གླང་མདུན་དཔལ་འབྱོར་
སྐྱེས་འདས་ལོ | ༡༩༤༡ ལོའི་ཟླ་ ༡༡་ནས་༢༠༡༣ ཟླ་བ་ ༡༡ ཚེས་ ༢༨ ཉིན |
འཁྲུངས་ཡུལ | ལྷ་ས |
སློབ་གསོའི་ཆུ་ཚད | དངོས་གཞི |
མཐར་ཕྱིན་སློབ་གླིང | ཀྲུང་དབྱང་མི་རིགས་སློབ་གླིང་། |
ལས་འགན་ལོ་རྒྱུས | ལྷ་སའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
ལྷ་སའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞིན་པ་དང་ རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།
|
ལོ་རྒྱུས་མདོར་བསྡུས།
[རྩོམ་སྒྲིག]གླང་མདུན་དཔལ་འབྱོར་ལགས་ནི་༡༩༤༡ལོའི་ཟླ་༡༡པར་བོད་ལྗོངས་ཀྱི་གྲོང་ཁྱེར་ལྷ་ས་རུ་འཁྲུངས་ཤིང་། ༡༩༥༩ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། ཁོང་གིས་༡༩༨༠ལོར་《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》འདོན་ཐེངས་འགོ་མའི་སྟེང་《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ་》ཞེས་པའི་བརྩམས་ཆོས་ཐོག་མ་སྤེལ་བ་ནས་བཟུང་། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》དང《གཙུག་གཡུ་》སོགས་བརྩམས་ཆོས་སྤུས་དག་སྐོར་ཞིག་རྩོམ་འབྲི་གནང་ཞིང་། གོང་གསལ་བརྩམས་ཆོས་ལ་སོ་སོར་ཞིང་ཆེན་དང་ལྗོངས་ལྔའི་གསར་རྩོམ་བྱ་དགའ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ་ཐོབ། བོད་རང་སྐྱོང་ལྗོངས་ཀྱི་རྩོམ་རིག་གསར་རྩོམ་བྱ་དགའ་ཨང་དང་པོ་ཐོབ་མྱོང་། གླང་མདུན་དཔལ་འབྱོར་ལགས་ཀྱིས་ད་ལྟ་གྲོང་ཁྱེར་ལྷ་སའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་འཁུར་མྱོང་། ༢༠༡༣ལོའི་ཟླ་༡༡པའི་ཚེས་༢༨ཉིན་ལྷ་སར་སྐུ་གཤེགས།
བརྩམས་ཆོས།
[རྩོམ་སྒྲིག]《གཙུག་གཡུ་》
《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ་》
《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》
དེ་མིན་གྱི་ངོ་སྤྲོད།
[རྩོམ་སྒྲིག]རྩོམ་པ་པོ་གླང་མདུན་དཔལ་འབྱོར་ལ་བཅར་འདྲི་བྱས་པ།
རྩོམ་པ་པོ། ‘‘‘གླང་མདུན་དཔལ་འབྱོར།’’’
‘‘‘མགོ་འཛིན་པ།’’’ གུ་རུ་རྒྱ་མཚོ།
ས་གནས། ལྷ་ས།
དུས་ཚོད། ༢༠༡༡.༨
‘‘‘མགོ་འཛིན་པ།’’’ ཁྱེད་ཀྱིས་ཐོག་མར་སྐུ་ཉིད་ཀྱི་གསར་རྩོམ་གྱི་བརྒྱུད་རིམ་ངོ་སྤྲོད་ཅུང་ཙམ་ཞུས་ན་ག་འདྲ་རེད།
གླང་མདུན་དཔལ་འབྱོར། ཁོ་བོ་གྲོང་ཁྱེར་ལྷ་སའི་དགེ་འོས་སྦྱོང་བརྡར་འཛིན་གྲྭའི་དགེ་རྒན་བྱེད་མུས་ལ། སྤྱི་ལོ༡༩༦༦ལོར་རིག་གནས་གསར་བརྗེ་ཚུགས་པ་ནས་བཟུང༌། ང་ཚོ་ཁྱིམ་ཚང་གི་གཞིས་ཁུངས་ཞན་པའི་དགེ་རྒན་ཁ་ཤས་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས། སྟག་རྩེ་རྫོང་ཁོངས་འབྲོམ་ཐོད་གྲོང་ཚོའི་ལྷོ་ངོས་གཙང་ཆུའི་གྲམ་ཐང་དུ་སློབ་གྲྭའི་ཞིང་ར་ཞིག་ཡོད་པ་དེར་རེས་མོས་ཀྱིས་ངལ་རྩོལ་བྱེད་པ་དང་ཞིང་ར་སྲུང་ནས་སྡོད་དགོས་བྱུང༌། ལྷག་པར་དགུན་དུས་སུ་ཞིང་རའི་དྲེལ་གཉིས་གསོ་རྒྱུ་ལས་ཞིང་ལས་བྲེལ་བ་ཆེར་མེད་སྟབས། ཕྱི་རྒྱལ་དང་རྒྱལ་ནང་གི་སྒྲུང་གཏམ་གྲགས་ཅན་ལས་གཞན། 《དེབ་ཐེར་དཀར་པོ་》དང《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང༌། 《གཞོན་ནུ་དྲུག་གི་རྟོགས་བརྗོད་》དང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》སོགས་སྒྲུངགཏམ་གྲགས་ཅན་ཁག་ལན་མང་བཀླགས་ཤིང་གཟབ་ནན་གྱིས་སློབ་སྦྱོང་བྱས་པའི་རྗེས་སུ། རང་ཉིད་སྔོན་བྱོན་མཁས་པ་རྣམས་ཀྱི་རྒྱ་ཆེ་གཏིང་ཟབ་ཀྱི་མཁྱེན་ཡོན་དང༌། སྙན་ངག་གི་ཚིག་རྒྱན་སྡེབ་སྦྱོར་སོགས་གང་ཅིའི་ཐད་ནས་ཡིད་དབང་རབ་ཏུ་ཕྲོགས་པས། དྲིན་ཅན་གྱི་མེས་པོ་རྣམས་ཀྱིས་འུ་ཅག་གངས་ཅན་པ་རྣམས་ལ་རིག་གནས་སྒྱུ་རྩལ་གྱི་རྗེས་ཤུལ་འདི་ལྟ་བུ་འཇོག་གནང་མཛད་པ་ལ་སེམས་ཀྱི་གཏིང་ནས་ཡི་རང་གུས་བཀུར་གྱི་སེམས་སྣང་ཤུགས་ཆེན་འཆར་བ་དང༌། སྐབས་དེར་མི་བཞི་ཤོག་ཁག་གིས་བོད་ཀྱི་རིག་གནས་མཐའ་དག་དུག་རྩྭ་རེད་ཟེར་ནས་རྙིང་བ་བཞིའི་ཁོངས་སུ་བཞག་སྟེ་གཏོར་བཤིག་བཏང་བ་ལ་བློ་ཕམ་ཆེན་པོ་བྱུང་ཞིང༌། འོད་སྟོང་འཕྲོ་བའི་རིག་གནས་འདི་མི་རབས་རྗེས་མ་རྣམས་ཀྱི་ཆ་རྒྱུས་ཡེ་ནས་མེད་པ་ཞིག་ཏུ་མི་འགྱུར་བར་རྒྱུན་འཛིན་བྱ་རྒྱུ་ནི་ང་ཚོ་མི་ཐོག་འདི་ཡི་ཕྲག་ཏུ་བབས་པ་གསལ་བོར་མཐོང་སྟེ། རང་ཉིད་ནས་ཀྱང་རྩོམ་འབྲི་ཕྲན་བུ་བྱ་ཐུབ་པའི་རེ་བས་གསར་རྩོམ་གྱི་ལས་ལ་སྦྱང་བརྩོན་བྱས་ནས་རྩོམ་ཡིག་ཁ་ཤས་བྲིས་ཀྱང༌། སྐབས་དེར་གྲལ་རིམ་འཐབ་རྩོད་ཛ་དྲག་ཆེ་བས་རྙོག་དྲ་མི་ཡོང་བའི་ཆེད་དུ་མེ་ལ་བསྲེགས། སྤྱི་ལོ༡༠༨༠ལོར་བོད་ཡིག་དུས་དེབ《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》གསར་འདོན་གནང་གྲབས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་སྟབས། ཚོད་ལྟ་ཞིག་བྱས་ན་བསམས་ཏེ《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ་》ཞེས་པའི་རྩོམ་ཡིག་ཅིག་རྩོམ་སྒྲིག་ཁང་ལ་ཕུལ་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ངའི་རྩོམ་ཡིག་དེ《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》གསར་འདོན་གྱི་དེབ་དང་པོའི་ནང་དུ་རྩོམ་ཡིག་ཨང་དང་པོར་འགོད་གནང་མཛད་འདུག་པར་མ་ཟད། རྩོམ་སྒྲིག་ཁང་གི་འགན་བཞེས་དབུ་ཁྲིད་ཚོས་ཁོ་བོར་མུ་མཐུད་དུ་རྩོམ་ཡིག་འབྲི་དགོས་པའི་སྐུལ་མ་ཡང་ཡང་གནང་བྱུང༌། རྗེས་སུ་ཞིང་ཆེན་དང་ལྗོངས་ལྔའི་རྩོམ་རིག་སྒྱུ་རྩལ་ལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་ཐོག་ཏུ་བརྩམས་ཆོས་དེ་ལ་བྱ་དགའ་ཨང་དང་པོ་ཡང་ཐོབ་པ་རེད། རང་ཉིད་ཀྱིས་བརྩམས་ཤིང་དངོས་སུ་འགྲེམ་སྤེལ་བྱས་པའི་རྩོམ་ཡིག་ཨང་དང་པོ་སྟེ《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ་》ཞེས་པའི་བརྩམས་ཆོས་ལ་གྲུབ་འབྲས་གང་ལེགས་ཐོན་པ་ནས་བཟུང༌། ལས་ཞོར་ལ་རྩོམ་འབྲི་བྱ་རྒྱུར་སྤྲོ་བ་འཕེལ་ནས་རྗེས་སུ་བེརྩམས་ཆོས་མི་ཉུང་བ་ཞིག་འདོན་ཐུབ་པ་བྱུང༌།
‘‘‘མགོ་འཛིན་པ།’’’ ༡༩༨༠ཁྱེད་ཀྱིས་ཐོག་མར་གསར་རྩོམ་མཛད་པའི་སྒྲུང་རིང《གཙུག་གཡུ་》ཞེས་པ་དེ《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》སྟེང་བཀོད་པ་དེས་བོད་ཀྱི་དེང་རབས་སྒྲུང་རིང་བྱུང་བ་མཚོན། དུས་སྐབས་དེར་ཁྱེད་ཀྱིས་སྔར་གྱི་སྲོལ་རྒྱུན་སྒྲུང་རིང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》སོགས་ཀྱི་བརྗོད་བྱ་ལས་འདས་པའི《གཙུག་གཡུ་》ཞེས་པའི་སྒྲུང་རིང་ཞིག་བྲིས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་རགས་ཙམ་ཞིག་གླེང་བར་མཁྱེན།
