གཅེར་བུ་བའི་ཆོས་ལུགས།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
Mahavir.jpg

གཅེར་​བུ་​བའི་​ཆོས་​ལུགས་ནི་རྒྱ་གར་གྱི་ཆོས་ལུགས་ཞིག་རེད།


ལོ་རྒྱུས།[རྩོམ་སྒྲིག]

  མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་༼གྲུབ་མཐའི་སྐོར་གྱི་རྣམ་བཤད་༽ལས།  གཅེར་བུ་བ་ཟེར་བའི་དོན་ནི་རྣམ་ཀུན་རང་གི་ལུས་པོ་ལ་འདོམས་རས་ཤིག་མ་གཏོགས་གྱོན་གོས་གཞན་གང་ཡང་མེད་སྟབས་གཅེར་བུ་པ་ཞེས་བརྗོད། དེའི་སློབ་དཔོན་ནི་རྒྱལ་བ་དམ་པ་དང་དྲང་སྲོང་

མཆོད་འོས་སོགས་ཡིན་ལ་དེ་མིན་ད་དུང་སློབ་དཔོན་ནམ་སྟོན་པ་ཉི་ཤུ་རྩ་ལྔ་ཡོད་ཟེར།

      ཡང་ད་ལྟ་པེ་ཅིན་སློབ་ཆེན་དུ་སློབ་གཉེར་གནང་བཞིན་ཡོད་པའི་མཚན་ཉིད་རིག་པ་དང་ཆོས་ལུགས་རིག་པའི་དགེ་རྒན་ཆེན་མོ་བ་ཡའོ་ཝེ་ཆུན་༼姚卫群༽ལགས་ཀྱིས་མཛད་པའི་༼རྒྱ་གར་གྱི་ཆོས་ལུགས་མཚན་ཉིད་རིག་པ་མདོ་ཙམ་གླེང་བ་༽印度宗教哲学概论ཞེས་

