གཙུག་གཡུ་
གཙུག་གཡུ། (དབྱིན་སྐད་དུ། The Head Turquoise) ནི་༡༩༨༥ ལོར་ལྷ་ས་ནས་པར་དུ་བསྐྲུན་པའི་དེང་རབས་བོད་ཀྱི་བརྩམས་སྒྲུང་རིང་པོ་ཐོག་མ་དེ་ཡིན།
གཙུག་གཡུ། (དེང་རབས་བོད་ཀྱི་བརྩམས་སྒྲུང་།)
[རྩོམ་སྒྲིག]'''གཙུག་གཡུ།''' (དབྱིན་སྐད་དུ། ''The Head Turquoise'') ནི་༡༩༨༥ ལོར་ལྷ་ས་ནས་པར་དུ་བསྐྲུན་པའི་དེང་རབས་བོད་ཀྱི་བརྩམས་སྒྲུང་རིང་པོ་ཐོག་མ་དེ་ཡིན། བརྩམས་སྒྲུང་འདིའི་རྩོམ་པ་པོ་ནི་གླང་མདུན་དཔལ་འབྱོར་ (༡༩༤༡-༢༠༡༣) ལགས་ཡིན། དེབ་འདི་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་སྲོལ་རྒྱུན་གྱི་རྣམ་ཐར་ལས་བརྒལ་ཏེ། དངོས་ཡོད་རིང་ལུགས་ཀྱི་སྒོ་ནས་འཇིག་རྟེན་པའི་འཚོ་བ་དང་། མི་སྣའི་སེམས་ཁམས་བརྗོད་བྱ་གཙོ་བོར་བཟུང་བའི་བརྩམས་ཆོས་ཤིག་ཡིན།
མི་སྣ་གཙོ་བོ་རྣམས་ཀྱི་ངོ་སྤྲོད།
[རྩོམ་སྒྲིག]བརྩམས་སྒྲུང་འདིའི་ནང་དུ་མི་སྣ་སོ་སོའི་གཤིས་ཀ་དང་ལས་དབང་ཞིབ་ཕྲ་བྲིས་ཡོད་དེ།
- དཔལ་ལྡན།: འདི་ནི་བརྩམས་སྒྲུང་གི་མི་སྣ་གཙོ་བོ་ཡིན། དཔལ་ལྡན་ནི་སྐྱོན་དང་ཡོན་ཏན་གཉིས་ཀ་ལྡན་པའི་མི་ཞིག་ཏུ་བཞེངས་སྐྲུན་བྱས་ཡོད། ཁོང་གི་མི་ཚེའི་བྱུང་རིམ་ནང་འཁོན་འཛིན་དང་། ལས་དབང་གི་འགྱུར་ལྡོག དེ་བཞིན་བཟང་སྤྱོད་ཀྱི་འཐབ་རྩོད་བཅས་སྣེ་མང་འདུས་ཡོད། ཀློག་པ་པོ་ལ་ལས་ཁོང་ནི་མི་རིགས་ཀྱི་གཤིས་ལུགས་མཚོན་པའི་མི་སྣ་གཏིང་ཟབ་ཅིག་ཏུ་ངོས་འཛིན་བྱེད།
- ཕ་ཕུན་ཚོགས།: དཔལ་ལྡན་གྱི་ཡབ་ཕུན་ཚོགས་ནི་བོད་ཀྱི་མི་སེར་དཀྱུས་མ་ཞིག་ཡིན་ལ། ཁོང་གི་མི་ཚེ་ནི་སྡུག་བསྔལ་གྱིས་ཁེངས་པ་ཞིག་ཡིན། ཁྱིམ་རྒྱུད་ཀྱི་ནོར་བུ་"གཙུག་གཡུ་" དེའི་རྐྱེན་གྱིས་སྐུ་དྲག་གིས་བཙོན་དུ་བཅུག་ནས་མནར་གཅོད་ཚད་མེད་བཏང་བས། ལུས་ལ་གཅོང་ནད་ཆེན་པོ་ཞུགས་ཡོད།
- མ་འཛོམས་པ།: དཔལ་ལྡན་གྱི་ཡུམ་འཛོམས་པ་ནི་བཟོད་སྒོམ་དང་བརྩེ་སེམས་ལྡན་པའི་བུད་མེད་ཅིག་ཡིན། ཁོང་གིས་རང་གི་མགོ་ལ་བཏགས་པའི་གཙུག་གཡུ་དེ་སྐུ་དྲག་གིས་འཕྲོག་རྩིས་བྱས་ཀྱང་། དཀའ་ངལ་གང་ལ་མ་འཛེམས་པར་ནོར་བུ་དེ་བདག་ཉར་གནང་། ཁོང་མ་གཤེགས་གོང་དུ་གཙུག་གཡུ་དེ་ཇོ་བོའི་སྐུ་མདུན་དུ་འབུལ་དགོས་པའི་ཁ་ཆེམས་བཞག་ཡོད།
- སྐུ་ངོ་རྫོང་།: འདི་ནི་བརྩམས་སྒྲུང་ནང་གི་མི་ངན་གྱི་གཟུགས་བརྙན་ཞིག་སྟེ། ཧམ་སེམས་ཆེན་པོས་དཔལ་ལྡན་གྱི་ཁྱིམ་རྒྱུད་ཀྱི་གཙུག་གཡུ་དེ་འཕྲོག་པར་བྱེད་མཁན་དང་། ཁོང་ཚོའི་ནང་མི་ཁ་འཐོར་དུ་གཏོང་མཁན་གྱི་དབང་འཛིན་པ་དེ་ཡིན།