‘‘‘གླང་མདུན་དཔལ་འབྱོར།’’’ གྲོང་ཁྱེར་ལྷ་སའི་དགེ་འོས་སློབ་གྲྭའི་དགེ་རྒན་བྱེད་སྐབས། སློབ་མ་མང་བོ་ཞིག་གིས་བོད་ཡིག་སློབ་ཚན་ལ་དགའ་སྣང་དེ་ཙམ་མེད་པར་ཡིག་ཚད(ཡིག་རྒྱུགས)ཀྱི་སྐར་མ་ལོན་ཐུབ་ཙམ་གྱི་འབད་བརྩོན་ཁོ་ན་ལས་མི་བྱེད་པའི་ཕྱོགས་ལྷུང་ལ་བརྟག་སྐབས། གཙོ་བོ་ནི་དེང་སྐབས་དང་མི་འདྲ་བར་སྐབས་དེའི་བོད་ཡིག་སློབ་དེབ་ཀྱི་སློབ་ཚན་མང་ཆེ་བ་རྒྱ་ཡིག་སློབ་ཚན་གྱི་ནང་དོན་བོད་ཡིག་ལ་ཐད་སྒྱུར་བྱས་པ་ཤ་སྟག་ཡིན་པས། རྩོམ་ཡིག་དེ་རྣམས་ལ་བོད་ཀྱི་རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས་མེད་པ་དང༌། རྒྱུ་མཚན་གཞན་ཞིག་ནི་རིག་གནས་གསར་བརྗེའི་ཤུགས་རྐྱེན་གྱིས་སྤྱི་ཚོགས་ཐོག་ཏུ་བོད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་མཁན་ནི“ཀླད་པ་ལྗང་གུ”དང༌། བསམ་བློ་རྗེས་ལུས། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་མི་ཞིག་ཡིན་པར་ངོས་འཛིན་པའི་བསམ་བློའི་ཤུགས་རྐྱེན་དེ་ཉིད་སློབ་མར་ཐེབས་པ་རེད། སྤྱི་ཚོགས་རྙིང་བས་བཞག་པའི་འབྲས་བུ་ཡིས་སྐབས་དེར་དམངས་ཡོངས་ཀྱི་རིག་གནས་ཆུ་ཚད་དམའ་བའི་ཐོག་ལ། སྐད་ཡིག་ཙམ་མ་ཡིན་པར་ས་གནས་ཀྱི་གོམས་གཤིས་དང༌། ཡུལ་སྲོལ། རྒྱུན་སྲོལ་གྱི་སྒྱུ་རྩལ་སོགས་མང་ཆེ་བར་དགག་པ་རྒྱག་པ་དང་སྒྱུར་བཅོས་བྱེད་པའི་དུས་སྐབས་ཡིན། སྤྱི་ཚོགས་རྙིང་བ་མགོ་རྟིང་བསློགས་ཟིན་པས་གཞོན་སྐྱེས་རྣམས་ཀྱིས་དེ་སྔའི་སྤྱི་ཚོགས་དེ་ཅི་ལྟ་བུ་ཞིག་ཡིན་པ་དང༌། གོམས་སྲོལ་དང་འཚོ་བའི་གནས་སྟངས། མཛེས་དཔྱོད་ལྟ་བ་སོགས་ལ་རྒྱུས་མངའ་མེད་པར་གྱུར་པར་བརྟེན། ན་གཞོན་སློབ་མ་རྣམས་དང་ལྷག་དོན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམ་པར་གོ་བདེ་ཞིང་དོན་རྟོགས་སླ་བ། ཡིད་དབང་འགུག་ཐུབ་པའི་བོད་ཡིག་གི་བརྩམས་ཆོས་འགའ་རེ་ལེགས་སྐྱེས་སུ་འབུལ་ཐུབ་པ་ཡིན་ན། རིག་གནས་ཀྱི་འཚོ་བ་ཉག་ཕྲ་བའི་མི་རྣམས་ལ་ཕན་འབྲས་གང་ལེགས་ཡོང་རྒྱུ་མ་ཟད། བོད་ཡིག་ལ་མཐོང་སྣང་མི་བྱེད་པའི་གནས་ཚུལ་ལ་འགྱུར་བ་བྱུང་ནས། ཕུན་སུམ་ཚོགས་པའི་རིག་གནས་འདི་རྒྱུན་འཛིན་བྱ་རྒྱུར་ཕན་ཐོགས་ཡོང་གི་རེད། སྤྱི་ཚོགས་ཤིག་གི་གནས་ལུགས་སམ་མི་རིགས་ཤིག་གི་སེམས་ཁམས་དང༌། གཤིས་ལུགས། སྒྱུ་རྩལ་བཅས་མཚོན་པར་བྱེད་པའི་རིག་གནས་ཀྱི་ཁྱབ་ཁོངས་ནི་ཤིན་ཏུ་རྒྱ་ཆེ་བ་ཞིག་སྟེ། དཔེར་ན་རྒྱན་གོས་ཀྱི་རིག་གནས་དང༌། གོམས་སྲོལ་གྱི་རིག་གནས། བཟའ་བཏུང་གི་རིག་གནས། སེམས་ཁམས་ཀྱི་རིག་གནས། གུས་ལུགས་ཀྱི་རིག་གནས། མཛེས་དཔྱོད་ཀྱི་རིག་གནས། འཛེམ་སྤངས་ཀྱི་རིག་གནས་སོགས་ཁྱབ་ཆེ་བས། སྤྱི་ཚོགས་ཤིག་ངོ་སྤྲོད་བྱ་ཐུབ་པར་བྱེད་པ་ལ་ཚིག་སྦྱོར་སྙན་པའི་རྩོམ་ཡིག་ཐུང་གྲས་ཤིག་གིས་མཚོན་པར་བྱེད་མི་ཐུབ་པར་བརྟེན། ཁོ་བོས་སྒྲུང་རིང་《གཙུག་གཡུ་》འབྲི་མགོ་བཙུགས་པ་ཡིན།
