སྒྲུང་གཏམ༼གཙུག་གཡུ༽
སྒྲུང་གཏམ་གཙུག་གཡུའི་བསྡུས་དོན།
[རྩོམ་སྒྲིག]དེབ་ཀྱི་མཚན་བྱང་། གཙུག་གཡུ།
རྩོམ་པ་པོ། གླང་མདུན་དཔལ་འབྱོར།
དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དཔར་དུས། 1985 ལོའི་ཟླ 8 པར་པར་གཞི་དང་པོ་བསྒྲིགས།
2016 ལོའི་ཟླ 3 པར་པར་ཐེངས 7 པ་བཏབ།
ཡིག་གྲངས། ཁྲི། 15
ཤོག་ངོས། 299
རྩོམ་པ་པོས་བརྩམས་སྒྲུང་འབྲི་བའི་དུས་ཡུན། ཕྱི་ལོ 1980ལོའི་ཟླ 3ནས 1983ལོའི་ཟླ 11བར་ཏེ་ལོ་གསུམ་ལྷག
རྩོམ་པ་པོ་ངོ་སྤྲོད།
[རྩོམ་སྒྲིག]རྩོམ་པ་པོ་གླང་མདུན་དཔལ་འབྱོར་ལགས་ཀྱི་འཁྲུངས་འདས་ལོ་ཚིགས་གསལ་བོ་མ་ངེས་ཀྱང་། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་དྲུག་ཅུ་ཡས་མས་སུ་འཁྲུངས་པ་ཞིག་ཡིན་པར་སྙམ། ཁོང་ནི་རྩོམ་རིག་ལ་བློ་སྦྱོང་ཆེ་བ་དང་། སྣ་མང་སྐད་ཡིག་མཁྱེན་མཁན་ཞིག་ཡིན་པ་ཐོས། ཁོང་གི་ཕ་ཡུལ་ལྷ་ས་དྭགས་པོ་གླང་མདུན་ནས་ཡིན་པ་དང་། ཁོང་གིས་སྤྱིར་བརྩམས་སྒྲུང་དང་སྙན་ངག་བྲིས་པ་མང་ལ། དེ་དག་ལས་གྲགས་ཆེ་བ་ནི་སྒྲུང་ཐུང་མེ་ཏོག་ལྡུམ་རའི་ནང་གི་གླན་ཀ་དང་། སྒྲུང་རིང་གཙུག་གཡུ་འདི་གཉིས་ཡིན་པར་སྙམ། སྔ་མ་ནི་བོད་ཀྱི་གནའ་དེང་བརྩམས་སྒྲུང་གི་ཁྱད་པར་གསལ་བའི་མེ་ལོང་དང་། བོད་ཀྱི་བརྩམས་སྒྲུང་དེང་རབས་ཀྱི་ལམ་དུ་བསྐྱོད་པར་ཐོག་མའི་རྐང་ཟུང་ལྟ་བུར་ངོས་འཛིན།
བརྩམས་སྒྲུང་ངོ་སྤྲོད།
[རྩོམ་སྒྲིག]བརྩམས་སྒྲུང་ནི་སྤྱི་ཚོགས་འཚོ་བའི་སྣང་བརྙན་ཞིག་ཡིན་ན་གཙུག་གཡུ་ནི་ཕལ་བ་དང་ཕལ་བ་མ་ཡིན་པའི་ཁྱིམ་ཚང་གི་སྣང་བརྙན་གསོན་པོ་ཞིག་ཏུ་སྙམ། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་དགུ་བཅུ་ནི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་དུས་ཚིགས་དམིགས་བསལ་བ་ཞིག་ཡིན་པ་དང་། བརྩམས་སྒྲུང་འདི་ནི་སྐབས་དེར་བྲིས་པའི་བརྩམས་སྒྲུང་དག་ལས་རིང་ཤོས་དང་ཡག་ཤོས་སུ་བརྩི་གི་འདུག