Jump to content

གསོ་བ་རིག་པ་

ཡོང་ཁུངས་Wikipedia

མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས།གསོ་བ་རིག་པ་བྱང་ཆུབ་སེམས་དཔའ་འཚོ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན།ནད་དང་ནད་ཀྱི་གླིང་གཞི་དང་ནད་མེད་པ་དང༌། ནད་མེད་པའི་ཐབས་ཤེས་པར་བྱ་བ་དང༌། སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་པ་ཞི་བར་བྱ་བའི་ཕྱིར་འཚོལ་བར་བྱེད་དོ་ཞེས།གསོ་བྱ་ནད་དང༌། གསོ་བྱེད་སྨན།གསོ་ཚུལ་བཅས་ཀྱི་སྒོ་ནས་ཚེ་རིང་བ་དང་ནད་མེད་པའི་བདེ་བ་སྒྲུབ་པར་བྱེད་པའི་རྣམ་གཞག་སྟོན་པའི་རིག་པའི་གནས་ཤིག་ཡིན་ལ།དེ་ལྟ་བུའི་གསོ་བ་རིག་པའི་བསྟན་བཅོས་ནི།སྔོན་བྱོན་མཁས་པས་མཛད་པའི་སྨན་གྱི་གཞུང་ལུགས་ཏེ།འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དཔའ་བོའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང༌།བོད་ཀྱི་མཁས་པ་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་དཔལ་ལྡན་རྒྱུད་བཞི་ལྟ་བུའོ།།


འོག་གི་དུང་དཀར་ཚིག་མཛོད་ནང་གི་པར་གཞི་འདི་ལ་དུས་རབས་རྐྱེན་པས་དོར་བྱ་ཅུང་ཟད་མང་། ལྟ་ཀློག་པ་ཡོངས་ཀྱིས་བླང་དོར་ཡོད་པར་མཁྱེན།


འདི་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པར་འགྲོ་བ་མིའི་རིགས་ཀྱིས་དུས་ཡུན་རིང་པོར་ཐོན་སྐྱེད་ངལ་རྩོལ་བྱེད་པ་དང་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་གོ་རིམ་ནང་སྐྱེས་དངོས་དང་། རྩི་ཤིང་། གཏེར་ཁ་། སྲོག་ཆགས་སོགས་ཀྱི་ནུས་པ་དང་ཆོས་ཉིད་ཤེས་རྟོགས་བྱེད་པ་བརྒྱུད་རིམ་བཞིན་ཆ་ཇེ་ཚང་དང་། ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་ལག་ལེན་གྱི་ཕྱོགས་བསྡོམས་ཤིག་ཡིན་པ་དང་། རང་རང་སོ་སོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡོད་པ་ཞིག་ཡིན་ཅིང་། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་ནི་མེས་རྒྱལ་གྱི་གསོ་རིག་རིན་པོ་ཆེའི་གཏེར་མཛོད་ནང་འོད་སྟོང་འཕྲོ་བའི་ནོར་བུའི་ཆ་ཤས་ཤིག་ཏུ་གྱུར་པ་དང་། རང་ཉིད་ཀྱི་རྨང་གཞི་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྨན་དཔྱད་རིག་པ་ཞིག་ཡིན་། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་ན་། སྤྱི་ལོའི་གོང་མ་བརྒྱ་ཕྲག་ཁ་ཤས་སྔོན་ནས་། བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་ནད་རིགས་ལ་འཇབ་རྩོད་བྱེད་པ་བརྒྱུད་། རང་ཉིད་ཀྱི་ཡུལ་ནས་ཐོན་པའི་སྐྱེས་དངོས་དང་། རྩི་ཤིང་། གཏེར་རྫས་། སྲོག་ཆགས་སོགས་ལ་བརྟེན་ནས་ནད་བཅོས་པའི་ཆོས་ཉིད་ངོས་འཛིན་ཐུབ་སྟེ་། དེའི་མཇུག་བསྡོམས་སུ་དུག་ཡོད་ན་སྨན་ཡོད་ཞེས་པ་དང་། དུག་ཀྱང་སྨན་དུ་བསྒྱུར་ཐུབ་པའི་རྫས་སྦྱོར་རིག་པ་ཤེས་ནས་མར་ལ་བརྟེན་ནས་ཁྲག་གཅོད་བ་དང་། ཆང་ལ་བརྟེན་ནས་རྨ་བཅོས་པ་སོགས་རང་བྱུང་ཁམས་ཀྱི་ནུས་པར་ངོས་འཛིན་བྱེད་པའི་ཚད་མཐོ་པོ་བྱུང་ཡོད་པ་དང་། རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ནས་ཕན་ཤེས་སྨན་དཔྱད་ཟེར་བ་དེ་ནི་བོན་གྱི་ཆོས་ལུགས་ལ་དད་པ་ཡོད་པའི་སྨན་པ་མཁས་ཅན་ཞིག་ཡིན་པ་བཅས་བོད་མི་རིགས་རང་ཉིད་ཀྱི་གསོ་རིག་ལོ་རྒྱུས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པོ་ཡོད་པ་རེད་། ལྷག་པར་དུ་ཏུན་ཧོང་ནས་ཐོན་པའི་གནའ་རབས་བོད་ཀྱི་སྨན་གཞུང་མདོར་བསྡུས་ཤིག་གི་ནང་། སྤང་རྒྱན་དང་། གུར་ཀུམ་། ལྕམ་རྩ་སོགས་སྐྱེ་དངོས་རིགས་ཀྱི་སྨན་སྣ་ཁ་ཉི་ཤུ་རྩ་བཞི་། གླ་རྩི་དང་དོམ་མཁྲིས་སོགས་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཁ་ཉི་ཤུ་རྩ་ལྔ་། གསེར་། གཡུ་སོགས་གཏེར་ཁའི་རིགས་ནས་སྨན་བཅོས་བྱ་ཚུལ་འཁོད་ཡོད་པ་མ་ཟད་། སྨན་བཅོས་བྱ་ཚུལ་དེ་དག་ནང་ནས་མང་པོ་ཞིག་དེང་སང་ལག་ལེན་བསྟར་མུས་པ་ཡིན་པ་དང་། སྨན་གཞུང་དེའི་མཇུག་ཏུ་འཁོད་དོན་། དཔྱད་གཞི་འདི་ནི་ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ཏེ་བགྱིད་པ་ལགས་སོ་ཞེས་གནའ་རབས་ཞང་ཞུང་གི་སྨན་བཅོས་ནས་བྱུང་བ་ལྟར་གྱི་སྨན་བཅོས་བྱ་ཚུལ་གསལ་པོ་བཤད་ཡོད་། དེ་རྗེས་བོད་དུ་མི་རིགས་གཞན་དག་གི་གསོ་བ་རིག་པའི་གཞུང་ལུགས་དར་རྒྱས་བྱུང་བའི་ནང་ནས་སྔ་ཤོས་ནི་མི་རིགས་ཀྱི་གསོ་བ་རིག་པ་ཡིན་ཅིང་། དེ་ཡང་སྤྱི་ལོའི་དུས་རབས་དྲུག་པའི་མཛུག་ཙམ་ལ་བོད་ཀྱི་རྒྱལ་རབས་དང་ཐོག་མའི་འབྲེལ་བ་བྱུང་སྟེ་། རྒྱ་མི་རིགས་ཀྱི་སྐར་རྩིས་དང་། གསོ་བ་རིག་པ་བོད་དུ་དར་ཞེས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོ་གསལ་ཞིང་། འོན་ཀྱང་སྐབས་དེར་རྒྱ་ནག་ནས་བོད་དུ་དར་བའི་སྨན་གཞུང་དེའི་མིང་གང་ཡིན་པ་དང་རྣམ་གྲངས་ཇི་ཙམ་ཡོད་པའི་གསལ་བཤད་འཁོད་པ་ཞིག་སྔོན་ཆད་མ་འཐོང་། དེ་རྗེས་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གི་ཚ་མོ་ལྦུན་ཁྲེན་ཀོང་ཇོ་བཙུན་མོར་བླངས་ནས་སྤྱི་ལོ་༦༤༡ལོར་བོད་དུ་ཕེབས་སྐབས་དཔེ་དེབ་འབོར་ཆེན་ཞིག་བསྣམས་ཡོད་པ་དང་། དུས་མཚུངས་རྒྱ་རིགས་ཀྱི་བཟོ་པ་དང་། ལག་རྩལ་པ་། སྨན་པ་བཅས་མང་པོ་བོད་དུ་ཁྲིད་ཅིང་དཔེ་དེབ་དེ་ཚོའི་ནང་《སྨན་དཔྱད་བརྒྱ་པ་》《བརྟག་ཐབས་བརྒྱད་པ་》《དཔྱད་ཐབས་ལྔ་པ་》《སྦྱོང་ཐབས་དྲུག་པ་》《སྦྱོར་སྡེ་བཞི་པ་》《གསོ་རིག་གཞུང་བཞི་》བཅས་ཡོད་པ་། དེ་རྣམས་རྒྱའི་ཧ་ཤང་མཱ་ཧ་དེ་བ་ཚེ་དང་། ངྷ་རྨ་ཀོ་ཤ་། ལོ་ཙཱ་བ་ཐོན་མི་སམ་བྷོ་ཌ་ལ་སོགས་པས་བོད་སྐད་དུ་བསྒྱུར་བའི་མིང་ལ་《སྨན་དཔྱད་ཆེན་མོ་》ཞེས་པ་བྱུང་། དེ་ནི་རྒྱ་ནག་གི་སྨན་གཞུང་བོད་སྐད་དུ་བསྒྱུར་བའི་སྔ་ཤོས་དེ་ཡིན་། དེ་རྗེས་སླར་ཡང་སྲོང་བཙན་སྒམ་པོས་རྒྱ་ཡི་སྨན་པ་ཧན་ལྦེན་ཧེ་དང་རྒྱ་གར་གྱི་སྨན་པ་བྷ་ར་ངྷ་ཛ་། སྟག་གཟིག་གི་སྨན་པ་ག་ལེ་ནོས་བཅས་བོད་དུ་གདན་དྲངས་ནས་ཁོང་ཚོས་ཐུན་མོང་དུ་བརྩམས་པའི་སྨན་གཞུང་ཞིག་ཡོད་པ་དེ་ལ་《མི་འཇིགས་པའི་མཚོན་ཆ་》ཞེས་ཟེར་། དེ་རྗེས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་ཅིན་ཁྲེན་ཀོང་ཇོ་བཙུན་མོར་བླངས་སྐབས་སླར་ཡང་སྨན་གཞུང་སོགས་དཔེ་དེབ་མང་པོ་བསྐུར་བ་དང་ཆབས་ཅིག་རྒྱ་རིགས་གི་སྨན་པ་མཁས་པ་འགའ་ཞིག་བོད་དུ་བཏང་ཞིང་། སྨན་གཞུང་དེ་དག་གི་ནང་《སྨན་དཔྱད་ཟླ་བའི་རྒྱལ་པོ་》འམ་། མིང་གཞན་《སྨན་དཔྱད་སོ་མ་ར་ཛ་》ཡང་ཟེར་བའི་ལེའུ་བརྒྱ་དང་བཅུ་གཉིས་ཡོད་པ་དེ་བཞིན་ཧ་ཤང་མཱ་ཧ་ཡཱ་ན་དང་། བོད་ཀྱི་ལོ་ཙཱ་བ་བེ་རོ་ཙ་ཎ་གཉིས་ཀྱིས་བོད་སྐད་དུ་བསྒྱུར་། འདི་ནི་ད་ལྟ་མཐོང་རྒྱུ་ཡོད་པའི་བོད་ཀྱི་སྨན་གཞུང་སྔ་ཤོས་དེ་ཡིན་། སྤྱི་ལོ་༧༥༤ཡས་མས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་བསྙུན་གཞི་ཕོག་སྐབས་རྒྱ་ནག་སོགས་ནས་སྨན་པ་མང་པོ་གདན་དྲངས་ཤིང་། རྒྱ་ནག་ནས་མཐའ་བཞི་སྟོང་གསུམ་གང་བ་གདན་དྲངས་ཏེ་སྨན་བཅོས་བྱེད་དུ་བཅུགཔར་སྟོང་གསུམ་གང་བ་སྨན་བཅོས་ལ་ཤིན་ཏུ་མཁས་པ་བྱུང་བས་རྒྱལ་པོས་ཁོང་ལ་མཐའ་བཞི་སྟོང་གང་བ་ཞེས་འགྲན་ཟླ་མེད་པའི་སྨན་པའི་མཚན་ཕུལ་ཞིང་ཁོང་བོད་དུ་བཞུགས་ཏེ་བོད་རིགས་དང་གཉེན་འབྲེལ་གནང་ནས་རིགས་བརྒྱུད་ཀྱང་བྱུང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཁོང་གི་བླ་སྨན་མཛད་པ་གཡུ་ཐོག་ཡོན་ཏན་མགོན་པོས་རྒྱ་གར་དང་། ཁ་ཆེ་། ཨོ་རྒྱན་། བལ་ཡུལ་། མངའ་རིས་། ལྷོ་ཁ་། ཀོང་པོ་། དར་རྩེ་མདོ་སོགས་ས་གནས་མང་པོར་སློབ་སྦྱོང་མང་པོར་ཕེབས་ཏེ་ཕྱི་རྒྱལ་དང་དམངས་ཁྲོད་ཀྱི་སྨན་པ་མཁས་པའི་ཉམས་མྱོང་དང་། ལག་རྩལ་མང་པོར་སློབ་སྦྱོང་དང་ཞིབ་འཇུག་གནང་ཞིང་དུས་མཚུངས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ནས་ཤནྟི་གརྦྷ་ ཁ་ཆེ་ནས་གུ་ཧྱ་བ་ཛཱ་ སྟག་གཟིགས་ནས་ཧ་ལ་ཤནྟི་ གྲུ་གུ་ནས་སེ་མདོ་འོད་ཆེན་། ཁྲོམ་ནས་བི་རྫི་ཙན་པ་ཤི་ལ་སོགས་སྨན་པ་མཁས་པ་མང་པོ་གདན་དྲངས་ཤིང་། ཁོང་ཚོའི་སྨན་བཅོས་ཀྱི་ལག་ལེན་ཀྱང་བོད་དུ་དར་བས་བོད་ལུགས་སྨན་བཅོས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་། གཡུ་ཐོག་ཡོན་ཏན་མགོན་པོས་ལོ་བཅུ་ཕྲག་ཁ་ཤས་རིང་འབད་བརྩོན་གནང་བ་བརྒྱུད་། བོད་ཡོངས་སུ་སྐད་གྲགས་ལྡན་པའི་སྨན་གཞུང་《རྒྱུད་བཞི་》དང་། གཞན་ཡང་《ལག་ལེན་སྒྲོན་མེ་》《ཉམས་ཉོང་གསལ་སྒྲོན་》ལ་སོགས