་སྐྱེས་པ་བརྒྱ་ཆ་དགུ་བཅུ་གོ་ལྔས་ཤིང་བཟོའི་ལག་རྩལ་ཤེས།
·གྱང་མཁན། རོང་ཁོག་དེར་བོད་ཁང་ཚང་མ་གྱང་གིས་བསྐྲུན་པ་ཡིན་པས་གྱང་མཁན་ནི་གྱང་པའི་ནང་གི་ལག་ཤེས་ཡག་ཤོས་ཅན་ཡིན་པས་དེ་ནི་ལག་རྩལ་ཅན་དུ་བརྩི་ བ་ཡིན། ད་ལྟ་རྒྱ་བ་རོང་ལ་གྱང་མཁན་མི་གསུམ་ཡོད།
·སྨྱུག་མ་མཁན།
·ཐགས་མཁན་མང་བ། ཡུལ་དེའི་བུད་མེད་ལས་བརྒྱ་ཆ་དགུ་བཅུ་ལྷག་གིས་སྐེ་རགས་དང་ཕྱར་བ། གསོ་སྣམ། བལ་གྱི་ཉལ་གཟན། ལྷམ་སྒྲོག་སོགས་ཀྱི་ཐགས་འཐག་ཤེས།
ཡུལ་སྡེ་འདིའི་མི་སྣ།
[རྩོམ་སྒྲིག]·རྒྱ་རོང་བསོད་ནམས་སྒྲོལ་མ། ཡུལ་འདི་ཐོག་མར་བཟུང་མཁན་འདི་ཡིན་པར་གྲགས་ལ། འདིའི་སྐབས་སུ་རི་ལ་བྲ་བོ་བཏབ་ནས་ཐོན་འབབ་ཆེ་བའི་ཚད་དུ་བཤད།
·ཨ་མཆོད་པདྨ། ཨ་མཆོད་པདྨའི་མཚན་ཅན་གཉིས་བྱུང་བར་བཤད་དེ། དེ་ལས་རྒན་པ་དེ་ནི་གོ་སྟེང་དགོན་པའི་སྤར་མཁན་སྤྲུལ་སྐུའི་སྐུ་རབས་ཤིག་གི་ཡོངས་འཛིན་ རེད།
·ཕུ་གནས་ཉི་མ། རྒན་པོ་འདི་ལ་ཆུང་མ་བཞི་དང་ཕྲུ་གུ་དགུ་ཡོད། ཚང་མ་ལ་ཁྱད་མེད་དུ་བལྟས་ནས་བྱམས་སྐྱོང་བྱས་པས་ཁྱིམ་ཚང་མཐུན་སྒྲིལ་བཟང་ཤོས་སུ་གྱུར། ཚེ་གང་བཟའ་སྨད་གསོ་བའི་ཆེད་དུ་རྔོན་ལས་བྱས། འོན་ཀྱང་གུ་རུ་ རིན་པོ་ཆེ་ལ་དད་པ་ཆེ་ཞིང་བསམ་པ་ལྷུན་གྲུབ་མ་ཁ་འདོན་ཆད་མེད་དུ་བྱས་པས་ཤི་ཁར་ཙོག་པུར་བསྡད་དེ་ཚེ་འཕོས་པར་བཤད།
·མས་གཞོགས་ཉི་མ། འདི་གཞོན་དུས་སྔགས་ཕྲུག་བྱས། ཡིག་རྩ་བཟང་བས་ཕྱིས་སུ་ཨ་མཆོད་ཆེན་པོ་ཞིག་ཏུ་གྱུར། ཁྱིམ་བཟུང་ཡང་མི་རྒྱུད་མེད།
·གཉའ་མ་སྐལ་བཟང་ནོར་བུ། ཨ་མཆོད་མཁས་པ་ཞིག་སྟེ། སྔགས་ཀློག་པ་ལ་ལྷག་པར་བྱང་། ཡི་གེ་ཀློག་དུས་སྒྲ་གསལ་ཞིང་དག
·སྤོ་མདོ་བྱམས་པ། ཉེ་དུས་སུ་བྱུང་བའི་རྒྱ་བ་རོང་གི་ཚོང་པ་ཞིག་རེད། ཆུང་དུས་བནྡེ་ཡིན་པས་བོང་བུ་དེད་ནས་ལྷ་སར་གྲྭ་ས་ཕྱིན་པས་མཐོང་རྒྱ་མི་ཆུང་། བཅོས་བསྒྱུར་བྱས་སྐབས་སྐྱ་སར་བབས། སྡེ་རོང་སྤོ་མདོ་ཞེས་པའི་ཡུལ་ནས་མག་པར་བསུས་པ་ཡིན། སྲོལ་རྒྱུན་གྱི་ཁོང་རྩིས་ལ་མཁས།
ཁྱིམ་ཚང་རྙིང་པའི་ཐོ།
[རྩོམ་སྒྲིག]·རྒྱ་རོང་ཝ་མགོ་སྟེང་ལ་ཁྱིམ་ཚང་བཞི་ཡོད་དེ། མས་གཞོགས་ཚང་དང་། གཉའ་མ་ཚང་། ཁང་གསར་ཚང་། ཐེལ་ཙེ་ཚང་བཅས་སོ། །
·ཞོལ་རྒྱགས་གྲོང་ལ་ཞོལ་རྒྱགས་ཞེས་པའི་ཁྱིམ་ཚང་ཧ་ཅང་ཕྱུག་པོ་ཞིག་ཡོད། ཨོྃ་བརྒྱ་དགོན་གྱི་སྦས་ཕུག་སྤྲུལ་སྐུའི་སྐུ་བདག་ཚང་ཡིན།
·ཐེལ་ཙེ་གྲོང་དུ་གཉའ་མ་ཚང་དང་། ཞབས་མ་ཚང་། ཁྱིམ་གསར་ཚང་བཅས་གསུམ་ཡོད།
·རྒྱ་རོང་གྲོང་དུ་ཕུ་གནས་དང་། གཉའ་མ། ཡར་གནས། གཡང་ཀ་བཅས་ཁྱིམ་ཚང་བཞི་ཡོད། དེ་ལྟ་ན་སྤྱི་ལོ༡༩༥༨ ཡན་ཆད་ལ་རྒྱ་རོང་དུ་ཁྱོན་ཁྱིམ་ཚང་བཅུ་གཉིས་ཡོད་པ་ ཡིན་ནོ། །
པར་རིས་མཛེས་ཁྱམས།
[རྩོམ་སྒྲིག]ད་དུང་གཟིགས།
[རྩོམ་སྒྲིག]མཚམས་སྦྱོར་བྱེད་མཁན་ནི། རོང་བན། ༠༥:༤༥, ༩ ཟླ་བདུན་པ། ༢༠༡༡ (UTC)