Jump to content

བྱང་གཏེར།

ཡོང་ཁུངས་Wikipedia

བྱང་གཏེར་ནི་སྔ་འགྱུར་བཀའ་གཏེར་གཉིས་ལས་གཏེར་མའི་ཕྱོགས་སུ་གཏོགས་པ་བྱང་ཟང་ཟང་ལྷ་བྲག་ནས་གཏེར་སྟོན་ཆེན་པོ་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་གཏེར་ནས་བཞེས་པའི་རྫོགས་ཆེན་ཀུན་བཟང་དགོངས་པ་ཟང་ཐལ་གྱིས་གཙོས་པའི་ཆོས་ཚན་རྣམས་ལ་གོ་དགོས། གཏེར་འབྱུང་ལོ་རྒྱུས་ལས་ཆོས་ཚན་ལྔ་བརྒྱ་ཕྲག་གཅིག་སྤྱན་དྲངས་ཞེས་བྱུང་ཡང་། ད་ཡོད་བྱང་གཏེར་གསུམ་འབུམ་ཕྱོགས་སྒྲིག་ལ་ཁྱོན་པོད་རེ་གསུམ་བཞུགས། གཏེར་ཆོས་འདིའི་རྒྱུན་འཛིན་པ་ནི། སྔ་འགྱུར་རྙིང་མའི་དགོན་ཆེན་དྲུག་གི་ཡ་གྱལ་ཐུབ་བསྟན་རྡོ་རྗེ་བྲག་དང་། དེའི་དགོན་ལག་དང་བཅས་པས་གཙོ་བོར་ཉམས་བཞེས་མཛད་བཞིན་ཡོད།

གཏེར་སྟོན་རིག་འཛིན་ཆེན་པོའི་རྣམ་ཐར།

[རྩོམ་སྒྲིག]

རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན།

༼མཚན་གཞན་རིག་འཛིན་དངོས་གྲུབ་རྒྱལ་མཚན། སྔ་འགྱུར་བའི་མ་དགོན་རྡོ་རྗེ་བྲག་༸སྐྱབས་མགོན་རིག་འཛིན་ཆེན་པོ་སྐུ་འཕྲེང་དང་པོ་དེ་ཡིན།༽ ཨྱོན་སངས་རྒྱས་གཉིས་པས་རྡོ་རྗེའི་ལུང་གིས་ཟིན་པའི་གཏེར་སྟོན་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་ཡིད་བཞིན་ནོར་བུ་ལྟ་བུའི་གཏེར་སྟོན་འདི་ཉིད་ནི།  ཨྱོན་པདྨའི་ཐུགས་སྤྲུལ་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྐུ་སྤྲུལ་ཡིན། ལུང་གི་ཟིན་ཚུལ་ནི། སྙིང་ཏིག་གནད་ཀྱི་མན་ངག་དོན་བདུན་ལས།རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུ༔མེ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན༔པདྨ་ང་ཡིས་བྱིན་གྱིས་བརླབས་པའི་རྟགས༔སྤྱི་བོར་རྒོད་ཀྱི་ལྡེམ་འཕྲུ་ཡང་ཡང་འབྱུང༔ཞེས་སོགས་ཨྱོན་དུས་གསུམ་མཁྱེན་པའི་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པར་མཛད་པའི་སྐྱེས་མཆོག་འདི་ཉིད་ནི།  རི་བོ་བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་བརྒྱུད་གཙང་ངམ་རིང་རྫོང་ཁོངས་སྣ་མོ་ལུང་གི་གཟིམ་ཁང་དུ་ཡབ་སློབ་དཔོན་བདུད་འདུལ་དཔལ་དང་ཡུམ་ཇོ་ལྕམ་བསོད་ནམས་ཁྱེའུ་འདྲེན་ཏེ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་མོ་གླང་ཕྱི་ལོ་༡༣༣༧ལོའི་ཆོ་འཕྲུལ་ཟླ་བ་དང་པོའི་ཚེས་བཅུ་ལ་སྐུ་བལྟམས། དབུ་གཙུག་ཏུ་སྨེ་བ་དཀར་ནག་གཉིས། ལྟེ་བར་སྨེ་བ་གསུམ་སྒྲོམ། ཐུགས་ཀར་ཡི་གེ་ཨོཾ། དཔྲལ་བར་མཉེར་མ་གྱེན་འགྲེངས་གསུམ་སོགས་ཡོད་པའི་མཚན་རྟགས་བཟང་པོ་དང་ལྡན་པ། ཁྱད་པར་དགུང་ལོ་བཅུ་གཉིས་ཀྱི་དུས་སུ་ལུང་དོན་ལྟར་དབུ་གཙུག་ཏུ་རྒོད་སྒྲོ་གསུམ་དང་། ཉེར་བཞིའི་དུས་རྒོད་སྒྲོ་ལྔ་སྐྱེས་པས་རིག་འཛིན་རྒོད་ལྡེམ་ཞེས་ཡོངས་སུ་གྲགས།  སྐུ་གཞོན་ནུའི་དུས་ནས་ཡབ་ཆོས་ཞི་ཁྲོ་སྒྱུ་འཕྲུལ། བཀའ་བརྒྱད། མ་གཤིན་ཕུར་གསུམ་སོགས་ཁྱད་པར་ཡབ་ལས་བཀའ་མ་དང།  སློབ་དཔོན་ལྕང་མ་བ་ལས་ཉང་རལ། མཁས་པ་སྣང་ལྡན་རྒྱལ་པོ་ལས་ཆོས་དབང་གི་ལུགས་སོགས་རྙིང་མའི་ཆོས་སྐོར་ཕལ་ཆེ་བའི་གསན་བསམ་མཐར་ཕྱིན། དགུང་ལོ་སུམ་བཅུ་བྱོན་སྐབས་བྱང་ཟང་ཟང་ལྷ་བྲག་གི་རི་དུག་སྤྲུལ་སྤུངས་འདྲའི་རྐེད་ནས་མཛོད་ཆེན་ལྔ་ཡི་ཟབ་གཏེར་ཀུན་བཟང་དགོངས་པ་ཟངས་ཐལ་གཙོས་ཡན་ལག་དང་བཅས་པ་ཆོས་གཏེར་ལྔ་བརྒྱ་ཕྲག་གཅིག་སྤྱན་དྲངས། ལོ་ལྔའི་བར་དུ་མི་གཞན་ལ་ཚིག་ཙམ་ཡང་མ་གསུངས་པར་རང་གིས་ཉམས་སུ་བླངས་ནས་བསྐྱེད་རྫོགས་ཀྱི་རྟགས་མཚན་ཐམས་ཅད་མ་ཚང་བ་མེད་པ་མངོན་དུ་མཛད་དེ་ལུང་ཟིན་སྣོད་ལྡན་གྱི་སློབ་མ་རྣམས་ལ་རིམས་བཞིན་སྤེལ་བས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཁྱབ་ཏེ་བོད་ཁམས་སྤྱི་ལ་ཕན་པ་བློན་པོ་ལྟ་བུའི་གཏེར་གཅིག་བྱང་གཏེར་ཅེས་ཡོངས་སུ་གྲགས།གུང་ཐང་རྒྱལ་པོ་མཆོག་གྲུབ་སྡེས་ཏི་ཤྲིར་བཀུར་ཏེ་གཙུག་ཏུ་བསྟེན་པས་བོད་སྤྱིའི་བདེ་སྐྱིད་ལ་ཕན་པར་བྱུང་། དེ་ནས་རི་བོ་བཀྲ་བཟང་དུ་ཕེབས་ནས་རབ་བྱུང་གི་ཆ་བྱད་མཛད་དེ་གནས་དེར་དགོན་པ་ཕྱག་བཏབ། ཉིད་ནས་སྐལ་ལྡན་རྣམས་ལ་ཟབ་ཆོས་སྤེལ་བའི་རྒྱུད་པ་ལ། སྲས་མཆོག་རྣམ་རྒྱལ་མགོན་པོ་ནས་བརྒྱུད་པ་ལ་སྲས་བརྒྱུད། ཡུམ་མཚན་ལྡན་མའིི་སྤྲུལ་པ་ཡུམ་ཆེན་ལས་བརྒྱུད་པ་ལ་ཡུམ་བརྒྱུད། ཀུན་སྤངས་དོན་ཡོད་རྒྱལ་མཚན་ནས་བརྒྱུད་པ་ལ་སློབ་བརྒྱུད་ཅེས་གྲགས་པའི་ཆོས་བརྒྱུད་ད་ལྟའི་བར་བོད་རྒྱ་བལ་འབྲུག་སོགས་འཛམ་གླིང་ཤར་ནུབ་གང་སར་དར་ཁྱབ་ཧ་ཅང་ཆེ། རིག་འཛིན་ཆེན་པོ་འདི་ཉིད་ས་དྲུག་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན་པར་བཤད། སྐུ་ཚེའི་སྨད་སྦས་ཡུལ་འབྲས་མོ་གཤོངས་ཀྱི་གནས་སྒོ་ཕྱེ། བྲག་དཀར་བཀྲ་ཤིས་ལྡིངས་སུ་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་མཐར་དགུང་གྲངས་བདུན་བཅུ་དོན་གཉིས་ས་བྱི་ལོ་ཕྱི་ལོ་༡༤༠༨ལོར་ངོ་མཚར་བའི་བལྟས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་གཤེགས། རིག་འཛིན་ཆེན་པོ་འདི་ཉིད་ཀྱི་སྐུ་འཕྲེང་རིམ་བྱོན་ལས་སྐུ་འཕྲེང་གསུམ་པ་ནས་ད་ལྟའི་རྡོ་བྲག་༸སྐྱབས་མགོན་རིག་འཛིན་ཆེན་པོ་སྐུ་འཕྲེང་བཅུ་པ་བར་སྔ་འགྱུར་བྱང་པའི་བསྟན་བདག་དང་དབུས་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་རབས་མཛད་པ་ཡིན།། ཁུངས། བྱང་གཏེར་སྨོམ་ལམ་ཚིག་མཛོད་ལས་གཞིའི་མི་སྣ་ངོ་སྤྲོད།