སྤྱིར་བརྩམས་སྒྲུང་འདི་ནི་ཁྱིམ་རྒྱུད་ཅིག་གི་མི་རབས་སྔོན་མས་རིན་ཐང་བྲལ་བའི་གཡུ་ཞིག་རྙེད་པ་དང་། གཡུ་དེ་ཁྱིམ་ཚང་དེའི་མི་རབས་རིམ་བྱུང་གིས་རང་གི་ཆུང་མར་དྲན་རྟེན་དུ་འབུལ་སྲོལ་ཡོད་པ་དང་། དེའི་ཆེད་དུ་ཁྱིམ་ཚང་ཞིག་མི་ཤི་ཁྱིམ་སྟོང་དུ་སོང་བ་དང་། མཐར་ཁྱིམ་ཚང་དེའི་ཁྱིམ་བདག་མ་གྲོངས་ཁར་གཡུ་དེ་རང་གི་ཁྱོ་བོའི་ལག་ཏུ་གཏད་ནས་ཇོ་བོའི་མདུན་དུ་འབུལ་དགོས་པའི་ཁ་ཆེམས་བཞག་པ་སོགས་ལ་གཞི་བཅོལ་ནས་བྲིས་པ་ཞིག་ཡིན་ནོ།།
དཀར་ཆག
[རྩོམ་སྒྲིག]ལེའུ་དང་པོ། | ཇོ་བོ་མཇལ་བ། |
ལེའུ་གཉིས་པ། | སྟེས་དབང་གི་ཐུག་འཕྲད། |
ལེའུ་གསུམ་པ། | ཟོལ་སྦྱོར་གྱི་ཐུགས་ཁུར། |
ལེའུ་བཞི་བ། | ཡ་མཚན་གྱི་སྒྲུང་གཏམ། |
ལེའུ་ལྔ་བ། | ཁ་ཆེམས་དང་དམ་བཅའ། |
ལེའུ་དྲུག་པ། | གསོལ་ཚིགས་དང་མིག་ཆུ། |
ལེའུ་བདུན་པ། | འཁྱོལ་དཀའ་བའི་མཚན་མོ། |
ལེའུ་བརྒྱད་པ། | སེང་ཕྲུག་དང་ཁྱི་ཕྲུག |
ལེའུ་དགུ་པ། | གདོན་འདྲེས་གནང་བའི་དངོས་གྲུབ། |
ལེའུ་བཅུ་བ། | སྙིང་གཏམ་ཤོད་པ། |
ལེའུ་བཅུ་གཅིག་པ | ལྐོག་གསོད་ལམ་དུ་མ་ལྷོངས་པ། |
ལེའུ་བཅུ་གཉིས་པ | ཁྲིམས་མུན་དུ་བཙུད་པ། |
ལེའུ་བཅུ་གསུམ་པ | ཚ་འདྲི་དང་བདེན་དཔང་། |
ལེའུ་བཅུ་བཞི་བ། | གདོང་བཤེར་ར་སྤྲོད། |
ལེའུ་བཅོ་ལྔ་བ། | སྔར་ལམ་དུ་རང་ལོག |
ལེའུ་རེ་རེའི་བརྗོད་དོན་དང་མཚོན་ཐབས་མདོར་བསྡུས།
[རྩོམ་སྒྲིག]ལེའུ་དང་པོ། ཇོ་བོ་མཇལ་བ་ཞེས་པའི་བརྗོད་དོན་མདོར་བསྡུས་ན།
