མ་ཅིག་ལབ་ཀྱི་སྒྲོལ་མ་

ཡོང་ཁུངས་Wikipedia

ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

མ་ཅིག་ལབ་ཀྱི་སྒྲོན་མ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ནས་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་བར་ཙམ་དུ་འཚོ་ཞིང་བཞེས་པའི་བོད་རིགས་བུད་མེད་རིག་པའི་གནས་ཆེན་སྤྱི་དང་བྱེ་བྲག་ནང་དོན་རིག་པར་མཐར་ཕྱིན་པའི་ཤེས་རབ་ཅན་ཁྱད་དུ་འཕགས་པ་ཞིག་དང་། ད་དུང་ཁོང་ནི་ཁ་བ་རི་པའི་ལོ་རྒྱུས་གར་སྟེགས་ཐོག་ཐོན་པའི་བུད་མེད་མཁས་གྲུབ་གཉིས་ལྡན་གྱི་ཁྱད་དུ་འཕགས་པ་ཞིག་ཡིན་ལ་བུད་མེད་གྲགས་ཅན་མི་སྣ་ཞིག་ཀྱང་ཡིན།

ལོ་རྒྱུས།[རྩོམ་སྒྲིག]

མ་གཅིག་ལབ་སྒྲོན་འདི་ཉིད་དགུང་ལོ་བཅུ་གསུམ་གྱི་དུས་སུ་ཡུམ་འདས་པ་དང་། དགུང་ལོ་བཅུ་དྲུག་གི་དུས་སུ་ཡབ་འདས་པ། དགུང་ལོ་ཉི་ཤུའི་དུས་སུ་ཨ་ལྕེ་སྟོན་མཚོ་རིན་ཆེན་འབུམ་ཡང་སྐུ་ཚེ་མ་ཟིན་པ་སོགས་གོད་ཆག་ཆེན་པོ་གཅིག་ཐོག་ཉིས་བརྩེགས་ཀྱིས་སྐུ་ངལ་ཧ་ཅང་ཆེན་པོ་བྱུང་ན་ཡང་། མ་གཅིག་གིས་ཡི་གེ་འབྲི་ཀློག་སོགས་རིག་གནས་ལ་སྦྱང་བརྩོན་མཛད་རྒྱུར་ཕྱིར་བཤོལ་ནེབ་ནུར་མཛད་མེད་ལ། ཐུགས་རྣོ་བ་དང་ཀློག་ལ་མཁས་པས་གཞོན་ནུ་མའི་དུས་སུ་གྲྭ་པ་མངོན་ཤེས་ཅན་ཞེས་བྱ་བའི་དྲུང་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ཀློག་མཁན་ཡུན་རིང་མཛད་ཅིང་། ཤེར་ཕྱིན་ཁོ་ན་ཡང་ཚར་དུ་མ་བཀླགས་པར་མཛད་པས་སྟོང་ཉིད་ཀྱི་ལྟ་བ་ཐུགས་ལ་འཁྲུངས་པ་སོགས་མ་གཅིག་འདི་ནི་གཞི་མ་ཉིད་ནས་སྐྱེས་སྦྱངས་ཀྱི་ཡོན་ཏན་མཆོག་ཏུ་མངའ་བ་ཞིག་བྱུང་ཡོད། སྐུའི་ན་ཚོད་དདར་ལ་དྲགས་པའི་ཚེ་གཅེར་གརོང་པ་ཐོད་པ་འབའ་རེ་བྱ་བའམ། མཚན་གཞན་ལ་བྷ་ཏྲ་ཡར་འབོད་པ་ཞིག་དང་འཇིག་རྟེན་མཐུན་འཇུག་ཏུ་གྱུར་པ་དང་། ཁོང་གཉིས་ལ་སྲས་དང་སྲས་མོ་ཇི་ཙམ་བྱུང་མིན་ཐད་ལ་ལོ་རྒྱུས་ཐོག་བརྗོད་ཚུལ་གཅིག་མཐུན་མིན་འདུག མ་གཅིག་གིས་སྔ་རྗེས་སུ་གྲྭ་པ་མངོན་ཤེས་ཅན་དང་། ཞྭ་དམར་བ། སྦས་སྟོན། ཡར་ཐིང་པ། ཕ་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ་སོགས་མཁས་གྲུབ་དུ་མ་བལ་མར་བསྟེན་པ་དང་། དབུས་གཙང་ཁམས་གསུམ་གྱི་གཅིག་ཏུ་མ་ངེས་པའི་གནས་དུ་མ་དང་། ལྷག་པར་བོད་ཡུལ་ལྷོ་ཕྱོགས་ཀྱི་ཡུལ་གྲུའི་ནང་ཚན་ཟངས་རི་ཁང་དམར་བཅས་སུ་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་རྣམ་པར་ཐར་བ་དང་ལྷུར་བཞེས་མཛད་ཡོད། མ་གཅིག་འདི་བཞེན་རིགས་ལམ་སྤྱི་དང་ལྷག་པར་དུ་ཕར་ཕྱིན་གྱི་གཞུང་ལུགས་ལ་མཁས་པའི་གྲྭ་ཐོག་ཆོད་པ་ཞིག་བྱུང་ཡོད། == མཛད་རྗེས། == གང་དེ་ནི་མཁས་པ་རྣམས་དང་རིགས་ལམ་རྩོད་པ་ལ་མཆོག་ཏུ་དགྱེས་པའི་ཤེས་རབ་ཅན་མ་ཞིག་ཡིན་པས་རྟག་པར་ཕར་མཁས་པའི་མདུན་སར་རྩོད་ལ་བྱོན་པ་དང་། ཚུར་རྩོད་དུ་བྱུང་བ་ལ་རྩོད་པའི་དམ་བཅའ་འཇོག་པར་ཐུགས་རབ་གཞོལ་བ་བཅས་ལུང་དང་རིགས་པའི་སྒོ་ནས་འཁོར་འདས་ཀྱི་དངོས་པོའི་གནས་ལུགས་གཏན་ལ་འབེབས་པའི་ཐབས་ཚུལ་ལྷུར་བཞེས་མཛད་ཀྱི་ཡོད་པ་ནི་མ་གཅིག་གི་ཐུན་མོང་མ་ཡིན་པ་མཛད་པ་ཞིག་ཡིན། ཁོང་གི་མཛད་པ་མཐའ་དག་གི་ནང་ནས་ཆེས་མངོན་པར་གསལ་བའི་མཛད་རྗེས་ནི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་གཅོད་ཀྱི་གཞུང་ལུགས་བརྩམས་པ་མ་ཟད་དེ་དར་སྤེལ་ཆེས་ཆེར་མཛད་པ་དེ་ཡིན་ལ། སློབ་མའི་ཚོགས་རྒྱ་ཆེར་བསྐྱངས་ནས་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་གཅོད་ཀྱི་ལག་ལེན་ས་ཁྱབ་རྡོ་དར་དུ་གྱུར་པས་མ་ཚད། བལ་བོའི་ཡུལ་དང་རྒྱ་གར་གྱི་ཡུལ་ནས་མ་གཅིག་གི་དྲུང་དུ་གཅོད་ཀྱི་གདམས་པ་ཞུ་བར་ཡོང་མཁན་ནི་པད་མའི་ཚུལ་ལ་བུང་བ་འདུ་བའི་ངང་ཚུལ་དང་འདྲ་བར་བྱུང་ཡོད་ལ། རྒྱ་བལ་གྱི་ཡུལ་དུའང་མ་གཅིག་གི་གཅོད་ཀྱི་གཞུང་ལུགས་ཁྱབ་སྤེལ་བྱུང་ཡོད། མ་གཅིག་གིས་གཅོད་ཀྱི་གཞུང་ལུགས་ཀྱིས་མཚོན་པའི་ཆོས་བཀའ་རྣམས་སྤེལ་བའི་ཐོག་མའི་དུས་སྐབས་ལ་བོད་ཡུལ་གྱི་མཁས་པ་དག་གིས་ཀྱང་མ་གཅིག་ལ་ཚོད་བགམ་པའི་སླད་དུ་རྩོད་པ་བྱས་པའི་ཚུལ་གོང་དུ་སྨོས་མ་ཐག་པ་ལྟར་ཡིན་ལ། རྒྱ་གར་གཡྀ་ཡུལ་ནས་ཀྱང་རྩོད་པ་བྱེད་མཁན་གཅིག་མཇུག་གཉིས་མཐུད་དུ་བྱུང་བ་ལ་མ་གཅིག་གླགས་མ་རྙེད་པར་བུས་པ་ཆེ་ལ་མཁས་ཤིང་གྲུབ་པ་བརྙེས་པར་གྲགས་པའི་རྒྱ་གར་གྱི་རྣལ་འབྱོར་པ་དག་ཀྱང་མ་གཅིག་གིས་ཆོས་ཀྱི་རྩོད་པས་ཕམ་པར་མཛད་པ་དང་། ཕྱོགས་མཚུངས་སྐྱེ་བོ་དུ་མ་འདུས་པའི་ཚོགས་ལ་གཅོད་ཀྱི་གཞུང་ལུགས་བཀའ་ཚོམ་ཆེན་མོ་དང་། མ་གཅིག་རང་ཉིད་ཀྱི་ཐུགས་ལ་འཁྲུངས་པའི་མྱོང་ཚོས་སོགས་བསྟན་པར་མཛད་ཡོད་ལ། ཐུགས་ལ་འཁྲུངས་པའི་མྱོང་ཆོས་ཟེར་བ་དེ་ནི་མ་གཅིག་རང་ཉིད་ཀྱི་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་རྟོགས་ཀྱི་གདམས་པ་སྟེ་མ་གཅིག་ཉིད་ཀྱིས་མཛད་པའི་གཅོད་ཀྱི་གཞུང་ལུགས་ཡིན།

བརྩམས་ཆོས།[རྩོམ་སྒྲིག]

  གང་དེས་བརྩམས་པར་མཛད་པའི་བསྟན་བཅོས་ཀྱི་གཞུང་ལུགས་ནི་<<གཅོད་གཞུང་བཀའ་ཚོམ་ཆེན་མོ>>དང་།<<ཡང་རྩོམ>><<ཉིང་རྩོམ>><<ལེའུ་ལག>>  <<གནས་ཐེམ>><<ཁོང་རྒོལ>><<གསང་བ་བརྡ་ཆོས>><<ལ་བཟླས་སྐོར་གསུམ>><<གཞི་ལམ་དདུ་སློང་བ>><<ཁྱད་པར་གྱི་མན་ངག>>དང་བཅུ་བཅས་ཡོད།   དེ་མིན་བཀའ་རྩོམ་ཡང་དུ་ཡོད་པར་གྲགས།