བརྩམས་སྒྲུང་གི་བྱུང་རིམ་དང་མཇུག་བསྡུ་སྟངས།
[རྩོམ་སྒྲིག]བརྩམས་སྒྲུང་འདིའི་འགོ་འཛུགས་ས་ནི་དཔལ་ལྡན་གྱི་སྤོ་བོས་མ་ཕམ་གཡུ་མཚོའི་འགྲམ་ནས་གཡུ་རྩ་ཆེན་ཞིག་རྙེད་པ་ནས་བྱུང་། གཡུ་དེ་ནི་ཁྱིམ་རྒྱུད་ཀྱི་"བླ་གཡུ་" རུ་བཟུང་ནས་བདག་གཅེས་བྱས། འོན་ཀྱང་རྗེས་སུ་སྐུ་ངོ་རྫོང་ཞེས་པའི་སྐུ་དྲག་དེས་གཡུ་དེ་མཐོང་ནས་ཧམ་སེམས་སྐྱེས་ཏེ། དཔལ་ལྡན་གྱི་ཡབ་ཡུམ་བཙོན་དུ་བཅུག་པ་དང་མནར་གཅོད་བཏང་བས་ནང་མི་རྣམས་ཁམས་སྡེ་དགེ་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་།
བརྩམས་སྒྲུང་གི་མཇུག་བསྡུ་བའི་སྐབས་སུ། ཡུམ་འཛོམས་པ་སྐུ་གཤེགས་ཁར་གཙུག་གཡུ་དེ་ཕ་ཕུན་ཚོགས་ལ་སྤྲད་དེ། རང་གི་བུ་དཔལ་ལྡན་དང་མཉམ་དུ་ལྷ་སའི་ཇོ་བོར་མཇལ་ཁ་ཞུ་རྒྱུ་དང་། གཡུ་དེ་ཇོ་བོའི་སྐུ་མདུན་དུ་འབུལ་དགོས་པའི་ཁ་ཆེམས་བཞག ཕ་བུ་གཉིས་ཀྱིས་ཟླ་ངོ་དྲུག་ཙམ་གྱི་རིང་ལ་དཀའ་ངལ་ཁྱད་བསད་ཀྱིས་མཐར་ལྷ་སའི་ཇོ་བོར་མཇལ་ཐུབ་པ་བྱུང་། འོན་ཀྱང་ཡུན་རིང་མ་འགྱངས་པར་ཕ་ཕུན་ཚོགས་ཀྱང་སྔར་གྱི་གཅོང་ནད་འཕར་བ་སོགས་ཀྱིས་སྐུ་གཤེགས། མཐར་དཔལ་ལྡན་གྱིས་ཨ་མའི་ཁ་ཆེམས་ལྟར་ཁྱིམ་རྒྱུད་ཀྱི་གཙུག་གཡུ་དེ་ཇོ་བོ་རིན་པོ་ཆེར་ཕུལ་བ་དང་། འདི་ནི་དཀའ་སྡུག་དང་འཁོན་འཛིན་གྱི་ལོ་རྒྱུས་ཤིག་མཇུག་བསྒྲིལ་ཏེ་དད་པ་དང་བཟོད་སྒོམ་གྱི་ལམ་དུ་སླེབས་པའི་མཚོན་དོན་ཞིག་ཡིན།
བརྗོད་སྙིང་དང་མཚོན་དོན།
[རྩོམ་སྒྲིག]- གཙུག་གཡུ་ཡི་མཚོན་དོན།: "གཙུག་གཡུ་" ནི་བརྩམས་སྒྲུང་འདིའི་ནང་གི་བླ་སྲོག་ལྟ་བུ་ཡིན། འདིས་བོད་ཀྱི་རིག་གནས་ནང་གི་ཚེ་སྲོག་དང་། བརྩེ་དུང་། དེ་བཞིན་ཁྱིམ་རྒྱུད་ཀྱི་ལ་རྒྱ་བཅས་མཚོན་གྱི་ཡོད།
- སྤྱི་ཚོགས་ཀྱི་འགལ་བ།: བརྩམས་སྒྲུང་འདིའི་ནང་སྐུ་དྲག་དང་མི་སེར་དཀྱུས་མའི་བར་གྱི་འབྲེལ་བ་དང་། དབང་ཤུགས་དང་དྲང་བདེན་བར་གྱི་འཐབ་རྩོད་རྣམས་དངོས་ཡོད་རིང་ལུགས་ཀྱི་ལམ་ནས་བྲིས་ཡོད།
ཤུགས་རྐྱེན་དང་དཔྱད་ཞིབ།
[རྩོམ་སྒྲིག]༡༩༨༥ ལོར་དེབ་འདི་ཐོག་མར་ཐོན་སྐབས། ལྷ་སའི་ཁྲོམ་རར་དེབ་རྣམས་ཡུད་ཙམ་ལ་ཚར་བའི་གནས་ཚུལ་བྱུང་བ་དང་། ཀློག་པ་པོ་རྣམས་ཀྱིས་རྩ་ཆེན་པོར་བརྩིས་ནས་གཞན་ལ་གཡར་རྒྱུར་ཡང་ཕངས་སེམས་བྱེད་པའི་ཚད་དུ་སླེབས། ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ཀྱིས་བརྩམས་སྒྲུང་འདི་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་དབུ་འཁྱུད་ལྟ་བུ་ཡིན་པར་གསུངས།