Jump to content

Category:སེམས་ཁམས་རིག་པ།

ཡོང་ཁུངས་Wikipedia

ནང་བསྟན་ཆོས་ལུགས་དང་ཛེ་ནོའི་རིང་ལུགས་ལས་བསྟན་པའི་ཆགས་སྡང་སོར་ཆུད་ཀྱི་རིག་པ།

གོ་ཏ་མ་གཞོན་ནུ་དོན་འགྲུབ་(སངས་རྒྱས) ནི་བལ་ཡུལ་གྱི་ཀ་པི་ལ་ཝ་སུ་ཏོ་ས་ཆར་རྒྱལ་སྲས་ཤིག་གི་ཚུལ་དུ་སྐུ་བལྟམས་ཤིང་། རྒྱུ་ནོར་ལོངས་སྤྱོད་ཀྱི་ཡོངས་སུ་ཁེངས་པའི་རྒྱལ་བོའི་ཕོ་བྲང་དུ་སྐུ་འཚར་ལོངས་བྱུང་བ་རེད། ལོ་ན་བཅུ་དྲུག་སྟེང་གཉེན་སྒྲིག་མཛད་ནས་སྲས་གཅིག་ཀྱང་བྱུང་། རང་ལོ་ཉེར་དགུའི་སྟེང་ཁྱིམ་ཚང་གི་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཐུགས་ཡིད་མ་ཚིམས་པར་འཚོ་བ་རོལ་སྟངས་གཞན་ཞིག་ལ་ཚོད་བལྟ་བྱ་རྒྱུ་ཐུགས་ཐག་བཅད་རྗེས། རྒྱལ་བོའི་ཕོ་བྲང་ནས་བྲོས་མཐར་ཏེ་དཀའ་ཐུབ་སྤྱོད་མཁན་ཞིག་གི་བརྟུལ་བཞུགས་དང་དུ་བླངས་པ་རེད། འོན་ཀྱང་ཁོང་གིས་རེ་བའི་འབྲས་བུ་ནི་དཀའ་ཐུབ་ཅན་གྱི་འཚོ་བ་ཙམ་རོལ་རྒྱུ་ཆེད་དུ་མ་ཡིན་སྟབས། དཀའ་ཐུབ་ཀྱི་འཚོ་བ་དེས་ཁོང་གིས་རེ་བའི་བདེ་སྐྱིད་དེ་སྦྱིན་མ་ཐུབ་པ་རེད། རྒྱུ་ནོར་ལོངས་སྤྱོད་ཀྱིས་ཁོང་ལ་ཕན་ཐོགས་མ་བྱུང་ཞིང་། དཀའ་ཐུབ་ཅན་གྱིས་འཚོ་བས་ཀྱང་ཁོང་གི་ཞེ་འདོད་ཡོངས་སུ་མ་ཁེངས། ཁོང་གིས་རྣམ་དཔྱོད་ཅན་ཡིན་ཚེ་ཚེ་སྲོག་གི་ཚོར་བ་བདེ་བ་རྣམས་སྣང་མེད་དུ་འཇོག་མི་རུང་བར་ཤེས་རྟོགས་བྱུང་ཞིང་། རྣམ་དཔྱོད་ཅན་ཞིག་ཡིན་ན་ནི་ཚེ་སྲོག་གི་ཚོར་བ་བདེ་བ་དག་དང་མཉམ་དུ་འཚོ་གནས་བྱེད་ཐུབ་དགོས་པ་མ་ཟད། རང་ཉིད་ཚེ་སྲོག་གི་ཚོར་བ་བདེ་བ་དེ་དག་གི་བྲན་དུ་བཀོལ་སླ་བའི་ཉེན་ཁ་དེའང་རྟག་ཏུ་བརྗེད་མི་རུང་བ་ཞིག་ཡིན་པ་གསལ་བོར་ངེས་པར་གྱུར།

  གནའ་བོའི་རྒི་རིག་པ་ཛེ་ནོ་ཡིས་ཐོག་མར་སྐྱོ་ཤས་རིང་ལུགས་སམ་ངེས་འབྱུང་རིང་ལུགས་ནས་སློབ་སྦྱོང་བྱེད་མགོ་བརྩམས་ཤིང་། སྐབས་དེའི་ངེས་འབྱུང་རིང་ལུགས་པ་ཚོས་འཇིག་རྟེན་གྱི་བདེ་སྐྱིད་ཐམས་ཅད་རྒྱབ་ཏུ་བསྐྱུར་ཏེ་དཀའ་ཐུབ་ཅན་གྱི་འཚོ་བ་ཞིག་ལ་རོལ་ཡོད་པ་དང་། ཁོ་ཚོས་སྲང་ལམ་གྱི་འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པར་གྱུར་ཏེ། རྒྱབ་ཀྱི་ཧྲལ་ཧྲུལ་གྱི་གོས་ཙམ་ལས་ཁོ་ཚོར་སྟོན་རུང་བའི་རྒྱུ་ནོམ་པ་ཁབ་སྐུད་ཙམ་ཡང་མེད།