་པའི་སྨན་གཞུང་མང་པོ་བརྩམས་འབྲི་གནང་བ་ནས་བཟུང་བོད་རིག་གསོ་རིག་ལ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་གསར་པ་བྱུང་བ་མ་ཟད་། སྨན་པའི་སློབ་མ་གསོ་སྐྱོང་བྱེད་པའི་སྒྲིག་སྲོལ་ལམ་ལུགས་དང་། དེའི་བཤད་ཁྲིད་། ལག་ཁྲིད་། དངོས་སྦྱོང་། སློབ་ཐོན་རིམ་པའི་དམིགས་ཚད་སོགས་ཆ་ཚང་བའི་སློབ་སྦྱོང་མིག་དཔེ་གསར་པ་འཛུགས་སྐྲུན་གནང་ཐོག་། སྐུ་ཚེ་གཅིག་རིང་སྨན་པ་མཁས་པ་སུམ་བརྒྱ་ལྷག་ཙམ་གསོ་སྐྱོང་མཛད་། དེ་ནས་དུས་རབས་བཅུ་གཅིག་པའི་མགོར་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་སློབ་དཔོན་དཔའ་བོས་མཛད་པའི་《སྨན་ཡན་ལག་བརྒྱད་པ་》དང་དེའི་རང་འགྲེལ་། ཁ་ཆེ་ཟླ་བ་ལ་དགའ་བས་མཛད་པའི་《ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་》བཅས་རྒྱ་སྐར་སྐད་བོས་སྐད་དུ་བསྒྱུར་ཞིང་། རྒྱ་བལ་གྱི་སྨན་པ་མཁས་པའི་ལག་ལེན་དང་བཤད་པ་དར་སྤེལ་གནང་བས་སྟོད་ལུགས་སུ་གྲགས་། ལོ་ཙཱ་བ་ཁོང་དང་དུས་ཐོག་ཕལ་ཆེར་མཉམ་པའི་ལོ་ཙ་ཆོས་ཀྱི་ཤེས་རབ་ཀྱིས་རྒྱ་ནག་གི་སྐད་ནས་རྒྱ་གར་གྱི་སྐད་དུ་བསྒྱུར་བའི་《སྨན་དཔྱད་སོ་མ་ར་ཛ་》འམ་། མིང་གཞན་《སྨན་དཔྱད་ཟླ་བའི་རྒྱལ་པོ་》ཡང་ཟེར་བ་དེར་རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། རྒྱ་ནག་གི་སྐད་ནས་རྒྱ་གར་གྱི་སྐད་དུ་བསྒྱུར་ཏེ་རྗེས་སུ་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་གཉིས་ཡོད་པས་དེ་གཉིས་ཀ་ཕན་ཚུན་བསྡུར་ནས་ལྟ་རྒྱུ་ཡོད་། དུས་རབས་བཅུ་གཉིས་པའི་ནང་གཡུ་ཐོག་གསར་པ་ཡོན་ཏན་མགོན་པོས་སླར་ཡང་ཕྱི་རྒྱལ་དང་རང་རྒྱལ་གྱི་སྨན་བཅོས་ལག་ལེན་དང་སྨན་གཞུང་མང་པོར་བརྟག་དཔྱད་གནང་སྟེ་《རྒྱུད་བཞིའི་འགྲེལ་པ་》ཡང་བརྩམས་གནང་བ་ནས་རྒྱུད་བཞིའི་བཤད་པ་དང་ལག་ལེན་གང་གི་ཐད་ནས་སྔར་ལས་ལྷག་པའི་ཆ་ཚང་བ་དང་། ཕུན་སུམ་ཚོགས་སུ་ཕྱིན་ཡོད་། དེ་རྗེས་བོད་ལུགས་སྨན་པའི་བཤད་རྒྱུན་དང་ལག་ལེན་ཐད་བྱང་ལུགས་དང་ཟུར་ལུགས་ཁག་གཉིས་སུ་གྱེས་པ་ནི་བོད་སྨན་གྱི་འཕེལ་རྒྱས་གསར་ཞིག་རེད་། བྱང་ལུགས་ནི་། བྱང་པ་བདག་པོ་རྣམ་རྒྱལ་གྲགས་བཟང་(རབ་བྱུང་བདུན་པའི་ཤིང་ཕག་༡༣༩༥ལོ་ནས་རབ་བྱུང་བརྒྱད་པའི་ཤིང་ལུག་༡༤༧༥ལོ་བར་)གིས་གནམ་གཤིས་གྲང་བའི་ས་ཁུལ་གྱི་ནད་རིགས་བཅོས་ཐབས་གཙོ་བོར་བྱེད་པའི་སྨན་བཅོས་ཉམས་མྱོང་མང་པོ་ཕྱོགས་བསྡོམས་གནང་སྟེ་《རྩ་རྒྱུད་འགྲེལ་པ་གསལ་བྱེད་སྒྲོན་མེ་》《བཤད་རྒྱུད་འགྲེལ་པ་བདུད་རྩིའི་ཆུ་རྒྱུན་》《ཕྱི་མའི་རྒྱུད་ཀྱི་འགྲེལ་པ་དགོས་འདོད་འབྱུང་བ་》བཅས་བརྩམས་གནང་བ་ནས་བྱང་ལུགས་ཞེས་པའི་སྨན་བཅོས་ལག་རྩལ་གྱི་རྒྱུན་གསར་པ་ཞིག་བྱུང་བ་དེར་ཟེར་། ཟུར་ལུགས་ནི་། དྭགས་པོ་ལ་ཐོག་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་(རབ་བྱུང་བདུན་པའི་ས་ལུག་༡༤༣༩ལོ་ནས་རབ་བྱུང་བརྒྱད་པའི་ཤིང་ལུག་༡༤༧༥ལོ་བར་)གནམ་གཤིས་དྲོ་བའི་ས་ཁུལ་གྱི་ནད་རིགས་བཅོས་ཐབས་གཙོ་བོར་བྱེད་པའི་སྨན་བཅོས་ཉམས་ཉོང་མང་པོ་ཕྱོགས་བསྡོམས་གནང་སྟེ་། རྒྱུད་བཞིའི་འགྲེལ་པ་《སྤོས་ཤེལ་ཕྲ་མོ་》ཞེས་པའི་རྩོམ་འབྲི་གནང་ཞིང་། ཁོང་དགུང་ལོ་སུམ་ཅུ་སོ་བདུན་ལས་མ་བཞུགས་པས་སྐུ་ཚེ་ཐུང་ཡང་། བོད་སྨན་གྱི་བཤད་རྒྱུད་ལ་ལག་ལེན་ཐོག་མཛད་རྗེས་ཆེན་པོ་བྱུང་བ་མ་ཟད་། ཁོང་དང་སྐུ་ཐོག་མཉམ་པའི་བྱང་ལུགས་ཀྱི་སྨན་པ་མཁས་པ་བྱང་བདག་རྣམ་རྒྱལ་གྲགས་བཟང་གི་དངོས་སློབ་མི་ཡི་ཉི་མ་མཐོང་བ་དོན་ལྡན་གྱིས་ཀྱང་《རྒྱུད་བཞིའི་འགྲེལ་པ་》སོགས་སྨན་གཞུང་འགའ་ཞིག་བརྩམས་གནང་བ་ནས་བྱུང་བ་ཡིན་། དེ་ནས་བཟུང་བྱང་ལུགས་དང་ཟུར་ལུགས་ཀྱི་རྒྱུན་དབུས་གཙང་ཁམས་གསུམ་དུ་ཁྱབ་པ་བྱུང་ཞིང་། དེ་གཉིས་ཀའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་མི་ལུས་གཤགས་བཅོས་བྱས་ཏེ་ནང་ཁྲོལ་ཆགས་ཚུལ་གྱི་ཆོས་ཉིད་གཞི་འཛིན་ས་བྱས་ནས་སོ་སོའི་ལུགས་མི་འདྲ་བའི་སྨན་བཅོས་ཐང་ག་ཡང་བྲིས་ཡོད་། དེ་རྗེས་ཟུར་མཁར་བློ་གྲོས་རྒྱལ་པོའི་སློབ་བརྒྱུད་དུ་གཏོགས་པ་བློ་གྲོས་རྒྱལ་པོས་(རབ་བྱུང་དགུ་པའི་ས་སྦྲུལ་ལོ་༡༥༠༩~?)