Talk:གསོ་བ་རིག་པ་

Page contents not supported in other languages.
ཡོང་ཁུངས་Wikipedia

གསོ་བ་རིག་པ། ནད་རླུང་མཁྲིས་བད་ཀན་གསུམ་པོ་རྣམ་པར་མ་འགྱུར་བའམ་ཐ་མལ་དུ་གསོ་བའམ་བཅོས་པའི་རིག་པའི་གཞུང་ལུག་ཞིག་ལ་གོ་དགོས་པ་ཡིན། གསོ་བ་དང་བཅོས་ཞེས་པའི་གོ་དོན་ལ་བསམ་བློ་རྒྱ་ཆེ་ས་ནས་བཏང་ན། ད་ཚོད་ང་ཚོས་བོད་ལུགས་གསོ་བ་རིག་པའི་གོ་དོན་ཆ་ཚང་ཞིག་རིག་པ་འདིའི་མཚན་བྱང་ནས་ཤེས་ངེས་རེད་སྙམ། གསོ་བ་ཞེས་པ་ཉམས་པ་སླར་གསོ་བ་དང་། བཅོས་ཞེས་པའི་སྐབས་དངོས་པོ་གང་ཞིག་རང་གི་ཆོས་ཉིད་ཀྱི་བགྲོས་སུ་འདྲེན་དུ་ནུས་པའི་བྱ་བྱེད་ཀྱི་ཡུལ་དུ་བཀོལ་དུ་རུང་བ་ཞིག་བཟོས་པར་གོ་དགོས། དཔེར་ན་རླང་འཁོར་ཆེད་ལས་པས་ངའི་རླང་འཁོར་བཟོ་བཅོས་བྱས་ནས་སླར་བཏང་དུ་རུང་བ་ཞིག་ཏུ་འགྱུར་སོང་ཞེས་པ་ལྟ་བུ། སྐབས་དེར་ཆེད་ལས་པ་འདིས་རླང་འཁོར་འདི་རང་བེད་སྤྱོད་ཀྱི་ཡུལ་དུ་བཟོ་བཅོས་བྱས་པ་ཙམ་ལས་རླང་འཁོར་གསར་པ་གང་ཡང་བཟོས་མེད། དེ་བཞིན་གསོ་བ་དང་ནད་བཅོས་ཞེས་པའི་སྐབས་བོད་ལུགས་གསོ་བ་རིག་པའི་གྲུབ་མཐའི་དགོངས་པ་བཞིན། ནད་རླུང་མཁྲིས་བད་ཀན་གསུམ་པོ་ལུས་ལས་བཅོད་ན་མི་འཆི་འགྲོ་བ་དང་ལུས་ལས་བཅོས་ན་རྣམ་པར་འགྱུར་བ་འདི་རྣམ་པར་མ་འགྱུར་བར་ཐ་མལ་ནད་མེད་བཅོས་པ་ཡིན། རྒྱུ་རྐྱེན་ནི་བཤད་རྒྱུད་ཆགས་ཚུལ་ལས། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ།། རྣམ་ཤེས་ལས་དང་ཉོན་མོངས་ཀྱི་དབང་བྱས་ནས།། འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ།། ཞེས་པའི་འབྱུང་ལྔ་པོ་དེ་ཕ་མ་གཉིས་ཀྱི་ཁུ་ཁྲག་དང་རང་གི་བར་དོའི་རྣམ་ཤེས་གསུམ་ཀ་ལ་ཚོགས་ནས་ཡོད། བྱས་ན་འབྱུང་ལྔ་དེ་དག་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྱི་སྟེང་ནས་ཇི་ལྟར་ངོས་འཛིན་དགོས་སམ་ཞེ་ན། ཉེས་པའི་རླུང་ནི་འབྱུང་ལྔའི་རླུང་དང་། ཉེས་པ་མཁྲིས་པ་ནི་འབྱུང་ལྔའི་མེ། དེ་བཞིན་ཉེས་པ་བད་ཀན་ནི་ས་ཆུའི་རང་བཞིན་དུ་གོ་དགོས་པ་བཞིན། མིའི་ལུས་རྟེན་འདི་གནས་དང་མི་གནས་ནི་ཉེས་གསུམ་གནས་དང་མི་གནས་དང་། ཡང་ན་འབྱུང་ལྔ་གནས་དང་མི་གནས་ལ་རགས་ལུས་པས་སོ།། དེ་བཞིན་སྲོག་ལྡན་དང་སྲོག་ལྡན་མ་ཡིན་དངོས་པོ་ཡོད་དོ་ཅོག་འབྱུང་བ་ལྔའི་རང་བཞིན་གྱི་རྒྱ་ལས་འདས་པ་ཞིག་སྟོན་དུ་མེད་པས་སོ།།