‘‘‘མགོ་འཛིན་པ།’’’ ཀློག་པ་པོ་མང་ཤོས་ཀྱིས་སྒྲུང་རིང《གཙུག་གཡུ་》ཡི་ནང་དུ་མི་སྣ་གཙོ་བོ་དཔལ་ལྡན་གྱི་སྣང་བརྙན་སློང་སྐྲུན་བྱས་པ་བརྒྱུད། རྩོམ་གྱི་མགོ་མཇུག་བར་གསུམ་དུ་འཁོན་འཛིན་གྱིས་ཁེངས་པར་བྱས་ཡོད། དཔལ་ལྡན་གྱི་སྣང་བརྙན་སློང་སྐྲུན་ཆ་ལ་ཀློག་པ་པོ་མང་ཤོས་ཤིག་གིས། དཔལ་ལྡན་ནི་སྐྱོན་ཡོན་ཉིས་ལྡན་གྱི་སྣང་བརྙན་སློང་སྐྲུན་བྱས་ཏེ་མིའི་རིན་ཐང་ལེགས་པོ་འཁྱོངས་འདུག་ཟེར། ཡང་ལ་ལ་ཞིག་གིས་དཔལ་ལྡན་གྱི་སྣང་བརྙན་འཁོན་འཛིན་ལས་མི་རིགས་ཀྱི་ལོ་རྒྱུས་དང༌། མི་གཤིས་ཀྱི་འཚོལ་སྙེགརིག་གནས་ཀྱི་མཐའ་དཔྱོད་ལྟ་བུའི་གཏིང་ཟབ་ས་ཞིག་ཏུ་ཕྱིན་མེད་པས་མི་སྣ་ཆིག་རྐྱང་བ་ཞིག་རེད་ཟེར། ཁྱེད་ལ་དཔལ་ལྡན་གྱི་མི་སྣ་སློང་སྐྲུན་ཐད་དང་ཡང་ན་སྒྲུང་གཏམ་གྱི་མི་སྣ་སློང་སྐྲུན་ཐད་ལྟ་ཚུལ་ག་རེ་ཡོད།
‘‘‘གླང་མདུན་དཔལ་འབྱོར།’’’ སྒྲུང་རིང《གཙུག་གཡུ་》ནི་དཔལ་ལྡན་དང་བུ་མོ་བདེ་སྐྱིད། ཨ་ཅག་གསལ་སྒྲོན་ལགས། ས་དབང་ཆེན་མོ། མདའ་དཔོན། མི་དཔོན་སོགས་གཤིས་ཀ་དང་གནས་བབ་མི་འདྲ་བའི་དཔེ་མཚོན་གྱི་མི་སྣའི་སྣང་བརྙན་ཁ་ཤས་ཤིག་སློང་སྐྲུན་བྱས་པ་བརྒྱུད། ཅུང་རྒྱ་ཆེ་ཙམ་གྱི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་དང་རྫོང་རྒྱབ་ཞར་འཕེན། སྐུ་དྲག་གི་གསོལ་སྟོན། ཡེ་ཤེས་མཁའ་འགྲོས་མདའ་དཔོན་དགེ་རྒན་ལ་བསྟེན་པའི་མཛད་སྒོ་སྟབས་བདེ་སོགས་ཡུལ་སྲོལ་གོམས་གཤིས་འབྲི་འགོད་བྱ་རྒྱུར་དོ་ཁུར་བྱས་པ་དང༌། དེ་ལྟའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིབ་འབྲི་བྱས་པ་བརྒྱུད། གོམ་གང་མདུན་སྤོས་ཀྱིས་མི་སྣའི་གཟུགས་བརྙན་འབུར་ཐོན་དུ་སློང་སྐྲུན་བྱས་པའི་ཐོག་ནས། སྐབས་དེའི་སྤྱི་ཚོགས་ཀྱི་རིམ་གྲས་མི་འདྲ་བའི་གནས་སྟངས་རགས་ཙམ་མཚོན་པར་བྱས་པ་ཡིན།
‘‘‘མགོ་འཛིན་པ།’’’ ཁྱེད་ཀྱི་བརྩམས་ཆོས་ལ་སྒྲུང་རིང《གཙུག་གཡུ་》དང་སྒྲུང་ཐུང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》ལས་གཞན་མཐོང་མ་བྱུང༌། དེ་གཉིས་ལ་ཀུན་གྱིས་གདེང་འཇོག་ཚད་མེད་གནང་གི་ཡོད། ཁྱེད་ཀྱིས་བརྩམས་ཆོས་དེ་གཉིས་ལ་དེ་འདྲའི་གདེང་འཛོག་མཐོན་པོ་ཐོབ་པའི་རྒྱུ་མཚན་ག་རེ་རེད་བསམས་བྱུང༌།
‘‘‘གླང་མདུན་དཔལ་འབྱོར།’’’ 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》དང(གཙུག་གཡུ)པར་འགྲེམ་བྱས་པའི་རྫེས་སུ། བོད་རིགས་ས་ཁུལ་གྱི་ཀློག་པ་པོའི་ཁྲོད་དུ་ཤུགས་རྐྱེན་ཆེ་ཙམ་བྱུང་སྟེ། བོད་ཀྱི་རིག་གནས་ལ་དོ་ཁུར་གནང་མཁན་གཞོན་སྐྱེས་ཚོའི་ཁྲོད་དུ་རེ་ཞིག་བརྩམས་ཆོས་དེ་གཉིས་སྐོར་ལ་གླེང་བརྫད་ཡང་ཡང་བྱེད་ཅིང༌། བརྩམས་ཆོས་ནང་གི་ཚིག་དུམ་འགའ་རེ་བློ་འཛིན་བྱས་ནས་ངག་སྐྱོར་བྱེད་ཕ་དང༌། རང་གི་རྩོམ་ཡིག་ནང་དུ་བེད་སྤྱོད་བྱེད་པ་སོགས་སློབ་སྦྱོང་བྱ་ཡུལ་གྱི་ལྟ་དེབ་ཅིག་ཏུ་བརྩིས་ནས་དགའ་སྣང་ཆེན་པོ་བྱེད་པ་རེད། སློབ་འབྲིང་དགེ་རྒན་གྱིས“སྒྲུང་གཏམ་དེ་གཉིས་ཐོན་པ་ནས་བཟུང༌། སློབ་ཕྲུག་ཚོ་བོད་ཡིག་སློབ་ཚན་ལ་དགའ་སྣང་ཆེ་རུ་སོང་ཞིང༌། སློབ་མ་ཚོའི་རྩོམ་ཡིག་གི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་སོང་ཞེས་གསུངས་ཕ་ཐོས་ཕས། སེམས་ཀྱི་པད་འདབ་རབ་ཏུ་རྒྱས་པ་བཞིན་དགའ་ཚོར་ཆེན་པོ་བྱུང༌། གང་ལགས་ཤེ་ན། དེ་ནི་ཁོ་བོའི་རེ་འདུན་ཞིག་ཀྱང་ཡིན་པས་སོ། ། ལྷ་ས་སློབ་འབྲིང་གི་དགེ་རྒན་དམ་པ་བཀྲ་ཤིས་དབང་འདུས་མཆོག་ནས《བོད་ཡིག་དཔྱད་གཏམ་གྱི་དཀར་ཆག་》ཅེས་པའི་དེབ་ཀྱི་ནང་དུ། “བློ་མཐུན་དཔལ་འབྱོར་ལགས་ཀྱིས་བརྩམས་པའི《གཙུག་གཡུ་》ནི། ངས་བལྟས་ན་རྩོམ་འབྲིའི་སྒྱུ་རྩལ་དང་བརྩམས་ཆོས་ནང་དོན་སོགས་གང་ཅིའི་ཐད་ནས་ལོ་ཤས་རིང་གི་བོད་ཡིག་གསར་རྩོམ་ཡོངས་ཀྱི་གཙུག་ཕུད་རེད་འདུག་ལ། བརྩམས་ཆོས་འདིས་གློག་བརྙན་ཞིག་བཟོས་ན་ལྟད་མོ་ཆེན་པོ་ཞིག་ཡོང་རྒྱུ་མ་ཟད། དེ་སྔའི་བོད་ཀྱི་རིམ་གྲས་ཁག་ལ་ཞིབ་འཇུག་གནང་མཁན་དང༌། རྩོམ་རིག་སྒྱུ་རྩལ་ལས་རིགས་པ། སྙན་ངག་པ། རྩོམ་པ་པོ་སོགས་ཀྱིས་གཟིགས་རིན་ཡོད་པའི་བརྩམས་ཆོས་ཡག་པོ་ཞིག་ཡོང་རྒྱུ་ངེས་གཏན་རེད་ཅེས་ཀསུངས། དེ་མིན་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་རྩོམ་གནང་མཛད་པའི《འཚོལ་རྟོག་སྙིང་སྟོབས་》ཞེས་པའི་དེབ་ཀྱི་ནང་དུ《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》ལ་དཔྱད་གླེང་གནང་སྐབས། “བརྩམས་ཆོས་འདི་ཡིས་རྒྱུན་སྲོལ་སྒྲུང་གཏམ་གྱི་རྩོམ་འབྲིའི་སྒྱུ་རྩལ་གྱི་ཁྱད་ཆོས་རྒྱུན་འཛིན་བྱས་པ་དང༌། དེ་ལས་བརྒལ་ཏེ་སྒྲུང་གཏམ་གསར་བ་རྩོམ་འབྲིའི་སྲོལ་བཏོད་བྱ་རྒྱུར་འབད་བརྩོན་བྱས་པར་བརྟེན། རྩོམ་ཚུལ་གསར་རྙིང་མི་འདྲ་བ་གཉིས་གསལ་བོར་མངོན་པས། སྒྲུང་གཏམ“འདི་ལ་རྩོམ་ཚུལ་གསར་རྙིང་གཉིས་འཕོ་འགྱུར་གྱི་བརྒྱུད་རིམ་རྟོགས་པར་བྱེད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་འདུག”ཅེས་གདེང་འཇོག་མཐོན་པོ་གནང་ཞིང༌། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་ཚན་ཁག་གི་སློབ་དཔོན་ཆེན་མོ་རྣམ་སྲས་ལགས་ཀྱིས་རྩོམ་གནང་མཛད་པའི《དུས་རབས་གསར་བའི་བོད་ཀྱི་སྒྲུང་གཏམ་ལ་དཔྱད་པ་》ཞེས་པའི་དེབ་ནང《གཙུག་གཡུ་》ལ་དཔྱད་གླེང་གནང་བའི་སྐབས་སུ། “དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་གསར་རྩོམ་བྱས་པའི་སྒྲུང་རིང་དང་པོ་འདི་ནི། བོད་ལྗོངས་ཀྱི་དུས་རབས་གསར་བའི་རྩོམ་རིག་གསར་རྩོམ་གྱི་ལྡུམ་རའི་ནང་དུ་བཀྲག་མདངས་ཆེ་ལ་དྲི་ཞིམ་འཐུལ་བའི་མེ་ཏོག་གསར་བ་ཞིག་བཞད་པ་རེད”ཅེས་བསྔགས་བརྗོད་གནང་བའི་རྗེས་སུ། “སྒྲུང་གཏམ་ནང་དུ་སྐུ་དྲག་དང་དཔོན་རིགས་ཀྱི་གདུག་རྩུབ་དང་སྙིང་རྗེ་མེད་པའི་མནར་གཅོད། ངལ་རྩོལ་མི་དམངས་ཀྱི་ཡ་ང་བའི་སྤྱི་ཚོགས་འཚོ་བ་བཅས་རྩོམ་པ་པོས་མངོན་སུམ་གསལ་རྗེན་ཞིག་བཀོད་པ་དེས། ཀློག་པ་པོ་ནི་སྐབས་རེར་རང་དབང་མེད་པར་ཁོང་ཁྲོའི་མེ་ལྕེ་འབར་ནས་མིག་འབྲས་ཟུང་དམར་པོར་གྱུར་པ་དང༌། ཡང་སྐབས་འགར་གདུང་སེམས་ཆེན་པོ་སྐྱེས་ཏེ་དབང་མེད་དུ་མིག་ནས་མཆི་མ་ཤོར་པ་སོགས་བྱེད་པས་ན། ཚུལ་འདི་ཡིས་རྩོམ་པ་པོའི་རྩོམ་འབྲིའི་ཁྱད་རྩལ་མཚོན་པ་རེད”ཅེས་དང༌། ཡང“་དེས་བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་ལ་སྐུལ་འདེད་ཆེན་པོ་ཐེབས་ཤིང༌། ང་ཚོ་ཐུན་མོང་གིས་ལོ་རྒྱུས་ཐོག་གི་ཕུལ་བྱུང་རྩོམ་ཡིག་ཏུ་ངོས་འཛིན་པའི་བརྩམས་ཆོས་གཞན་དང་འདྲ་བར་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་པ་རེད”ཅེས་སོགས་གསུངས་ནས། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་སོགས་གང་ཅིའི་ཐད་ལ་གདེང་འཇོག་མཐོན་པོ་གནང་འདུག སྤྱི་ལོ༡༩༨༥ལོར་བོད་ཡིག་གི《གཙུག་གཡུ་》པར་འགྲེམ་བྱས་ནས་ལོ24སོང་བ་སྟེ། ༢༠༠༩ལོར་རྒྱ་ཡིག་གི《གཙུག་གཡུ་》པར་འགྲེམ་བྱུང་བའི་རྗེས་སུ། རྒྱལ་ཡོངས་ས་གནས་ཁག་གི་རྩོམ་རིག་དཔྱད་བརྗོད་པ་གྲགས་ཅན་མི་ཉུང་བ་ཞིག་གིས་རྩོམ་རིག་གི་རིགས་ལམ་ཐོག་ནས་སྒྲུང་རིང་འདིར་དཔྱད་བརྗོད་དང་བསྔགས་བརྗོད་མཐོན་པོ་གནང་འདུག