དབུས་མཇལ་བ་ཕུན་ཚོགས་ཕ་བུ་གཉིས་ཟླ་དྲུག་ལྷག་གི་ལམ་ཐག་རིང་བོ་རྐང་བས་འཇལ་ཏེ་དབུས་ལྷ་ལྡན་དུ་ཇོ་མཇལ་ལ་ཡོང་བ་ནས་འགོ་བཟུང་སྟེ་ལམ་གྱི་དཀའ་སྡུག་དང་། ཕུན་ཚོགས་ཀྱི་ཆུང་མ་འདས་པོའི་ཁ་ཆེམས། ཕུན་ཚོགས་རང་གི་ཕུགས་འདུན། ལྷ་ལྡན་དུ་འབྱོར་ནས་སྨོན་ལམ་བཏབ་པ་སོགས་སོ།།
ལེའུ་འདིས་བོད་ཀྱི་དད་མོས་འཚོ་བ་དང་དེས་བསྐྱེད་པའི་དཀའ་སྤྱད་སྙིང་རུས་མཚོན་པར་སྙམ།
ལེའུ་གཉིས་པ་སྟེས་དབང་གི་ཐུག་འཕྲད་ཅེས་པ།
ཕ་བུ་གཉིས་ལྷ་ས་ནས་སྤྲང་འཁྱམ་བྱས་ཏེ་སློང་མོ་བྱེད་ཀྱིན་པའི་ཉིན་ཞིག་ལ། སྔར་འདྲིས་གྲོགས་པོ་ཚོང་བ་དགྲ་ལྷ་དང་འཕྲད་པས་ཕ་བུ་གཉིས་ཀྱི་འཚོ་བའི་དཀའ་ཁག་ལ་རོགས་དན་མཛད་པ་དང་། དགྲ་ལྷའི་ཆུང་མ་ཨ་ཅག་གསལ་སྒྲོན་གྱི་གཡོ་ཐབས་དང་གཤིས་ཀ ཁོང་ཚང་གི་སྲས་མོ་ཡེ་ཤེས་མཁའ་འགྲོའི་སྙིང་རྗེ་དང་བརྩེ་སེམས། དཔལ་ལྡན་ཁོ་ཚང་གི་གཡོག་པོར་བླངས་པ་སོགས་སོ།།
ལེའུ་འདིས་དྲིན་འཇལ་གྱི་བསམ་བློ་མཚོན་པ་གཙོ་ཆེ་སྙམ།
ལེའུ་གསུམ་པ། ཟོལ་སྦྱོར་གྱི་ཐུགས་ཁུར་ཞེས་པ།
ཨ་ཅག་གསལ་སྒྲོན་དང་སྐུ་ངོ་མདའ་དཔོན་གྱི་ལྐོག་འབྲེལ་དང་། གཡོག་པོ་དཔལ་ལྡན་ཁ་ཉེས་ཁ་ཡོག་ཐེབས་ཏེ་ཕ་རྒན་ཕུན་ཚོགས་ཀྱིས་གཅར་རྡུང་གནང་བ། དཔལ་ལྡན་གྱིས་ཕ་རྒན་ཕུན་ཚོགས་ལ་བཅངས་པའི་བརྩེ་བ། ཁྱིམ་མཚེས་གྲོང་བའི་བུ་མོ་བདེ་སྐྱིད་དང་དཔལ་ལྡན་གྱི་བརྩེ་སེམས། སྐུ་ངོ་མདའ་དཔོན་དང་ཨ་ཅག་གསལ་སྒྲོན་གྱི་གཡོ་ཇུས་ཀྱིས་ཚོང་དཔོན་དགྲ་ལྷ་མགོ་སྐོར་བ་སོགས་སོ།།
ལེའུ་འདིའི་ནང་ཕ་བུ་དང་གྲོགས་པོའི་བར་གྱི་བརྩེ་སེམས། དཔོན་གཡོག་བར་གྱི་བཅོས་མའི་སེམས་ཁུར། བཟའ་ཟླའི་བར་གྱི་གཡོ་ཐབས་སོགས་མཚོན་པ་མང་།
ལེའུ་བཞི་བ། ཡ་མཚན་གྱི་སྒྲུང་གཏམ་ཞེས་པ།