པ་ལས། གཅེར་བུ་པ་ནི་ཇའི་ཎ་༼Jaina༽ལུགས་ལས་བྱེས་པའི་གནམ་གོས་པ་སྟེ་གཅེར་བུ་པ་དང་དཀར་གོས་པ་གཉིས་ཀྱི་ཡ་གྱལ་ཞིག་ཡིན། ཇའི་ཎ་༼Jaina༽ལུགས་འདིར་སྟོན་པའམ་སྟོན་པའི་གཏད་རབས་ཉི་ཤུ་རྩ་བཞི་ཡོད་པར་གྲགས། མདོར་ན། ཐོག་མའི་སྟོན་པ་ ར་སྰ་པ་ཧྰ་༼Rsabha༽། གཏད་རབས་གཉིས་པ་ཨ་ཏི་ན་ཐྰ་༼Adinatha༽། གཏད་ རབས་ཉི་ཤུ་རྩ་སུམ་པ་པྰ་སི་ཝ་ཎ་ཐྰ་༼Parsvanatha༽། གཏད་རབས་ཉི་ཤུ་རྩ་བཞི་པ་ཝ་ཏ་མྰ་ཎ་༼Vardhamana༽སོགས་ཡིན་ནོ། དོན་དངོས་ཐོག་སྟོན་པའམ་སྟོན་པའི་གཏད་རབས་ཉི་ཤུ་རྩ་བཞིའི་ནང་མང་དག་ཅིག་བཤོད་རྒྱུན་གྱི་མི་སྣ་ཡིན་པ་དང་དེའི་ ནང་ནས་གཏད་རབས་ཉི་ཤུ་རྩ་སུམ་དང་རྩ་བཞི་གཉིས་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་མི་སྣ་གཉིས་ཡིན། ཆོས་ལུགས་འདི་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་༦ནས་སྔོན་གྱི་དུས་རབས་༥པའི་བར་ད་གཟོད་གྲུབ་མཐའ་ཞིག་གྲུབ། དེའི་སྲོལ་འབྱེད་པ་པོ་ནི་ ཝ་ཏ་མྰ་ཎ་༼Vardhamana༽ཡིན་ལ་དགེ་སྦྱོང་ཆེན་མོ་བ་དྲུག་གི་ཡ་གྱལ་ཎི་ཀན་ཐྰ་ཎ་ཏ་བྷུ་ཏྰ་༼Nigantha Nataputta༽ཟེར་བ་དེ་ཡིན། ཝ་ཏ་མྰ་ཎ་༼Vardhamana༽ནི་ཎི་ཀན་ཐྰ་ཎ་ཏ་བྷུ་ཏྰ་༼Nigantha Nataputta༽ཡི་ མིང་དངོས་ཡིན་ཏེ། མཁས་པ་འགའི་བཞད་ཚུལ་ལྟར་ན། གཏད་རབས་ཉི་ཤུ་རྩ་སུམ་པ་པྰ་སི་ཝ་ཎ་ཐྰ་༼Parsvanatha༽ཡིས་སྤྱོད་པའི་གྲུབ་མཐའ་མིང་ལ་༼ཎི་ཀན་ཐྰ་༽ཞེས་བརྗོད། ཎི་ཀན་ཐྰ་ཎ་ཏ་བྷུ་ཏྰ་༼Nigantha Nataputta༽ཡང་ གྲུབ་མཐའ་འདིར་མོན། འོན་ཀྱང་ཁོ་པས་གྲུབ་མཐའ་འདིར་སྒྱུར་བཅོས་བྱེད་ནས་འཕགས་ཡུལ་དུ་དར་སྲོལ་ཤིན་ཏུ་ཆེ་བར་གྱུར་བར་ཇའི་ཎ་༼Jaina༽ལུགས་ཞེས་བརྗོད། ཝ་ཏ་མྰ་ཎ་༼Vardhamana༽ཡིས་གྲུབ་མཐའ་འདིའི་གཞི་འཛུག་དང་དར་རྒྱས་ཀྱི་བྱ་བཞག་ ཐོག་མཛད་རྗེས་རླབས་པོ་ཆེ་འཇོག་པས་ཕྱི་རབས་དད་ལྡན་རྣམས་ཀྱིས་རྒྱལ་བ་དམ་པ་༼Mahavira༽ཞེས་བསྟོད་དོ། ཝ་ཏ་མྰ་ཎ་༼Vardhamana༽ཡི་འཁྲུངས་འདས་ལོ་ཚིགས་ཐོག་བཤད་ཚུལ་འདྲ་མིན་ཡོད་དེ་སྤྱིའི་ཆ་ནས་བརྗོད་ན་སྟོན་པ་ ཤཀྱ་ཐུབ་པ་དང་དུས་མཚུངས་ལ། རིགས་རྒྱལ་རིགས། དགོང་ལོ་༣༠ཐོག་རབ་ཏུ་བྱུང། ལོ་༡༢ནང་དཀའ་བ་སྤྱད་ནས་གྲུབ་པ་ཐོབ་སྟེ་གང་སར་ཆོས་བཤད། དགོང་གྲངས་༧༢ཐོག་གཤེགས་། ཇའི་ཎ་ལུགས་འདི་སྤྱི་ལོའི་སྔོན་གྱི་དུས་རབས་༦པའི་ཡས་མས་ཙམ་གྱི་བྲམ་ཟེ་མིན་ པའམ་བྲམ་ཟེར་རྒོལ་བའི་བསམ་བློའི་རླབ་ཚོགས་ནང་གི་དགེ་སྦྱོང་ཆེན་མོ་བ་དྲུག་གི་ཡ་གྱལ་ཞིག་ལས་འཕེལ་རྒྱས་བྱུང་ནས་འཕགས་ཡུལ་བསམ་བློའི་གར་སྟེགས་ཐོག་ནུས་སྟོབས་ངེས་ཅན་ཡོད་པའི་གྲུབ་མཐའ་ཞིག་ཆགས་པ་མ་ཟད་ལོ་རྒྱུས་ཐོག་ལའང་མཚན་སྙན་ཤིན་ཏུ་ཆེ། གནས་སྐབས་ཞིག་ལ་དད་ལྡན་སྐྱེ་བོའང་མང་པོ་མདུད། སྤྱི་ལོའི་དུས་རབས་དང་པོའི་སྐབས་གྲུབ་མཐའི་སྡོམ་ཁྲིམས་དང་མེས་པོའི་བཀའ་རྒྱར་གོ་བ་ལེན་སྟངས་མི་འདྲ་བའི་དབང་གིས་གཅེར་བུ་པ་༼Digambara༽དང་དཀར་གོས་པ་༼Svetambara༽ཞེས་པའི་སྡེ་པ་ཁག་གཉིས་སུ་བྱེ་བའོ།

