དོར་ཞི་གདོང་དྲུག་སྙེམས་བློ་
ངོ་སྤྲོད་མདོར་བསྡུས།
[རྩོམ་སྒྲིག]ཁོང་གི་མཚན་ལ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ཞུ་ཞིང་སྤྱི་ལོ་༡༩༣༥ལོར་ཀན་སུའུ་དཔའ་རིས་སུ་འཁྲུངས། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་ཡིན། ད་དུང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཞིབ་འཇུག་པ་དང་། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་ཚོགས་པའི་ལས་འཛིན།ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པའི་འགན་ཁུར་བ་གཞོན་པ།ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་རིགས་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞང་ཁང་བོད་ཀྱི་ཤེས་རིག་ཚོགས་པའི་ཐེངས་གཉིས་པའི་མཚན་འཛིན་འགན་ཁུར་བ།ཨ་རིས་རྒྱལ་སྤྱིའི་རིག་གནས་བརྗེ་རེས་ཐེབས་རྩ་ཚོགས་པའི་ལས་འཛིན་པ།ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཐེངས་ལྔ་བ་ དང་། དྲུག་པ། བདུན་པ། བརྒྱད་པའི་ཨུ་ཡོན་སོགས་ཀྱི་འགན་ཡང་བཞེས་ཡོད། ཁོང་ནི་དེང་རབས་བོད་ཀྱི་མཁས་ཆེན་དང་སློབ་གསོ་བ་སྙན་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན།
ལོ་རྒྱུས།
[རྩོམ་སྒྲིག]དགུང་ལོ་༡༢སྟེང་དཔའ་རིས་མཆོད་རྟེན་ཐང་གི་བཤད་གྲྭར་ཞུགས་ནས་བསྡུས་ཚད་རྒྱན་འཇུག་སོགས་མཚན་ཉིད་དང་། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་ལ་གསན་སྦྱོང་ལེགས་པར་མཛད། དགུང་ལོ་༡༨ཀྱི་ཐོག་ཐར་ཕྱིན་འཛིན་གྲྭ་ལས་ཐོན་ནས་སྲིད་གཞུང་གི་བཀའ་ལྟར་བོད་ཡིག་དགེ་རྒན་མཛད། རྒྱ་ཡིག་དང་དབྱིན་ཇི། ཨུ་རུ་སུའི་ཡི་གེ་སོགས་བསླབ་པའི་གོ་སྐབས་ཪྙེད།ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས།པན་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་བསང་ཁོག་འཇིགས་མེད་ཚང་དང་། ལྷ་མོ་ཚུལ་ཁྲིམས་ཚང་སོགས་དགེ་བཤེས་མང་པོའི་མདུན་ནས་ཆོས་དང་རིག་གནས་གཉིས་ཆར་སྦྱངས། སྤྱི་ལོ་༡༩༨༣ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གླིང་དུ་ཕྱག་ལས་གནང་ཞིང་སྔ་ཕྱིར་དགེ་རྒན་ཆེན་མོ་གཞོན་པ་དང་དགེ་རྒན་ཆེན་མོའི་ལས་མིང་ཐོབ། ཁོང་ཉིདསྤྱི་ལོ་༡༩༩༣ལོའི་ཟླ་༤པར་གདན་ཞུས་ལྟར་ཕྱི་སོག་ལ་རིག་གཞུང་འཚམས་འདྲིར་ཕེབས་ནས་ཕྱི་སོག་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ལ་དཔེ་ཁྲིད་མཛད། སྤྱི་ལོ་༡༩༩༣ལོའི་ཟླ་༥པར་གདན་ཞུས་ལྟར་འཇར་པན་གྱི་ཙོ་དོར་ཐན་(早稻田)སློབ་གྲྭ་ཆེན་མོར་འཚམས་འདྲིར་ཕེབས་ཏེ་འཇར་པན་གྱི་བོད་རིག་པའི་ཞིབ་འཇུག་མཁས་ཅན་དང་རིག་གཞུང་སྐོར་གྱི་ཞལ་ཏ་གནང་། སྤྱི་ལོ་༢༠༠༠ལོའི་ལོ་སྟོད་ལ་ཁོང་ཉིད་ཨ་མེ་རི་ཀར་འཚམས་འདྲིར་ཕེབས་པའི་སྐབས་སུ་ཇ་ལེ་ཧྥེ་ནེ་ཡ་