དཔལ་ལྡན་གྱིས་གྲོང་བའི་བུ་མོ་བདེ་སྐྱིད་ཀྱི་ངག་ནས་ཚོང་དཔོན་དགྲ་ལྷའི་གཡོག་མོ་ཞིག་གི་ཡིད་སྐྱོ་ལ་ཡ་ང་བ་གཏམ་རྒྱུད་སྔར་གོ་མ་མྱོང་བ་ཞིག་ཐོས་པ་དང་། དེས་དཔལ་ལྡན་ལ་གཏིང་ཟབ་པའི་བག་ཆགས་བཞག་པ། ད་དུང་དཔལ་ལྡན་དང་བུ་མོ་ཡེ་ཤེས་མཁའ་འགྲོའི་བརྩེ་འདང་། གྲོང་བའི་བུ་མོ་བདེ་སྐྱིད་ཀྱི་སེམས་ཚོར་སོགས་སོ།།
འདིས་གཞོན་ནུ་ཕོ་མོའི་བརྩེ་དུང་གི་ཕྲག་དོག་མཚོན་པ་མང་།
ལེའུ་ལྔ་བ། ཁ་ཆེམས་དང་དམ་བཅའ་ཞེས་པ།
ཕ་རྒན་ཕུན་ཚོགས་སྐུ་གྲོངས་ཁར་བུ་དཔལ་ལྡན་ལ་རང་གི་ཕ་ཡུལ་དངོས་གང་ཡིན་པ་དང་། ཁྱིམ་ཚང་གི་ཆག་འཇིག གཙུག་གཡུའི་བྱུང་རིམ་སོགས་བཤད་དེ་རྗེས་ཕྱོགས་གཟབ་དགོས་པ་དང་རྙེད་དགོས་པ་ཐམས་ཅད་བཤད་དེ་སྐུ་གྲོངས་པ་དང་། བུས་ཕ་ཡི་རོ་ཐོག་ནས་རང་ཉིད་ཀྱི་ཁྱིམ་རྒྱུད་འདི་མི་ཤི་ཁྱིམ་སྟོང་དུ་གཏོང་མཁན་ལ་འཁོན་ལན་བསློགས་པར་དམ་བཅས་པ་བཅས་སོ།།
འདིས་དབང་ཤེད་དང་གོ་ཐོབ་ཅན་ཚོས་དབང་ཤུགས་བེད་སྤྱད་ནས་རིམ་པ་དམའ་བའི་མང་དཀྱུས་མ་ལ་གཉའ་གནོན་དང་བཙན་ཁྲིམས། སྲིད་དབང་སྒེར་གཅོད་བྱས་པ་སོགས་མཚོན།
ལེའུ་དྲུག་པ། གསོལ་ཚིགས་དང་མིག་ཆུ་ཞེས་པ།
དཔལ་ལྡན་གྱིས་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ས་དབང་ཆེན་མོའི་གསོལ་ཚིགས་ཐོག་རང་གི་ཁྱིམ་རྒྱུད་ཀྱི་དགྲ་བོ་འཚོལ་ཞིབ་དང་། གྲོང་བའི་བུ་མོ་བདེ་སྐྱིད་འཚོ་ཚིས་དཀའ་བས་མིག་ཆུ་གཏོང་བ་བཅས་སོ།།
འདིས་ལུགས་མཐུན་མིན་པའི་གཉེན་བཙན་སྒྲིག་གི་བྱ་སྤྱོད་དང་། སྐུ་དྲག་ཚོའི་འཚོ་བའི་དགྱེས་སྤྲོས། དམངས་ཕལ་བའི་ཁྱིམ་ཚང་གི་དཀའ་ཁག་སོགས་མདོར་ན་འདྲ་མཉམ་མིན་པའི་འཚོ་བ་མཚོན་པར་སྙམ།
ལེའུ་བདུན་པ། འཁྱོལ་དཀའ་བའི་མཚན་མོ་ཞེས་པ།
ས་དབང་ཆེན་མོའི་གསོལ་སྟོན་ཐོག་ཨ་ཅག་གསལ་སྒྲོན་གྱིས་ལྷ་སྲས་དང་ཡེ་ཤེས་མཁའ་འགྲོ་འཇིག་རྟེན་མཐུན་འཇུག་གི་ལམ་དུ་འཇུག་པར་རྩོམ་པ་སྐུ་ངོ་མདའ་དཔོན་གྱིས་མཐོང་བས་རང་གི་ལོ་ངོ་ཉི་ཤུའི་སྔོན་གྱི་བྱས་ཉེས་དང་། ངན་སྤྱོད་དག་དྲན་ཏེ་གཉིད་མ་ཡོང་བ་དང་། རྨི་ལམ་འཁྲུགས་པ་སོགས་སོ།།
འདིས་རང་ཉིད་འབའ་ཞིག་དོན་དུ་གཉེར་ནས་གཞན་ལ་ཡ་ང་བའི་མགོ་སྐོར་དང་བསླུ་བྲིད། ཚད་ལས་འདས་པའི་མནར་གཅོད་བྱས་པ་སོགས་མཚོན་པར་སྙམ།
ལེའུ་བརྒྱད་པ། སེང་ཕྲུག་དང་ཁྱི་ཕྲུག་ཅེས་པ།
ཚོང་དཔོན་གྱི་བུ་མོ་ཡེ་ཤེས་མཁའ་འགྲོས་ཁོ་ཚང་གི་གཡོག་པོ་དཔལ་ལྡན་ལ་སེམས་གཏམ་བཤད་པར་ཨ་ཅག་གསལ་སྒྲོན་གྱིས་ཡེ་ཤེས་མཁའ་འགྲོར་དཔལ་ལྡན་རང་ཉིད་དང་མི་མཛའ་བའི་གཏམ་བཤད་པ་དང་། ཡང་ལྷ་སྲས་འཇིགས་མེད་གྲགས་པས་ཡེ་ཤེས་མཁའ་འགྲོར་སེམས་གཏམ་བཤད་པར་སྐུ་ངོ་ས་དབང་ཆེན་མོས་ལྷ་སྲས་ལ་ཡེ་ཤེས་མཁའ་འགྲོ་རང་ཉིད་དང་མི་མཛའ་བའི་གཏམ་བཤད་པ། དེ་གཉིས་ཀས། སེངྒེ་ལུས་སྟོབས་ཆུང་ཡང་སེངྒེའི་རྒྱུད།། ཨབ་སོག་རལ་བ་རྫིག་ཀྱང་སྒོ་ཁྱིའི་རྒྱུད།། སྐྱེ་ས་རུས་ཁུངས་མེད་ན་སྤྲེའུ་ཡིན།། རིགས་རྒྱུད་འཆོལ་བར་སྤྱད་ན་དུད་འགྲོ་ཡིན།། ཞེས་རིགས་རུས་མཐོ་དམན་ཙམ་པོས་གཞན་ལ་དམའ་འབེབས་པའི་གཏམ་དཔེ་དྲངས་ཏེ་བུ་བུ་མོར་ཁ་ཏ་བྱེད་པ་སོགས་སོ།།
འདིས་ཅི་ཡང་མ་བསླབ་ཅིང་གང་ཡང་མི་ཤེས་པའི་ཕ་མ་དག་གིས་གཞན་ལ་མཐོང་ཆུང་དང། ཁྱད་གསོད་བརྙས་དམོད་སོགས་བྱས་ཏེ་བུ་བུ་མོར་སློབ་གསོ་གཏོང་བའི་སྣང་བརྙན་འཇིགས་ཡེར་བ་དང་། ཕ་མ་དེ་དག་གིས་གཞོན་ནུ་ཕོ་མོའི་གཉེན་སྒྲིག་གི་རང་དབང་བཙན་འཕྲོག་བྱེད་པ་སོགས་མཚོན་པར་སྙམ།