ལོ་བཞིའི་རིང་ཟུར་ལུགས་ཀྱི་སྨན་བཅོས་བཤད་རྒྱུན་དང་ལག་ལེན་ཕྱོགས་བསྡོམས་བྱས་པའི་《རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་》《མན་ངག་བྱེ་བ་རིང་བསྲེལ་》མ་ཡིག་བུ་ཡིག་བཅས་རྩོམ་འབྲི་མཛད་ཅིང་། རབ་བྱུང་བཅུ་པའི་ཆུ་བྱ་(༡༥༧༣)ལོར་། ཟུར་མཁར་མཉམ་ཉིད་རྡོ་རྗེའི་གཟིགས་དཔེ་《རྒྱུད་བཞི་སྒོ་ནང་མ་》ལ་མ་དཔེ་བྱས་ཏེ་《གྲ་ཐང་རྒྱུད་བཞི་》ཞེས་པའི་ཤིང་དཔར་ཐོག་མར་བསྐོས་པར་མཛད་། དེ་ལ་མ་ཕྱི་བྱས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་རྩེ་པོ་ཏ་ལར་ཡོད་པའི་《རྒྱུད་བཞི་》དཔར་རྙིང་པ་དེ་ཐོག་མར་དཔར་སྐྲུན་གནང་ཞིང་། དེ་རྗེས་རབ་བྱུང་བཅུ་གཉིས་པའི་མེ་ཡོས་(༡༦༨༧)ལོར་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གོང་གསལ་གྱི་སྨན་གཞུང་མང་པོ་དང་《གྲ་ཐང་རྒྱུད་བཞི་》བཅས་ལ་ཞིབ་འཇུག་དང་ཞུས་དག་མཛད་ཏེ་《རྒྱུད་བཞི་》དཔར་གསར་པ་དཔར་སྐྲུན་ཐོག་། དེའི་ཕྱི་ལོ་《རྒྱུད་བཞིའི་འགྲེལ་པ་བེེཌཱུརྱ་2107页སྔོན་པོ་》བརྩམས་ནས་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་(༡༦༨༩)ལོར་དཔར་སྐྲུན་གྱིས་དངོས་སུ་འགྲེམ་སྤེལ་བྱས་། 《2107页བེེཌཱུརྱ་སྔོན་པོ་》ནི་རྒྱུད་བཞིའི་འགྲེལ་པ་སྔོན་ཡོད་རྣམས་ཀྱི་ལེགས་ཆ་ཕྱོགས་བསྡུས་བྱས་པའི་འགྲེལ་བཤད་ཅིག་ཡིན་སྟབས་དེ་དཔེ་སྐྲུན་བྱས་པ་ནས་བཟུང་བོད་ཡོངས་སུ་ཁྱབ་ཆེ་བའི་འགྲེལ་བཤད་ཚད་ལྡན་ཞིག་ཏུ་གྱུར་ཅིང་། ད་དུང་བོད་སྨན་སློབ་སྦྱོང་བྱེད་མཁན་རྣམས་ཀྱིས་རྒྱུད་བཞིའི་བཤད་པ་དང་། ལག་ལེན་སྔར་ལས་གོ་བདེ་བར་ཤེས་རྟོགས་བྱེད་ཆེས་སྐབས་དེར་བོད་ཀྱི་རི་མོ་མཁས་པ་གྲགས་ཅན་བསྟན་འཛིན་ནོར་བུ་སོགས་བསྐོང་འགུགས་ཐོག་དུར་ཁྲོད་དུ་སྐྱེལ་བའི་མི་རོ་དངོས་ལ་ཞིབ་འཇུག་བྱས་པའི་བྱང་ཁོག་ལུས་ཐིག་དང་། སྨན་རྫས་ཁག་གི་མ་དཔེའི་འདྲ་དབྱིབས་སོགས་ཚོན་ཁྲ་ཅན་གྱི་ཐང་ཀ་ངོ་གྲངས་བདུན་ཅུ་དོན་དགུ་བྲིས་ཡོད་པ་དེ་ནི་བོད་གྱི་སྨན་པ་མཁས་པས་ཕྱི་རོལ་ཡུལ་ལ་ངོས་འཛིན་བྱེད་པའི་བསམ་བློའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཤེས་རྟོགས་གཏིང་ཟབ་བྱས་པའི་མཚོན་རྟགས་ཤིག་རེད་། དེ་རྗེས་སྤྱི་ལོའི་དུས་རབ་ས་བཅོ་བརྒྱད་པའི་བར་དུ་ཡང་བོད་ལུགས་སྨན་པ་མཁས་པ་མང་པོས་ཆེད་རྩོམ་མང་པོ་བཏོན་པ་པ་རྣམས་ནས་དཔར་དུ་འཁོད་པའི་ནང་ནས་གྲགས་ཆེ་ཤོས་ནི་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་(༡༨༤༠)ལོར་སྡེ་དགེ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《ཤེལ་གོང་》དང་《ཤེལ་ཕྲེང་》ཟེར་བ་གཉིས་ཡིན་ཅིང་དེ་ནི་རྩོམ་པ་པོས་དོན་དངོས་ལ་ཟབ་འཇུག་དང་བརྟག་དཔྱད་བྱས་ནས་སྨན་རྫས་སྣ་ཁ་ཉིས་སྟོང་ཉིས་བརྒྱ་ཙམ་འཚོལ་སྡུད་བྱས་པའི་སྨན་རིགས་སོ་སོའི་ངོ་བོ་དང་ནུས་པ་བཅས་ཧ་ཅང་ཞིབ་ཕྲ་བཀོད་ཡོད་པས་སྨན་བཅོས་ལག་རྩལ་གྱི་ཚད་མཐོན་པོ་ཡོད་པའི་དཔེ་དེབ་ཅིག་ཡིན་། མདོར་ན་། སྤྱི་ལོའི་གོང་གི་དུས་རབས་ཁ་ཤས་ནས་དེ་སྔོན་སྨན་རྩིས་ཁང་གི་དབུ་འཛིན་མཁྱེན་རབ་ནོར་བུའི་བར་དུ་རགས་རྩིས་ལྟར་ན་ཡང་བོད་ལུགས་སྨན་པ་མཁས་པ་རྒན་རབས་མི་གྲངས་ཆིག་སྟོང་ཡས་མས་བྱོན་པ་རྣམས་ཀྱིས་གཞུང་ཆེ་ཆུང་མང་པོ་བརྩམས་པའི་ནང་ནས་གྲགས་ཆེ་བ་འགའ་ཞིག་དཔར་དུ་འཁོད་ཅིང་། ནད་གཞི་སྣ་རེ་གཉིས་ལ་དམིགས་སུ་བཀར་ནས་བརྩམས་པའི་ཆེད་རྩོམ་དཔར་དུ་??/འཁོད་པ་དང་མ་འཁོད་པའི་བྲིས་མ་རྣམས་ཀྱི་དཀར་ཆག་ད་ལྟ་ཡིག་ཐོག་ཏུ་བཀོད་ཟིན་པའི་ངོ་གྲངས་ཀྱང་ཆིག་སྟོང་མ་ཟིན་ཙམ་ཡོད་པ་དེ་དག་ཚང་མ་ནི་རིན་ཆེན་ས་ཡི་ཟླ་བ་སྲང་དུ་ལོངས་པ་སྟོང་ཕྲག་མང་པོས་ཀྱང་བསྒྲུན་དུ་མེད་པའི་རིན་ཐང་ལྡན་པ་ཤ་སྟག་ཡིན་པས་དེ་གར་མྱུར་སྐྱོབ་བྱ་རྒྱུར་འབད་བརྩོན་ཆེར་བསྐྱེད་བྱ་དགོས་པའི་སྐབས་སུ་བབས་པ་རེད་སྙམ་། འདི་ལས་རྒྱས་པའི་ལོ་རྒྱུས་གཟིགས་པར་འདོད་ན་གསོ་བ་རིག་པའི་ཆོས་འབྱུང་ཁག་དང་། བོད་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་གནང་མཛད་པའི་《བོད་ཀྱི་སྨན་རྫས་རིག་པའི་ལོ་རྒྱུས་མདོར་བསྡུས་》སོགས་ལ་གཟིགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།