གཏེར་ཆོས་གཙོ་བོ་རྣམས་ཀྱི་མཚན་ཐོ།

[རྩོམ་སྒྲིག]

རྫོགས་པ་ཆེན་པོ་ཀུན་བཟང་དགོངས་པ་ཟང་ཐལ། ཕྱི་སྒྲུབ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ། ནང་སྒྲུབ་བླ་མ་རིག་འཛིན་གདུང་སྒྲུབ། གསང་སྒྲུབ་རྡོ་རྗེ་དྲག་པོ་རྩལ། བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར། ཀ་དག་དང་ཕག་མོ། ཕག་མོ་ཟབ་རྒྱ། བཀའ་འདུས། རིག་འཛིན་ཡོངས་འདུས། ཀརྨ་གུ་རུ། པདྨ་དྲག་པོ། དྲག་པོ་དབུ་དགུ། རྟེན་འབྲེལ་ཆོས་བདུན། བྱང་ཆུབ་སྤྱོད་དབང་། ཕུར་པ་དྲིལ་སྒྲུབ། ཚེ་སྒྲུབ་ལྕགས་སྡོང་མ། བཅས་རགས་བསྡུས་ཙམ་འདི་ལྟར་ལགས།

བྱང་གཏེར་སྒྲུབ་སྐོར་རྣམ་གསུམ།

[རྩོམ་སྒྲིག]

བྱང་གཏེར་གྱི་སྒྲུབ་སྐོར་རྣམ་གསུམ་ནི་ཕྱི་སྒྲུབ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་དང་། ནང་སྒྲུབ་རིག་འཛིན་གདུང་སྒྲུབ། གསང་སྒྲུབ་རྡོ་རྗེ་དྲག་པོ་རྩལ་གསུམ་ལ་ཟེར།


ད་དུང་གཟིགས།

[རྩོམ་སྒྲིག]