ལེའུ་དགུ་བ། གདོན་འདྲེས་གནང་བའི་དངོས་གྲུབ་ཅེས་པ།
དབང་རྒྱལ་གྱིས་རེ་ངན་ཁོག་ཏུ་བཅངས་ནས་སྐུ་ངོ་མི་དཔོན་ལ་གཙུག་གཡུ་ཕུལ་བ་དང་། མི་དཔོན་ནོམ་ལ་ཆགས་ནས་ལས་དོན་འཐུས་ཤོར་དུ་བཏང་བ་བཅས་སོ།།
འདིས་རྒྱུ་ནོམ་དང་དབང་ཐང་ཁོ་ན་ལས་ཅི་ཡང་མི་མཐོང་བའི་དཔོན་ངན་དག་གི་སྣང་ཚུལ་རྗེན་གཅེར་དུ་མཚོན་པར་སྙམ།
ལེའུ་བཅུ་བ། སྙིང་གཏམ་ཤོད་པ་ཞེས་པ།
ལྷ་སའི་རྫོང་རྒྱབ་ཞར་འཕེན་གྱི་རྩེད་མོའི་སྣང་ཚུལ་དང་། དཔལ་ལྡན་འཁོན་ལན་སློག་པར་བྲེལ་བས་རེ་བཅོལ་ཞུ་ཡུལ་ནོར་ཏེ་དགྲ་བོར་སྙིང་གཏམ་བཤད་པ་སོགས།
ལེའུ་བཅུ་གཅིག་པ། ལྐོག་གསོད་ལམ་དུ་མ་ལྷོངས་པ་ཞེས་པ།
སྐུ་ངོ་མདའ་དཔོན་གྱིས་དཔལ་ལྡན་རང་ཉིད་ཀྱི་དགྲ་བོ་ཡིན་པ་ངོས་ཟིན་ཏེ་ལྐོག་གསོད་བྱེད་པར་མངགས་པ། ལམ་འགྲམ་གྱི་སྤྲང་ཕྲུག་འགས་དཔལ་ལྡན་གྱི་སྲོག་བསྐྱབས་པ་སོགས།
འདིས་རང་ཉིད་ཀྱིས་དགྲ་བོ་མ་གསད་ན་དགྲ་བོས་རང་ཉིད་གསོད་པའི་གནས་ལུགས་མཚོན་པར་སྙམ།
ལེའུ་བཅུ་གཉིས་པ། ཁྲིམས་མུན་དུ་བཙུད་པ་ཞེས་པ།
སྐུ་ངོ་མདའ་དཔོན་དང་ཨ་ཅག་གསལ་སྒྲོན་ཟུང་འབྲེལ་བྱས་ནས་དཔལ་ལྡན་ས་དབང་ཆེན་མོའི་གཙུག་གཡུ་རྐུ་བའི་རྐུན་མ་རུ་སྙོན་བཙུགས་ནས་བཙོན་དུ་བཅུག་པ། གྲོང་བའི་བུ་མོ་བདེ་སྐྱིད་ཀྱི་སེམས་ཁྲལ་དང་མིག་ཆུ། དཔལ་ལྡན་གྱི་བློ་སྤོབས་སོགས་སོ།།
འདིས་ཁྲེལ་མེད་ཀྱི་བྱ་སྤྱོད་མཚོན་པ་མང་།
ལེའུ་བཅུ་གསུམ་པ། ཚ་འདྲི་དང་བདེན་དཔང་ཞེས་པ།
དཔལ་ལྡན་བཙོན་དུ་ལྷུང་བ་དང་། བཙོན་གྱི་མནར་གཅོད། གྲོང་བའི་བུ་མོ་བདེ་སྐྱིད་ཀྱིས་བཙོན་སྲུང་ལ་ལྐོག་དངུལ་བརྫངས་ནས་དཔལ་ལྡན་དང་ངོ་ཐུག་ཐབས་བྱས་པ། དཔལ་ལྡན་བཙོན་དུ་བཟུང་རྗེས་བདེ་སྐྱིད་ཀྱིས་གནས་ཚུལ་ལ་རྟོག་ཞིབ་སྒོས་ཚོང་དཔོན་ཚང་ལ་ལྐོག་ལྟ་བྱས་ནས་གསང་འཕྲིན་དང་གཙུག་གཡུ་བརྐུས་པ། བུ་མོ་ཡེ་ཤེས་མཁའ་འགྲོ་གློ་བུར་དུ་གཞིས་རྩེ་རུ་མངགས་པ། མོས་དཔལ་ལྡན་ལ་འཕྲིན་ཡིག་བཏང་བ། དཔལ་ལྡན་དང་བདེ་སྐྱིད་ཀྱི་གྲོས་མོལ་བཅས་སོ།།