  ཛེ་ནོ་ཁོང་གིས་ངེས་འབྱུང་རིང་ལུགས་ལ་འཚོ་བའི་དོན་སྙིང་ཅི་ཡང་མེད་པར་གཟིགས་ནས་ངེས་འབྱུང་རིང་ལུགས་ཀྱི་བསླབ་བྱ་རྣམས་རྒྱང་དུ་དོར་ཞིང་། ཛེ་ནོ་རང་ཉིད་ཀྱི་རང་ལུགས་སམ་དབང་པོ་ཞི་ཞིང་དུལ་པའི་རིང་ལུགས་ཀྱི་གྲུབ་མཐའ་ཞིག་གསར་འཛུགས་མཛད། ཛེ་ནོ་རང་ལུགས་ཀྱི་གྲུབ་མཐའ་འདིས་་ཚེ་འདི་སྣང་གི་དགའ་བདེ་རོལ་བ་ཙམ་སྐྱོན་དུ་མི་བལྟ་བར། ཚེ་འདི་སྣང་གི་དགའ་བདེ་རོལ་སྐབས་རང་ཉིད་དགའ་བདེ་དེའི་དབང་དུ་ཕྱིན་ཆེ་དྲག་ཚེ་སྐྱོན་ཆེན་པོ་ཞིག་ཏུ་བརྩིས་པ་ཡིན། ཚེ་འདི་སྣང་དགའ་བདེ་དེ་དག་དུས་ནམ་ཞིག་གི་ཚེ་གར་སོང་ཆ་མེད་དུ་འགྱུར་ངེས་ཡིན་པས། ཕྱོགས་གཅིག་ནས་དེ་ལ་ཡིད་ཀྱི་སྟ་གོན་གང་ལེགས་བྱེད་པ་ཡིན།

  ཛེ་ནོ་རིང་ལུགས་ཀྱིས་ཆགས་སྡང་ཤུགས་དྲག་པའི་རིགས་རྣམས་སྤོང་བ་ལས། ངེས་འབྱུང་རིང་ལུགས་ལྟར་མི་ཡི་མྱོང་ཚོར་རྣམས་དང་དགའ་བདེ་ཐམས་ཅད་སྤོངས་པ་ཞིག་གཏན་ནས་མིན།

 ནང་ཆོས་ཡིན་ནའང་འདྲ་ཛེ་ནོ་རིང་ལུགས་ཡིན་ནའང་ཆོག གང་ལྟར་རང་ལུགས་འདི་གཉིས་འཇིག་རྟེན་འདིར་ཐོག་མར་བྱུང་བ་ནས་བཟུང་དུས་ད་ལྟ་བར་ཐུན་མོང་གི་དམིགས་ཡུལ་གཅིག་བཟུང་ཡོད་པ་རེད། ཐུན་མོང་གི་དམིགས་ཡུལ་དེ་གང་ཡིན་ཞེ་ན། དེ་ནི་གཙོ་བོ་རྟེན་ལུས་དབང་ལ་བརྟེན་པའི་ཚོར་བ་བདེ་བ་དང་། ཡིད་དབང་ལ་བརྟེན་པའི་དགའ་སྐྱོ་ཆགས་སྡང། དེ་བཞིན་ཆོག་ཤེས་མེད་པའི་འདོད་རྔམས་བཅས་ཀྱི་དབང་དུ་སེམས་རྒྱ་ཡན་དུ་མི་གཏོང་པ་ནི་དེ་གཉིས་ཀའི་ཐུན་མོང་གི་དམིགས་ཡུལ་གཙོ་བོ་ཞིག་རེད། མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་རང་ལུགས་འདི་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཆེ་མོད། འོན་ཀྱང་། བདག་ཏུ་ཞེན་པའི་བདག་འཛིན་དང་ཆགས་སྡང་ལ་དབང་བསྒྱུར་དང་ཚོད་འཛིན་བྱེད་ཚུལ་ཆ་ནས་འདི་གཉིས་ཀྱི་དམིགས་ཡུལ་ལ་ཁྱད་པར་ཅི་ཡང་མེད། རྩ་བའི་ཆ་ནས་ཛེ་ནོ་རིང་ལུགས་དང་ནང་ཆོས་གཉིས་ཀ་བདེ་སྐྱིད་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་རེད།

  ཛེ་ནོ་རིང་ལུགས་གཞིར་བཞག་ན། གཙོ་བོ་རྟེན་ལུས་དབང་ལ་བརྟེན་པའི་ཚོར་བ་བདེ་བ་དང་ཡིད་ཀྱི་འདོད་རྔམས་ཙམ་ནི་ཉེས་སྐྱོན་ཞིག་མིན་པས། ཇི་སྲིད་ལུས་ཀྱི་བདེ་བ་དང་འདོད་རྔམས་ཀྱི་དབང་དུ་ཆེ་ཆེར་མ་སོང་བ་དེ་སྲིད་དུ་ལུས་ཀྱི་བདེ་བ་དང་འདོད་རྔམས་ལ་ཅི་དགར་རོལ་ཆོག་པ་ཡིན། ཛེ་ནོ་རིང་ལུགས་པ་ཚོས་རང་གི་ཚོར་བའི་དབང་དུ་ཡན་པོ་མི་གཏོང་བར་ཚོར་བ་ལ་ཚོད་འཛིན་བྱེད་ཐུབ་ཚེ་ད་གཟོད་སྤྱོད་ལམ་བཟང་པ་དང་ཚུལ་ཁྲིམས་གཙང་པར་བརྩིས།

རིགས་གཏོགས།

སྡེ་ཙན་འདི་ནང་ཁྱོན་སྡོམས་པས་ ༢ ནས་ གཤམ་གྱི་བྱེ་བྲག་སྡེ་ཚན།༢ subcategoriesཙམ་འདུག།