གོ་སྟེང་དགོན།
གོ་དགོན།
དགོན་པའི་མཚན་ཆ་ཚང་།
[རྩོམ་སྒྲིག]གོ་སྟེང་དགོན་གྱི་མཚན་ཆ་ཚང་ལ་གོ་བོ་ཨོ་རྒྱན་བདུད་འདུལ་གླིང་ཞུ།
དགོན་པའི་དུས་མཆོད་ཁག
[རྩོམ་སྒྲིག]དགོན་པ་འདི་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་པའི་ཆོས་བརྒྱུད་ཡིན་པས་དུས་མཆོད་ཁག་ཕལ་ཆེར་དེ་དང་གཅིག་པ་ཡིན།
༡ ཟླ་བ་དང་པོ། བོད་ཟླ་དང་པོར་དགོན་པའི་བླ་གྲྭ་ཡོངས་ཀྱི་ཞབས་བརྟན་དུ་ཚེ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱི་སྒྲུབ་པ་ཞག་བ
དུན།
༢ ཚེས་བཅུ་ཆེན་མོ། བོད་ཟླ་ལྔ་པའི་ཡར་ཚེས་བཅུ་དང་བསྟུན་ནས་བླ་མ་གསང་འདུས་གཙོས་པའི་སྒྲུབ་པ་ཞག་བདུན། དེ་དུས་འཆམ་མཇལ་རྒྱུ་ཡོད་པས་རང་ཁོངས་དང་ཉེ་འཁོར་ནས་དད་ལྡན་མང་པོ་འདུས་ཕྱིར་འདུ་ལོང་ཤིན་ཏུ་ཆེ།
༣ སྟག་ཟླ། བོད་ཟླ་དྲུག་པར་བྱང་གཏེར་ཕུར་པའི་སྒྲུབ་ཆེན་ཞག་བདུན། འདི་གཙོ་བོ་སྤྱི་སོང་བའི་ཡོན་བདག་གི་རིམ་གྲོ་ཡིན།
༤ དགུ་གཏོར་ཆེན་མོ། བོད་ཟླ་བཅུ་པའི་ཚེས༢༢ ནས་བཀའ་བརྒྱད་རང་ཤར་གྱི་སྒྲུབ་ཆེན་ཞག་བདུན།
༥ དབྱར་གནས། འདི་ནི་སྒར་སྤྲུལ་འཇིགས་མེད་ཕྲིན་ལས་དཔལ་འབྱོར་གྱིས་སྔར་ལྕང་མ་སྒར་གྱི་ཕྱག་བཞེས་ལྟར་མཁན་ཆེན་དགེ་ལེགས་ཆོས་འཕེལ་གྱི་བུ་ཆེན་མཁན་པོ་ཐུབ་སྨོན་གདན་དྲངས་ནས་གསར་དུ་བཙུགས་པ་རེད། དུས་ཚོད་ནི་བོད་སྤྱི་པ་དང་མཐུན་པར་ཞག་ལྔ་བཅུ་ཡིན།
དགོན་པའི་པར་རིས་མཛེས་ཁྱམས།
[རྩོམ་སྒྲིག]དགོན་པའི་བཤད་གྲྭ།
[རྩོམ་སྒྲིག]དགོན་པ་འདིར་བཤད་གྲྭ་ཆུང་ལེགས་ཤིག་ཡོད་པའི་མཚན་ལ་བཤད་སྒྲུབ་ཀུན་བཟང་གླིང་ཞུ། གོ་སྟེང་དགོན་གྱི་གཡས་ལོགས་རི་ལྡེབས་བསྟན་རྒྱས་སྒང་དུ་ཆགས་ཡོད། སྤྱི་ལོ༢༠༠༠ ལོ་འགོར་ཐོག་མར་དབུ་བརྙེས། ད་བར་ལོ་བཅུ་བཅུ་གསུམ་གྱི་རིང་ལ་འཛིན་གྲྭ་གཉིས་མཐར་ཕྱིན་སོང་། རྙིང་མ་དང་བཀའ་བརྒྱུད་ཀྱི་དགོན་ཁག་བཅུ་ཙམ་ནས་ཕེབས་པའི་བཤད་གྲྭ་བ་ཡོད། མིང་ཚིག་བརྗོད་པ་ཀུན་གྱི་རྩ་བ་ཡི་གེའི་བྲིསགཟུགས་ནས་བཟུང་སྟེ་སུམ་རྟགས་དག་གསུམ་དང་། ཆོས་འབྱུང་། པར་བརྐོ། བློ་སྦྱོང་། མཁས་འཇུག བཤེས་སྤྲིངས། སྔོན་འགྲོ། བསྐྱེད་རིམ། ཐེག་དགུའི་རྣམ་གཞག་སོགས་འཆད་ཉན་བགྱིད་བཞིན་པ་རེད། ད་ལྟ་མཁན་པོ་གཅིག་དང་དགེ་རྒན་གཅིག བཤད་གྲྭ་བ་ཉི་ཤུ་བཞུགས། འཛིན་གྲྭ་གསུམ་པའི་ལོ་རིམ་བཞི་པ་ལ་ཟིན་ཡོད།
དགོན་ཁོངས་བཙུན་མའི་གནས་ཚུལ།
[རྩོམ་སྒྲིག]དགེ་ཞི་གླིང་།