འདིས་ངོ་སོ་དང་རྒྱུ་ནོམ་ཁོ་ནས་སྐྱོང་གིན་པའི་སྲིད་ཁྲིམས་ཀྱི་སྟེགས་བུ་ན་བདེན་རྫུན་ཤན་འབྱེད་ཀྱི་མིག་འབྲས་མེད་པ་མཚོན།
ལེའུ་བཅུ་བཞི་བ། གདོང་བཤེར་ར་སྤྲོད་ཅེས་པ།
དཔལ་ལྡན་དང་བདེ་སྐྱིད་གཉིས་ལྐོག་གྲོས་བྱས་པ་ལྟར། རྐུན་མ་ངོ་མ་ངོས་འཛིན་ཕྱིར་དུ། སྐུ་ངོ་མི་དཔོན་དང་མདའ་དཔོན། ཚོང་དཔོན་དགྲ་ལྷ་བཟའ་ཟླ་གཉིས་བཅས་སྐུ་ངོ་ས་དབང་ཆེན་མོའི་ཁྱིམ་དུ་འདུས་པའི་དབུས་སུ། དཔལ་ལྡན་དང་བདེ་སྐྱིད་ཀྱིས། སྐུ་ངོ་མདའ་དཔོན་གྱིས་ཨ་ཅག་གསལ་སྒྲོན་ལ་བཏང་བའི་གསང་འཕྲིན་དེ་སྒྲོག་འདོན་བྱས་པས་གསལ་སྒྲོན་དང་། མདའ་དཔོན་སོགས་ཀྱི་སྔར་དང་ད་ལྟའི་ངན་མཚང་ཐམས་ཅད་ཀྱི་མཐིལ་བརྡོལ་བར་བྱས་སོ།།
ལེའུ་བཅོ་ལྔ་བ། སྔར་ལམ་དུ་རང་ལོག་ཅེས་པ།
དཔལ་ལྡན་གྱིས་སྐུ་ངོ་མདའ་དཔོན་ལ་ཤ་འཁོན་བསླངས་པའི་གཡུལ་ལ་ཞུགས་པ། ལམ་ལྷོངས་མ་བྱུང་བར་སླར་ཡང་བཙོན་དུ་འཇུག་རྩིས་སྐབས་བདེ་སྐྱིད་ཀྱི་རོགས་བྱས་ཏེ་ཐར་བ། མཐར་ལྷ་ས་ནས་འདུག་ཐབས་བྲལ་ཏེ་འགྲོ་བར་བརྩམས་པ།
བདེ་སྐྱིད་དང་འབྲལ་མི་ཕོད་པ། བདེ་སྐྱིད་ཀྱིས་ཁོག་ཏུ་སྦས་པའི་སེམས་སྡུག་ཡོད་ཚད་དཔལ་ལྡན་ལ་བཤད་པ། དེ་ཡང་བདེ་སྐྱིད་ཀྱི་ཕ་རྒན་གྲོངས་པ་དང་། གྲོངས་རྐྱེན་སོགས་བཤད་པས་དཔལ་ལྡན་ཡིད་རབ་ཏུ་སྐྱོ་ནས་བདེ་སྐྱིད་དང་གཏན་དུ་ཁ་མི་བྲལ་བར་དམ་བཅས་པ། མཐར་ཡིད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི་གཞོན་ནུ་ཕོ་མོ་ཟུང་རང་ལམ་དུ་ཞུགས་པ་བཅས་སོ།།