དཔེར་ན་བརྩམས་ཆོས་འདི་ནི“བོད་ཡིག་གི་དེང་རབས་རྩོམ་རིག་གསར་རྩོམ་གྱི་དཔེ་མཚོན་བརྩམས་ཆོས་ཡིན་པ་དང༌། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག་བར་གྱི་དབྱེ་བའི་རྟགས་མཚམས་ཡིན་པ། བོད་ཡིག་གི་དེང་རབས་རྩོམ་རིག་གསར་རྩོམ་གྱི་ཆུ་མགོ་བཏོད་པ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུ་གསུབ་ཐབས་མེད་པའི་མཚོན་རྟགས་ཤིག་བཞག་པ་རེད། དེ་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད”ཅེས་བོད་ཡིག་གི་བརྩམས་ཆོས་ཤིག་ལ་འདི་ལྟ་བུའི་གདེང་འཇོག་གནང་བ་དེས། “བོད་ཡིག་ནི་ཆོས་ལུགས་ཀྱི་སྐད་ཡིག་ཡིན་པས་དེང་རབས་ཀྱི་མིའི་འཚོ་བ་འབྲི་མི་ཐུབ”ཅེས་དམའ་འབེབས་བྱེད་པ་ནི། ཁུངས་ལུང་གང་ཡང་མེད་པ་ཞིག་ཡིན་པའི་ར་སྤྲོད་གསལ་བོ་བྱུང་བ་རེད། དེ་མིན་མཁས་དབང་རྣམས་ཀྱིས་དེ་ལྟ་བུའི་གདེང་འཇོག་མཐོན་པོ་གནང་བ་ནི། གཙོ་བོ་སྐབས་དེར་སྟོངས་ལ་ཉེ་བའི་རྩོམ་རིག་ཉམས་གསོ་ཡོང་བ་དང༌། ས་རྒྱུ་ལས་ཐོག་མར་བུད་མ་ཐག་པའི་གསར་རྩོམ་གྱི་མྱུ་གུའི་མཆེ་བ་བདེ་བླག་ཏུ་སྐྱེ་འཕེལ་ཡོང་ཆེད་རྩོམ་པ་པོ་ལ་སེམས་གསོ་སྐུལ་ལྕག་གནང་བ་ཞིག་ཀྱང་ལོས་ཡིན།
‘‘‘མགོ་འཛིན་པ།’’’ 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》ཡིས་མེ་ཏོག་འགའི་བར་གྱི་འགལ་བ་བརྒྱུད་ནས་དངོས་ཡོད་མིའི་འགལ་བ་མཚོན་པར་བྱས་ཡོད། མི་སྣ་དེ་དག་གི་སྣང་བརྙན་སློང་སྐྲུན་གྱི་ཆར་འབྲི་ཐབས་གསར་བ་གང་ཞིག་སྤྱད་པ་ཡིན།
‘‘‘གླང་མདུན་དཔལ་འབྱོར།’’’ སྒྲུང་གཏམ་གྱི་གཙོ་གནད་གསུམ་ནི་མི་སྣའི་གཟུགས་བརྙན་སློང་སྐྲུན་དང༌། སྒྲུང་གི་འབྲི་ཚུལ་སྒྲིག་འགོད། ཁོར་ཡུག་ཞིབ་འབྲི་བཅས་གསུམ་ཡིན། སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་སྒྲུང་གཏམ་ཞིག་ཡིན་ཕྱིན། གཙོ་གནད་གསུམ་པོ་དེ་དག་ལེགས་པར་འབྲི་འགོད་བྱས་ནས། ཀློག་པ་པོའི་ཡིད་དབང་འགུག་ཐུབ་པ་ཞིག་ཡིན་དགོས་ཤིང༌། ཀློག་པ་པོའི་ཡིད་དབང་འཕྲོག་པར་བྱེད་པ་ལ། “རྩོམ་རིག་ནི་ཚིག་སྦྱོར་གྱི་སྒྱུ་རྩལ་ཡིན”ཅེས་པ་ལྟར། སྒྲུང་གཏམ་གྱི་ཚིག་སྦྱོར་ངེས་པར་ཀློག་པ་པོའི་ཡིད་ལ་འཇུག་ཅིང་སྙན་འཇེབས་ལྡན་པ་ཞིག་ཡོང་རྒྱུའི་ཆར་འབད་པ་ལྷུར་ལེན་བྱེད་དགོས་པ་ཡིན། རང་རེའི་སྲོལ་རྒྱུན་རྩོམ་རིག་ལྭ《སྙན་ངག་མེ་ལོང་》ཞེས་ཚིག་རྒྱན་རིག་པའི་གཞུང་ལུགས་ཆ་ཚང་ཞིག་དང༌། རྩོམ་པ་པོ་དུ་མས་གཞུང་ལུགས་དེའི་ལམ་ནས་བརྩམས་པའི་རྩོམ་ཡིག་ཕུལ་བྱུང་མང་བོ་ཞིག་མཛད་རྫེས་སུ་འཇོག་གནང་མཛད་ཡོད་པས། ང་ཚོས་སློབ་སྦྱོང་རྒྱུན་འཛིན་ལེགས་པར་བྱས་ན། ཚིག་སྦྱོར་ཐད་ལ་ཡིག་རིགས་གཞན་པ་ཅི་འདྲ་ཞིག་ལའང་སྨོན་མི་དགོས་པར། ཀུན་གྱི་ཡིད་དབང་འགུག་ཐུབ་པ་ཞིག་ཡོང་ངེས་རེད། འོན་ཀྱང་གལ་ཏེ་རྒྱ་ཆེ་བའི་ཀློག་པ་པོའི་དགོས་མཁོ་དང་མ་མཐུན་ན། རྩོམ་པ་པོ་ཅི་ཙམ་མཁས་ཀྱང་ཁྱེད་ཀྱི་བརྩམས་ཆོས་ལ་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཐོབ་དཀའ་བར་མ་ཟད། རིག་གནས་ཁྱབ་གདལ་གཏང་རྒྱུའི་འདུན་པ་ཡང་སྟོང་ཟད་དུ་འགྱུར་ངེས་རེད། དེ་བཞིན་མི་སྣའི་གཟུགས་བརྙན་དང་གཤིས་ཀ་སློང་སྐྲུན་ལེགས་པོ་བྱེད་ཐུབ་མིན་ནི། སྒྲུང་གཏམ་སྒྱུ་རྩལ་གྱི་ཁྱད་ནུས་འདོན་སྤེལ་བྱེད་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད་པས། སྐབས་དེའི་སྒྲུང་གི་དམིགས་བསལ་ཁོར་ཡུག་ཁྲོད་དུ་དཔེ་མཚོན་གྱི་མི་སྣའི་གཟུགས་བརྙན་དང༌། གཤིས་ཀའི་ཉམས་འགྱུར་གསལ་རྗེན་དུ་ཐོན་པ་ཞིག་འབྲི་དགོས་ཤིང༌། ཉམས་འགྱུར་འདོན་སྟངས་ལ་རང་རེའི་རིག་རྩལ་གྱི་གཞུང་ལུགས་ལ་སྒེག་པའི་ཉམས་དང༌། དྲག་ཤུལ་གྱི་ཉམས། དཔའ་བོའི་ཉམས། སྙིང་རྗེའི་ཉམས། མི་སྡུག་པའི་ཉམས། བཞད་གད་ཀྱི་ཉམས། རྨད་བྱུང་གི་ཉམས། འཇིགས་རུང་གི་ཉམས་བཅས་ཉམས་འགྱུར་གྱི་རྣམ་པ་བརྒྱད་དུ་གསུངས་ཡོད་པས། དེ་ཚོ་ནི་རང་རེའི་མཁས་དབང་མེས་པོ་རྣམས་ཀྱིས་ཕྱོགས་སྡོམ་གནང་བའི་མན་ངག་ཡིན་པས། ང་ཚོས་རྒྱུན་འཛིན་གྱིས་རང་གི་རྩོམ་ཡིག་ནང་དུའང་བེད་སྤྱོད་བཏང་ན། མི་སྣ་གསོན་ཉམས་ལྡན་པ་སློང་སྐྲུན་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།
‘‘‘མགོ་འཛིན་པ།’’’ མི་ལ་ལས་ཁྱེད་ཀྱི་བརྩམས་ཆོསྭ《གཙུག་གཡུ་》དང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》གཉིས་བར་གྱི་རྩོམ་གཤིས་ཐད་ཁྱད་པར་ཆེ་ཙམ་འདུག་ཟེར། དེར་ཁྱེད་ཀྱི་ལྟ་ཚུལ་ཅི་འདྲ་ཡིན། ‘‘‘གླང་མདུན་དཔལ་འབྱོར།’’’ 《གཙུག་གཡུ་》དང་《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》གཉིས་སྒྲུང་གཏམ་རིང་ཐུང་མི་འདྲ་བ་གཉིས་སོ་སོའི་མཚན་ཉིད་ཀྱི་འགན་དབང་ལ་གཞིགས་ཏེ་རྩོམ་ཚུལ་དང་རྩོམ་གཤིས་མི་འདྲ་བ་གཙོ་བོ་འདི་ལྟ་བུ་ཡོད་དེ། བརྗོད་དོན་དང་ཚིག་སྦྱོར་གྱི་ཐོག་ནས་བཤད་ན། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ནི་ལྡུམ་རའི་ནང་གི་མེ་ཏོག་ཁ་ཤས་ཀྱི་གཟུགས་བརྙན་སློང་སྐྲུན་བྱས་ནས། མེ་ཏོག་གཅིག་གིས་གཙུག་རྒྱན་བྱས་ཏེ་གཞན་རྣམས་ལ་མཐོང་ཆུང་དམའ་འབེབས་བྱེད་པའི་ལྡུམ་ར་ཞིག་གམ། ཡང་ན་གཅིག་ཕན་གཅིག་རོགས་ཀྱིས་མེ་ཏོག་སོ་སོའི་བཀྲག་མདངས་རྣམ་པར་རྒྱས་པའི་འཆམ་མཐུན་དྲོ་སྐྱིད་ཀྱི་ལྡུམ་ར་ཞིག་གསོ་སྐྱོང་བྱེད་པའི་ལྟ་བ་མི་འདྲ་བ་གཉིས་ཀྱི་འགལ་ཟླ་གཙོ་བོ་དེ་རང་ཐག་གཅོད་བྱེད་རྒྱུ་དེ་ཡིན་པ་དང༌། རྗོད་བྱེད་ཀྱི་ཚིག་ནི་བཅད་ལྷུག་སྤེལ་མའི་ལུགས་ནས་བྲིས་ཤིང༌། སྲོལ་རྒྱུན་སྙན་ངག་གི་ཚིག་རྒྱན་འདྲ་མིན་སྤྱད་དེ་ཚིག་སྦྱོར་སྙན་འཇེབས་ལྡན་པ་ཞིག་ཡོང་བར་འབད་པ་ལྷུར་ལེན་བྱས་པ་དང༌། 《གཙུག་གཡུ》ནི་དཔལ་ལྡན་སོགས་དཔེ་མཚོན་མི་སྣའི་གཟུགས་བརྙན་སློང་སྐྲུན་བྱས་པ་བརྒྱུད་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང༌། ཁེ་ཕན་འདྲ་མིན་གྱི་མི་སྣའི་བར་གྱི་འགལ་བ། དྲང་བདེན་དང་གཡོ་ཧམ་བར་གྱི་འགལ་ཟླ། རང་དབང་དང་བཙན་གནོན་བར་གྱི་འགལ་བ། གོམས་སྲོལ་རྙིང་བ་དང་རང་དབང་བརྩེ་སེམས་བར་གྱི་འགལ་ཟླ་སོགས། སྤྱི་ཚོགས་ཀྱི་འགལ་ཟླ་དང་འགལ་བ་ཉོག་འཛིང་ཆེ་བ་འདྲ་མིན་བཟོ་འགོད་བྱས་པ་བརྒྱུད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་རགས་ཙམ་མཚོན་པར་བྱས་ཤིང༌། རྗོད་བྱེད་ཀྱི་ཚིག་སྦྱོར་ནི་ས་ཁུལ་ཁག་གི་བོད་ཡིག་ཆུ་ཚད་འབྲིང་ཙམ་གྱི་ཀློག་པ་པོ་མང་ཆེ་བས་ཀློག་བདེ་ལ་དོན་རྟོགས་སླ་བའི་ཆེད་དུ། རྒྱན་སྤྲོས་ཀྱིས་མ་བཅིངས་པར་ཁ་སྐད་དང་ཚིག་ལྷུག་གི་ལམ་ནས་བྲིས་པ་དང༌། ཡང་ཚིག་སྦྱོར་སྙན་པའི་ཆེད་དུ་བོད་རིགས་ཀྱི་དགའ་སྣང་གི་ཁྱད་ཆོས་ལ་གཞིགས་ཏེ་རྒྱུན་སྲོལ་གཏམ་དཔེ་དང༌། གཞས་ཚིགཀ་བཤད་སོགས་སྐབས་སུ་སྦྱར་ནས་ཀློག་པ་པོའི་ཡིད་དབང་འགུག་ཐབས་ལ་འབད་པ་བགྱིས་ཡོད་པ་ལགས་སོ། །
