Jump to content

མོན་པ།

ཡོང་ཁུངས་Wikipedia

༄༅།།མོན་པ

 དེ་ཡང་ལོ་ངོ་སྟོང་ཚོ་གཅིག་ཙམ་གྱི་སྔོན་ན་གླིང་གེ་སར་རྒྱལ་པོས་གཡུལ་འགྱེད་བྱེད་སའི་གནས་དེ་ད་ལྟའི་ས་ཁུལ་འདི་རེད་ཅེས་མཛུབ་མོ་བཙུགས་ནས་ཁ་ཚོན་གཅོད་དགོས་ན།  ངེས་པར་དུ་སྔོན་རབས་ཀྱི་ཡིག་ཚང་དང་དམངས་ཁྲོད་ཀྱི་ངག་རྒྱུན། གནའ་བོའི་དུས་ཀྱི་རྗེས་ཤུལ་བཅས་ལ་བརྟེན་པ་ནི་སྨོས་མ་དགོས་པ་རེད།


དེ་ན་སྔོན་རབས་པ་རྣམས་ཀྱིས་མོན་ཞེས་པ་དེ་གང་ཡིན་པར་བསྟན་ཡོད་ཅེ་ན།  སྤྱི་ལོ823ལ་བཙུགས་པའི་ལྷ་སའི་གཙུག་ལག་ཁང་མདུན་གྱི་དབོན་ཞང་རྡོ་རིང་ངོས་སུ། ལྷོ་ཕྱོགས་ཀྱི་མོན་རྒྱ་གར་དང་།། ནུབ་ཕྱོགས་ཀྱི་ཏ་ཟྀག་དང་།། བྱང་ཕྱོགས་ཀྱྀ་དྲུ་གུ་ནེ་སྨེལ་ལ་སྩོགས་པ། ། ཞེས་བཀོད་པ་དང་། ཚལ་པའི《དེབ་དམར》ལས་ཀྱང་། བོད་དུ་བཞི་སྟོང་སྡེར་ཕྱེ། ལྷོ་ནས་བློ་དང་མོན།  ནུབ་ནས་ཞང་ཞུང་།  བྱང་ནས་ཧོར། ཤར་རྩ་མི་ཤིང་མི་རྣམས་མངའ་འོག་ཏུ་བསྡུས། ཞེས་བོད་ལྗོངས་ཀྱི་ལྷོ་ཕྱོགས་ན་མོན་ཞེས་པ་ཞིག་ཡོད་པར་བསྟན་ཡོད།  དེས་ན་གནའ་བོའི་བོའི་ཡིག་ཚང་དུ་བཀོད་པའི་མོན་ཞེས་པ་དང་གླིང་སྒྲུང་དུ་བཀོད་པའི་མོན་ཞེས་པ་གཉིས་ཡུལ་གཅིག་ཡིན་ནམ་མིན་ཟེར་ན། 《མོན་གླིང་གཡུལ་འགྱེད》ལས་ཀྱང་། གནའ་བོའི་ཡིག་ཚང་ལྟར་ལྷོ་ཕྱོགས་མོན་གྱི་རྒྱལ་པོ་ཤིང་ཁྲི་འདུལ་བའི་གཡུལ་འགྱེད་ཀྱི་ལོ་རྒྱུས་ཞེས་མོན་ཡུལ་ནི་ལྷོ་ཕྱོགས་སུ་ཡོད་པར་བཀོད་ཅིང་། བོད་ལྗོངས་ལྷོ་མོན་གྱི་མཚོ་སྣ་རྫོང་དུ་སྟག་ལུང་རྫོང་ངམ་སེང་ཟེར་བའི་གྲོང་བརྡལ་ཡོད་པ་དེ་གླིང་སྒྲུང་ལས། ཤར་དུ་རི་བཀྲ་སྟག་མོ་རྫོང་།། ཟེར་བ་དང་། འདམ་བུ་དཔའ་གྲོང་སེང་རྫོང་ནས།། ཞེས་པ་དང་མཐུན་ཞིང་། 《མོན་གླིང་གཡུལ་འགྱེད》ལས།  ལྷོ་མོན་མོན་གྱི་རྒྱལ་ས་ལ། ལྷོ་ལ་ལུང་ཆེན་བཅོ་བརྒྱད་ཡོད།  དེ་ལ་སྡེ་ཁག་བཅོ་བརྒྱད་ཡོད།  ཟེར་བ་དང་།  མོན་སྡེ་ཁག་བདུན་གྱི་ཡ་གྱལ་སྤ་གྲོ་ཞེས་པའང་ད་ལྟ་ལྷོ་མོན་ཕྱོགས་སུ་ངོས་འཛིན་རྒྱུ་ཡོད་པ་རེད། དེ་བཞིན་དུ་བོད་ཀྱི་མོན་ཡུལ་དང་དེ་དང་འབྲེལ་བའི་ལྷོ་ཡུལ་དང་འབྲུག་ཡུལ་སོགས་ཀྱང་གླིང་སྒྲུང་དུ།

ས་འདི་ས་ངོ་མ་ཤེས་ན།།

མོན་ཡུལ་མཐིལ་ཐང་ཁྲ་མོ་རེད།།

དབྱར་དགུན་ནམ་ཟླ་བརྗེ་རྒྱུ་མེད།།

སྦྲང་ཆར་ཟིལ་མ་དྭངས་དུས་མེད།།ཟེར་བ་དང་།

ས་འདི་ས་ངོ་མ་ཤེས་ན།།

སྐྱིད་མོ་མོན་གྱི་ས་ཆ་རེད།།

སྟག་དང་སེང་གེ་འཐབ་པའི་ས།།

རྨ་བྱ་ནེ་ཙོ་རྩེ་བའི་ས།།

ཆར་ཟིལ་དྲི་མེད་ཐར་ཐོར་ལ།།

གཡུ་འབྲུག་གསུང་སྐད་སྒྲོག་པའི་ས།།ཞེས་པ་ལྟར་ད་བབ་དམའ་ཞིང་གནམ་གཤིས་དྲོ་བ་དང་། ཆར་ཆུ་མོད་པས། ལོ་གཅིག་གི་དུས་ཚིགས་བཞིར་འབྲས་དང་ཀའོ་ལེང་། ཁྲེ། ཨ་ཤོམ་སོགས་ལོ་ཏོག་སྐྱེས་པ་དང་། རི་རོང་དོག་ཅིང་གདོད་མའི་ནགས་ཚལ་སྟུག་པོས་ཁེབས་པ། འབྲས་ལྡན་ལྗོན་ཤིང་དང་སྨན་རྫས་རྩ་ཆེན་རྣམས་རི་ལུང་ཀུན་ལ་སྐྱེས་ཤིང་དུས་བཞིར་སྔོ་མཐིང་ངེར་འདུག་པ། ཁྱད་པར་དུ་དབྱར་དུས་དང་སྟོན་ཀར་སྨན་ཏོག་དང་ལྗོན་ཤིང་རྣམས་ལ་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པ་དང་། མཛེས་སྡུག་བྱ་རིགས་སྣ་ཚོགས་ངང་གིས་འཁོར་ནས་སྙན་པའི་སྐད་སྒྲ་ལྷང་ལྷང་དུ་སྒྲོག་བཞིན་འཕུར་ལྡིང་གར་ལ་རོལ་པ། སེང་གེ་དང་སྟག་དོམ་སོགས་གཅན་གཟན་དང་རི་དྭགས་སྣ་ཚོགས་ཀྱང་ས་དེའི་བཅུད་དང་རྒྱན་དུ་འཛོམས་ཤིང་རྩེན་པར་བྱེད། མོན་ཡུལ་ལ“མོན་ཡུལ་སྐྱིད་མོ་ལྗོངས”སུ་འབོད་པ་ཡང་ས་དེའི་ཡུལ་གྱི་བཀོད་པ་ལེགས་ཤིང་ཐོན་ཁུངས་འཛོམས་པོ་ཡོད་པའི་རྐྱེན་ཡིན་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི《མོན་པ་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》དང་། མོན་པའི་ཡུལ་ནས་སྐྱེས་ཤིང་ནར་སོན་པའི་ཡེ་ཤེས་འཕྲིན་ལས་ལགས་ཀྱིས་བརྩམས་པའི《མོན་ཡུལ་གྱི་གཞི་རྩའི་གནས་ཚུལ》ལས་གསལ། དེ་མིན་བོད་ལྗོངས་སྤོ་བོ་ཁུལ་གྱི་ཙ་རིའི་མཆོད་རྟེན་ནག་འབལ་ཞེས་པ་ནི་ཐེའུ་རང་བླ་མ་རྐང་གཅིག་བཏུལ་བའི་མཆོད་རྟེན་དུ་བགྱིས་པ་དང་། སྤོ་བོ་རྫོང་རྣ་ཟེར་བ་ནི་མོན་ཤིང་ཁྲི་རྒྱལ་པོའི་བློན་པོ་སྐུ་ལྷ་ཐོག་རྒྱལ་བཟུང་བའི་གནས་ཡིན་པར་ངོས་འཛིན་ཞིང་གནས་དེའི་མིང་ལའང་དང་ཐོག་བཟུང་སྣ་ཟེར་ཡང་། ཕྱིས་སུ་སྒྲ་ཟུར་ཉམས་ནས་རྫོང་སྣར་འབོད་པ་ཡིན་ཟེར་བ་དང་།  བཟུང་སྣའི་ཕུ་ལ་ཐང་ཞིག་ཡོད་པ་སྔར་གླིང་གི་དམག་སྒར་འདེབས་ས་ཡིན་པས་གླིང་ཐང་ཟེར་བ་དང་། བཟུང་སྣ་ཕ་རིའི་ངོགས་ལ་ཐང་ཞིག་ཡོད་པ་དེ་མོན་སྐུ་ལྷ་ཐོག་རྒྱལ་ངལ་གསོ་བའི་ཐང་ཡིན་པས་སྐུ་ཐང་ཞེས་བགྱིས། ཆུ་མདོའི་ཐང་གཤམ་དུ་མོན་སྐུ་ལྷ་ཐོག་རྒྱལ་གྱི་ཕུང་བོ་མནན་པར་བགྱིས་པའི་མཆོད་རྟེན་ཞིག་ཡོད་པ་དེའང་རིག་གནས་གསར་བརྗེའི་དུས་བཤིབས་པ་ན། མིའི་རྐང་དུང་རིང་པོ་སྐྱེ་བོ་ཕལ་བའི་སྐེད་པའི་མཚམས་སུ་སླེབས་པ་ཞིག་ཡོད་པ། དངོས་སུ་མཐོང་མྱོང་བའི་མི་ཡོད་ཟེར་བ་དེ་དག་ཀྱང《མོན་གླིང་གཡུལ་འགྱེད》དུ་བཀོད་པ་དང་ཕལ་ཆེར་གཅིག་ཏུ་མཐུན་པ་རེད།

དེ་ལྟར་གནའ་བོའི་ཡིག་ཚང་དུ་བསྟན་པའི་མོན་དང་། གླིང་སྒྲུང་དུ་བསྟན་པའི་མོན་གཉིས་མིང་དང་ཆགས་ཡུལ། ཡུལ་གྱི་བཀོད་པ་སོགས་ཀུན་ནས་མཐུན་ལ།  ས་དེར་ཡོད་པའི་གནའ་ཤུལ་དང་ངག་རྒྱུན་ཡང《མོན་གླིང་གཡུལ་འགྱེད》ཀྱི་བརྗོད་བྱའི་ནང་དོན་དང་མཐུན་པར་གཞིགས་ན། གླིང་སྒྲུང་དུ་བསྟན་པའི་མོན་ཞེས་པ་ནི་གནའ་བོའི་ཡིག་ཚང་དུ་བཀོད་པའི་ལྷོ་མོན་ཏེ་བོད་ལྗོངས་དང་རྒྱ་གར་འདྲེས་མཚམས་ཀྱི་མོན་ཡུལ་དེ་ཡིན།

ལོ་རྒྱུས།

[རྩོམ་སྒྲིག]

མི་འབོར།

[རྩོམ་སྒྲིག]

ཆོས་ལུགས།

[རྩོམ་སྒྲིག]

གདོད་མི་བོན་ཆོས་དང་བོད་རྒྱུད་ནང་བསྟན་

པར་རིས་བར་འཁྱམས།

[རྩོམ་སྒྲིག]


ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]
"https://bo.wikipedia.org/w/index.php?title=མོན་པ།&oldid=145051"ལས་སླར་རྙེད་སོང།