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ལོ་ཧྲན་ཅི་སློབ་གྲྭས(加利福尼亚大学洛矶杉分校)གདན་དྲངས་ནས་འཆད་ཁྲིད་གནང་། སྤྱི་ལོ་༡༩༥༦ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་དང་། སྤྱི་ལོ་༡༩༨༦ལོར་ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་ཕུལ་བྱུང་ཅན། སྤྱི་ལོ་༡༩༨༧ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་དཔེ་ཁྲིད་དང་སློབ་བུ་གསོ་སྐྱོང་ཕུལ་བྱུང་ཅན་སོགས་བྱ་དགའ་མང་པོའང་བླངས་མྱོང་།
བརྩམས་ཆོས།
[རྩོམ་སྒྲིག]ཁོང་གི་བརྩམས་ཆོས་ལ་《སྙིང་རྗེ་ལས་ལྟམས་་པའི་ཤེས་རབ》(爱心中爆发的智慧)དང་《དུག་སྡོང་གཅོད་པའི་སྟ་རེ》《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》སོགས་ཤིན་ཏུ་མང་།
ཞལ་གདམས་
[རྩོམ་སྒྲིག]སྙིགས་མ་ལྔ་བདོའི་ཐན་རྟགས་བཤད་པ།
སེམས་ཅན་ལྟ་བ་ཉོན་མོངས་སྙིགས་མར་གྱུར། ། དུས་ནི་མི་འགྱུར་མི་རྣམས་འགྱུར་བར་གསུངས། ། གངས་རི་རྭ་བའི་དཀར་མདངས་མ་ཉམས་ཡང་། ། མི་ཡི་སེམས་རྒྱུད་ཡུལ་དུས་དབང་གིས་འགྱུར། ། དཀར་བོ་བོད་རྒྱུད་དཀར་བ་སྤྱི་ལྡོག་སྟེ། ། རང་ལྡོག་གཞི་ལྡོག་དཀར་ནག་ཅི་རིགས་སྣང་། ། བོད་ཀྱི་ཤེས་ཡོན་ཅན་དང་མང་མང་གིས། ། གུས་བཀུར་བྱེད་ས་མིག་ལྟོས་བྱེད་ས་ནི། ། ཕལ་ཆེར་དགོན་པའི་སློབ་གསོ་ལ་བརྟེན་པའི། ། བླ་སྤྲུལ་མཁས་པ་གོས་དམར་རབ་བྱུང་སྡེ། ། རྒྱལ་བསྟན་གནས་མི་གནས་ཀྱང་དེ་ལ་རེག ། སྤྱིར་བཏང་བླ་སྤྲུལ་མཁས་པ་རབ་བྱུང་ནང་། ། སངས་རྒྱས་དངོས་འདྲའི་འགྲོ་འདྲེན་དམ་པ་དང་། ། གཞན་ཕན་ཁོ་ནར་འབད་པའི་བྱང་སེམས་དང་། ། འཆད་རྩོད་རྩོམ་པས་བསྟན་འཛིནདགེ་བའི་བཤེས། ། རིམ་གཉིས་ཉམས་ལེན་དུས་འདས་རྣལ་འབྱོར་བ། ། ཞི་དུལ་བག་ཡོད་འདུལ་འཛིན་རབ་བྱུང་སོགས། ། དད་ལྡན་དང་བ་འདྲེན་པའི་མིག་དཔེ་མང་། ། དེ་ལ་བསམ་ན་སེམས་ལ་དགའ་བ་སྐྱེ། ། མེ་ཏོག་ལྡུམ་རའི་ལྡུམ་བུ་ཁྱི་རྔ་བཞིན། ། མ་རབས་གདུག་འདྲེ་སྙེ་ལོང་མགོ་འཕང་མཐོ། ། བསྟན་པའི་སྒོར་ཞུགས་མཆོག་གསུམ་དད་པ་མེད། ། རྒྱུ་འབྲས་རྒྱང་འཕེན་ལུགས་ལ་ཡིད་ཆེས་བྱེད། ། སྙིང་ལ་བདུད་ཞུགས་སྤང་བླང་ལོག་པར་སྤྱད། ། འདོད་ཡོན་ཆང་གིས་མྱོས་པའི་གླང་ཆེན་བཞིན། ། བསྟན་པའི་པད་ཚལ་བཅོམ་ལ་སྣང་བརྟག་མེད། ། སྟོན་པའི་ན་བཟའ་ཟློས་གར་ཚུལ་དུ་གྱོན། ། ནག་ཆང་སྨྱོ་སྤྱོད་གྲུབ་ཆེན་སྤྱོད་པར་རློམ། ། སྤྱོད་འཆལ་བུད་མེད་མཁའ་འགྲོ་མ་རུ་བཏགས། ། མཁན་པོ་བླ་སྤྲུལ་རྫུས་མས་རྒྱ་མཁར་གང་། ། རྫུན་དང་མགོ་སྐོར་ཆོས་ཁྲིད་དབང་སྐུར་བྱེད། ། ཁྲེལ་དང་ངོ་ཚ་ལྷམ་མཐིལ་རྩྭ་ལྟར་དོར། ། ཁྱི་ལྟོགས་ཟས་ལ་རྔམས་བཞིན་རྒྱུ་ཧེམ་ཆེ། ། ནང་གི་བསྟན་དགྲ་བསྟན་ལ་གནོད་སྐྱེལ་བ། ། ཕྱི་ཡི་བསྟན་དགྲ་ལས་ཀྱང་གནོད་ཚབས་ཆེ། ། ཞེས་པ་འདི་ནི་དོར་ཞི་ཞེས་བྱ་བས། ། དེང་གི་གནས་ཚུལ་སྐྱོ་བོའི་སྣང་བརྙན་བྲིས། །