‘‘‘མགོ་འཛིན་པ།’’’ ཁྱེད་ཀྱི་བརྩམས་ཆོས《གཙུག་གཡུ》དང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》གཉིས་ལ་བྱ་དགའ་རབས་དང་རིམ་པ་མང་བོ་ཞིག་ཐོབ་མྱོང༌། སྔ་མ་ད་དུང་སྐབས་བརྒྱད་པའི“མའོ་ཏུན་རྩོམ་རིག་བྱ་དགའི་འདེམ་སྒྲུག་པའི་གྲས་སུའང་ཚུད་ཡོད། ཁྱེད་ཀྱི་བསམ་ཚུལ་ཡིན་ན་བརྩམས་ཆོས་འདི་གཉིས་ལ་ད་དུང་མི་འདང་བའི་ཆ་དང་ཁ་སྐོང་དགོས་པའི་ཆ་གང་ཞིག་ཡོད།
‘‘‘གླང་མདུན་དཔལ་འབྱོར།’’’ ཁོ་བོའི་སྒྲུང་གཏམ《གཙུག་གཡུ》དང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》གཉིས་ལ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་ཞིབ་འབྲི་བྱ་རྒྱུ་ད་དུང་མ་ལྡང་བ་དང༌། མི་སྣ་གཙོ་བོའི་གཟུགས་བརྙན་སློང་སྐྲུན་བྱས་པ་བརྒྱུད་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་ད་དུང་རྒྱ་ཆེ་ཙམ་ཞིག་འབྲེ་འགོད་བྱེད་མ་ཐུབ་པ། སྐབས་རེར་མི་སྣའི་བར་གྱི་སྐད་ཆ་རིང་དྲགས་པ། སྒྲུང་གི་ལྷུ་ཚིགས་སྒྲིག་འགོད་ལྷུག་དྲགས་པ་སོགས་ཀྱི་སྐྱོན་ཆ་བྱུང་ཡོད་པས། སྒྲུང་གཏམ་གྱི་སྒྱུ་རྩལ་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཡོད་པ་གོར་མ་ཆག
‘‘‘མགོ་འཛིན་པ།’’’ མཇུག་མཐར་ཁྱེད་ཉིད་རྩོམ་པ་པོ་རྒན་གྲས་ཞིག་ཡིན་པའི་ཆ་ནས། བོད་ཀྱི་རྩོམ་པ་པོ་རྣམས་ལ་བརྗོད་འདོད་པའི་སྐད་ཆ་ཅི་ཡོད།
‘‘‘གླང་མདུན་དཔལ་འབྱོར།’’’ དེང་དུས་སློབ་གྲྭ་ཆེ་འབྲིང་ཀི་སློབ་ཕྲུག་དང་གཞོན་ནུ་མང་ཆེ་བས་བོད་ཡིག་སློབ་སྦྱོང་བྱ་རྒྱུར་དོ་ཁུར་ཆེན་པོ་བྱེད་ཅིང༌། མི་ཉུང་བ་ཞིག་གིས་བོད་ཡིག་གེ་ཐོག་ནས་ལྷུག་རྩོམ་དང༌། སྙན་རྩོམ། སྒྲུང་གཏམ་སོགས་སྤུས་ཚད་ལྡན་པའི་བརྩམས་ཆོས་མང་བོ་འགྲེམ་སྤེལ་གནང་གིན་འདུག་པས། སྣང་ཚུལ་འདི་ནི་ང་ཚོས་དགའ་ཚོར་བྱེད་དགོས་པའི་འགྱུར་བ་ཆེན་པོ་ཞིག་རེད། སླད་ཕྱིན་གཞོན་སྐྱེས་རྣམས་ཀྱིས་འབད་བརྩོན་ཆེར་བསྐྱེད་ཀྱིས་རང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་བྱ་བཞག་འཕེལ་རྒྱས་སུ་གཏང་རྒྱུ་དང༌། བརྩམས་ཆོས་ཀྱི་སྤུས་ཚད་ད་དུང་ཇེ་མཐོར་གཏང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་སྒྱུ་རྩལ་གྱི་རིགས་ལམ་དང་ཁྱད་རྩལ་ལ་ཞིབ་འཇུག་སློབ་སྦྱོང་བྱ་རྒྱུ་དང༌། རང་རེའི་མི་རིགས་ཀྱི་སྙན་འཇེབས་ཚིག་སྦྱོར་དང་ཉམས་འདོན་རིག་རྩལ་རྒྱུན་འཛིན་བེད་སྤྱོད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། རྩོམ་རིག་གསར་རྩོམ་འདི་དག་རྒྱལ་ཡོངས་རྩོམ་རིག་གར་སྟེགས་ཀྱི་མདུན་གྲལ་དུ་ཐོན་ཐུབ་པ་ཞིག་དང༌། རྒྱལ་སྤྱིའི་རྩོམ་རིག་འཕེལ་ཕྱོགས་ཀྱི་རྗེས་བསྙེགས་ཏེ། རང་རེའི་རྩོམ་རིག་གསར་རྩོམ་གྱི་པད་མ་འདི་དག་འཛམ་གླིང་རྩོམ་རིག་ལྡུམ་རའི་ནང་དུ་འདབ་མ་རྒྱས་ཤིང་དྲི་བསུང་འཐུལ་བའི་ཆར་འབད་བརྩོན་ལྷུར་ལེན་གནང་སྐྱོང་ཡོང་བའི་རེ་འདུན་ཟབ་མོ་ཞུ་བཞིན་ཡོད་ལགས།