   གཅེར་བུ་པས་ནམ་རྒྱུན་གཅེར་བུར་འཚོ་བས་གཅེར་བུ་པ་ཞེས་བརྗོད། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནང་མུ་སྟེགས་གཅེར་སྟོན་པའམ་༼露形外道༽མུ་སྟེགས་ཁྲལ་མེད་པ་༼无惭外道༽ཞེས་བརྗོད། གྲུབ་མཐའ་འདིས་དཀའ་སྤྱད་བྱེད་རྒྱུར་དོ་སྣང་ཤིན་

ཏུ་ཆེན་པོ་བྱེད་པ་མ་ཟད་གཅེར་བུ་པ་ཞིག་ཡིན་ཕྱིན་སྒེར་བདག་གི་རྒྱུ་ནོར་མཐའ་ན་གྱོན་གོས་ཀྱང་བསོགས་འཇོག་བྱེད་མི་ཆོག་པ་ཡིན། གྲུབ་མཐའ་འདིའི་ཐོག་མའི་མཚན་མཚོན་མི་སྣ་ནི་པྰ་ཏ་ར་པ་ཧུ་༼Bhadrabahu༽ཡིན། དུས་རབས་༡༣པའི་གོང་རོལ་དུ་ཇའི་ཎ་༼Jaina༽ལུགས་དར་རྒྱས་ཆེ་སྟེ་འཕགས་ཡུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མང་དག་ཅིག་གྲུབ་མཐའ་འདིར་དད་མོས་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དབྱི་ས་ལམ་གྱི་ཆོས་ལུགས་རྒྱ་གར་སྐམ་ས་ཆེན་མོར་སླེབས་ པ་ནས་བཟུང་ཇའི་ཎ་༼Jaina༽ལུགས་ཉམས་རྒུད་ཚབས་ཆེན་ཐེབས། འོན་ཀྱང་རྨེག་མེད་དུ་མ་སོང་བར་དེང་བར་གནས་ལ་ནུས་ཤུགས་ཀྱང་མི་དམན་པ་ཡོད།

ཆོས་ལུགས།[རྩོམ་སྒྲིག]

 དེ་ཡང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་༼ཐུའུ་བཀྭན་གྲུབ་མཐའ་༽ལས།  གཅེར་བུ་བ་ནི། རྒྱལ་བ་དམ་པ་སོགས་ཀྱི་རྗེས་སུའབྲངས་པས་རྒྱལ་བར་གྲགས་ལ། ཤེས་བྱ་ཐམས་བཅད་ཚིག་དོན་དགུར་འདུ་བར་འདོད་ཅིང། 

ལྗོན་ཤིང་སོགས་སེམས་ལྡན་དང། སྟོན་པ་སངས་རྒྱས་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་རིག་པ་སོགས་སྨྲའོ། ཐར་བ་ནི་ལུས་གཅེར་བུ་དང། ངག་མི་སྨྲ་བ་དང། མེ་ལྔ་བསྲེན་པ་སོགས་ཀྱི་དཀའ་ཐུབ་ཀྱི་སྤྱོད་པ་ལ་བརྟེན་ནས་སྔར་བྱས་ཀྱི་ ལས་ཐམས་ཅད་ཟད་ཅིང། ལས་གསར་དུ་མ་བསགས་པས། འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས་འཇིག་རྟེན་འདུས་པ་ཞེས་པ་གདུགས་དཀར་པོ་གྱེན་ལ་བསླངས་པ་ལྟ་བུ་ཞོའམ་ཀུ་མུ་ཏ་ལྟར་དཀར་བ། ཚད་དཔག་ ཚད་འབུམ་ཞེ་ལྔ་ཡོད་པ་། སྲོག་ཡོད་པས་དངོས་པོ་ཡིན་ཅིང། འཁོར་བ་ལས་གྲོལ་བས་དངོས་པོ་མེད་པ་ཡང་ཡིན་པ་དེར་འགྲོ་སྟེ། གནས་དེ་ནི་ཐར་པ་ཞེས་བྱའོ། ཞེས་ཟེར་རོ།།

       ༼གྲུབ་མཐའི་སྐོར་གྱི་རྣམ་བཤད་༽ལས།   མུ་སྟེག་པ་དེའི་མིང་དེ་ལ་རྣམ་གྲངས་དྲུག་ཡོད་པ་སྟེ། 1གཅེར་བུ་པ་ ༢ཟད་པ་བ་ ༣རྒྱལ་བ་པ་ ༤མཆོད་འོས་པ་ ༥འཚོ་བ་པ་ ༦ཀུན་ཏུ་རྒྱུ་བཅས་ཡིན། མིང་དྲུག་པོ་དེ་ཇི་ལྟར་ཐོབ་པ་ཡིན་ནམ་