[རྩོམ་སྒྲིག]གོ་སྟེང་དགོན་པའི་ཁོངས་སུ་སྤུན་གསུམ་༼འཇང་༽གྲོང་གི་གཡོན་ལོགས་རི་ངོས་ལ་དགེ་ཞི་གླིང་ཞེས་པའི་བཙུན་མའི་དགོན་ཆུང་ངམ་རི་ཁྲོད་ཅིག་ཆགས་ཡོད། དེ་ལ་ཡུལ་མིའི་ཁ་སྐད་དུ་འཇང་རི་ཁྲོད་ཟེར། རི་ཁྲོད་འདིའི་ས་བོན་ལྟ་བུ་རི་ཁྲོད་རྙིང་པ་ཞིག་སྤྱི་ལོ༡༩༥༨ ཡན་ནས་ཡོད། ད་ལྟ་བཙུན་མ་བཞི་ཅུ་ལྷག་ཙམ་བཞུགས། ལོ་ལྟར་དུ་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་ནས་བཟུང་ཞག་བརྒྱའི་རིང་མཚམས་བཞུགས་དགོས། དེ་ལ་ཞག་བརྒྱ་ཟེར། དེ་དུས་ཞག་བརྒྱའི་བཅད་རྒྱ་ལ་ཁྱིམ་པ་ཕོ་མོ་སེམས་ཁྲིད་ཐོབ་པ་རྣམས་ཀྱང་ཞུགས་དགོས། ཞག་བརྒྱའི་སྐབས་དོ་དམ་བྱེད་མཁན་ནི་གླིང་དཔོན་དང་ཁྱིམ་པ་དགེ་སྐོས་གཅིག་སྟེ་མི་གཉིས་ཡིན།
ཆོས་ཚོགས་ནར་མ་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་ཉེར་ལྔ་ལ་ཚོགས་འཁོར་དང་། ལོ་རེའི་བོད་ཟླ་གསུམ་པའི་མཇུག་ནས་ཀར་གླིང་ཞི་ཁྲོའི་སྒྲུབ་མཆོད་ཞག་བདུན། དེ་ནས་མཐུད་དེ་ས་ག་ཟླ་བ་ལ་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་མཆོད་ཞག་བདུན་གནང་གི་ཡོད་དོ། །
དེ་མིན་རང་འདོད་ལྟར་བླ་མའི་སར་ཁས་བླངས་ནས་ལོ་མཚམས་བཞུགས་མཁན་གྱི་བཙུན་མ་དང་ཁྱིམ་པ་ཡང་ལོ་རེ་བཞིན་ཁ་ཤས་མཆིས།
དགེ་ཞི་གླིང་དུ་ལྕགས་སྟག་ལོ་༼ སྤྱི་ལོ༢༠༡༠ ༽ ལ་ཐོས་བསམ་བྱེད་ཡུལ་བཤད་གྲྭ་ཞིག་གོ་དགོན་སྒར་རྗེ་སྤྲུལ་སྐུ་ནས་གསར་དུ་བཙུགས་པར་བཙུན་མའི་རི་ཁྲོད་ཁག་བཞི་ནས་འདུས་པའི་བཤད་གྲྭ་བ་དྲུག་ཅུ་རེ་ལྔ་དང་དགེ་རྒན་གཉིས་བཞུགས་སོ། །
དགེ་མ་གླིང་།
[རྩོམ་སྒྲིག]གོ་སྟེང་དགོན་པའི་ཁོངས་སུ་གཡུ་རི་གྲོང་གི་གཡོན་ལོགས་རི་འདབས་ལ་དགེ་མ་གླིང་ཞེས་པའི་བཙུན་མའི་དགོན་ཆུང་ངམ་རི་ཁྲོད་ཅིག་ཆགས་ཡོད། དེ་ལ་ཡུལ་མིའི་ཁ་སྐད་དུ་དགེ་ར་སྟེང་རི་ཁྲོད་ཟེར། དེ་གོ་དགོན་སྤར་མཁན་སྤྲུལ་སྐུ་ཀརྨ་ལེགས་གྲུབ་ཀྱི་སྐུ་དུས་གསར་དུ་བཏབ་པ་ཡིན། སྔོན་དུས་མེད། ད་ལྟ་བཙུན་མ་བཞི་ཅུར་ཉེ་བ་ཞིག་བཞུགས། ལོ་ལྟར་དུ་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་ནས་བཟུང་ཞག་བརྒྱའི་རིང་མཚམས་བཞུགས་དགོས། དེ་ལ་ཞག་བརྒྱ་ཟེར། དེ་དུས་ཞག་བརྒྱའི་བཅད་རྒྱ་ལ་ཁྱིམ་པ་ཕོ་མོ་སེམས་ཁྲིད་ཐོབ་པ་རྣམས་ཀྱང་ཞུགས་དགོས། བསྡོམས་པས་མི་བརྒྱ་དང་བཅུ་ཡས་མས་འདུས། ཞག་བརྒྱའི་སྐབས་དོ་དམ་བྱེད་མཁན་ནི་ཁྱིམ་པ་དགེ་སྐོས་རེ་རེ་བསྐོ་བའི་སྲོལ་ཡོད་དོ། །
ཆོས་ཚོགས་ནར་མ་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་ཉེར་ལྔ་ལ་ཚོགས་འཁོར་དང་། ལོ་རེའི་ས་ག་ཟླ་བ་ལ་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་མཆོད་ཞག་བདུན་གནང་གི་ཡོད་དོ། །
དེ་མིན་རང་འདོད་ལྟར་བླ་མའི་སར་ལོ་རེའི་དམ་བཅའ་བྱས་ནས་མཚམས་བཞུགས་མཁན་གྱི་བཙུན་མ་དང་ཁྱིམ་པ་ཡང་མི་ཉུང་བ་མཆིས།