ཞེས་ན་གོང་དུ་གསལ་བ་ལྟར་ནམ་རྒྱུན་གོས་མི་གྱོན་པས་གཅེར་བུ་པ་དང། རང་ལུས་ལ་བརྟེན་ནས་དཀའ་བ་སྤྱད་དེ་སྡིག་པ་དག་རྒྱུའི་འདོད་ཚུལ་བཟུང་བས་ཟད་པ་བ། སློབ་དཔོན་རྒྱལ་བ་དམ་པའི་རྗེས་སུ་འབྲངས་ནས་གྲུབ་མཐའ་ཁས་ལེན་ མཁན་ཡིན་སྟབས་རྒྱལ་བ་པ། དྲང་སྲོང་མཆོད་འོས་རང་གི་སློབ་དཔོན་ཡིན་པར་ཁས་ལེན་པ་ཡིན་སྟབས་མཆོད་འོས་པ། རང་གི་སྲོག་དེ་བདག་ཡིན་པ་དང། བདག་དང་སྲོག་གཉིས་གཅིག་པ་ཡིན་པར་ཁས་བླངས་སྟབས་འཚོ་བ་པ། ཉིན་ལྟར་ཕྱོགས་ བཞིར་སློང་ནསའཚོ་བ་སྐྱེལ་གྱི་ཡོད་སྟབས་ཀུན་ཏུ་རྒྱུ་ཞེས་བརྗོད། དེའི་ལྟ་བ་ནི་ཤེས་བྱ་ཐམས་ཅད་ཚིག་དོན་དགུ་ཟེར་བའི་ནང་དུ་འདུས་ཡོད་ཟེར་ཞིང། ཚིག་དོན་དགུའི་ནང་གི་དང་པོ། སྲོག། དེས་སྲོག་ཟེར་བ་དེ་བདག་གི་ངོ་བོ་ཡིན་པ་ཞིག་དང། བདག་དང་སྲོག་གཉིས་ངོ་བོ་གཅིག་ཡིན་པརཁས་ལེན་གྱི་ཡོད། སངས་རྒྱས་ཆོས་ལུགས་ཀྱིས་ཚེ་དང་རྣམ་ཤེས་གཉིས་ཀྱི་བརྟེན་གཞི་ཡིན་པ་དེ་ལ་སྲོག་ཟེར་ཞིང་སྲོག་དང་དབུགས་གཉིས་དོན་གཅིག་ཡིན། དབུགས་ཕར་བཏང་ནས་ཚུར་རྔུབ་ཐེང་གཅིག་ ལ་དབུགས་ཁུག་པ་གཅིག་ཟེར་བ་དང། མུ་སྟེག་པ་འདིས་སྲོག་དང་བདག་གཉིས་ངོ་བོ་གཅིག་པ་ཡིན་ཟེར་ཞིང། དེ་ཡང་མི་ཞིག་ལ་ཆ་འཞག་ན་དེའི་གཟུགས་ཚད་དང་སྲོག་གཉིས་གཅིག་པ་ཡིན་ཏེགཟུགས་པོ་ཆུང་བ་ཡོད་ན་སྲོག་ཆུང་བ་དང། གཟུགས་པོ་ཆེ་བ་ཡོད་ན་སྲོག་ཆེ་བ་ཡོད་པ་དང་སྲོག་དེ་ཡང་འདས་མ་འོངས་ད་ལྟ་དུས་གསུམ་ཐམས་ཅད་ལ་ནུས་པ་བཏོན་ཐུབ་མཁན་ཞིག་ཡིན་པས། སྲོག་གི་ངོ་བོ་དེ་རྟག་པ་ཡིན་པ་དང། སྲོག་གི་རྣམ་གྲངས་དེ་འགྱུར་ལྡོག་འགྲོ་བ་ཞིག་སྟེ། དཔེར་ན་རྒན་རྒོན་ཆགས་དུས་ཀྱི་སྲོག་དེ་ཕྲུ་གུའི་སྐབས་ཀྱི་སྲོག་དང་མི་འདྲ་བར་འགྱུར་བ་འགྲོ་གི་རེད་ཟེར།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]