ཨར་པོའི་ལས་ཁུངས་

ཡོང་ཁུངས་Wikipedia

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། གཏན་འཇགས་ཨར་པོའི་ལས་ཁུངས་སུ་དོ་དམ་ཛ་མཁན་གཉིས་དང་། གནས་ལྔ་པའི་ལས་ཚན་སེར་སྐྱ་གཉིས། ལས་བྱ་སེར་སྐྱ་བཞི། ཕྱོགས་འགྲོའི་གཉེར་ནང་བརྒྱད་བཅས་ཡོད། དེའི་གཙོ་བོའི་ལས་འགན་ནི། རྩེ་ཕོ་བྲང་གིས་གཙོས་ཕོ་བྲང་ཡས་མས་དང་། གཙུག་ལག་ཁང་། ར་ཆེ་སོགས་ལྷ་ཁང་ཁག་གཞན་ཡང་དམག་སྒར། སྨན་རྩིས་ཁང་སོགས་གཞུང་ཁང་གང་ཡོད་ལ་ལོ་ལྟར་ཉམས་གསོ་ཞུ་དགོས་པའི་རིགས་དང་། གསར་སྐྲུན་བཅས་ལས་ཁུངས་དེ་རང་ནས་འགན་ལེན་ཞུ་དགོས་པ་དང་། ལོ་འཁོར་ཨར་ལས་རྒྱ་ཁྱོན་ལ་གཞིགས་པས་འབྲུ་དངུལ་དགོས་རིགས་བཀའ་ཤག་སྤྱི་ཁྱབ་ལས་ཁུངས་ལ་སྙན་སེང་གི་འབོར་འཁུར་ལག་འཛིན་དུ་བཀོད་ཐོག་དངུལ་འབབ་གྲྭ་བཞི་ལས་ཁུངས་དང་། འབྲུ་འབབ་དབུས་གཙང་རྫོང་གཞིས་གང་འོས་ནས་བཏོན་རྒྱ་ཞུས་ཏེ་ལོ་འཁོར་གཉིས་གསུམ་རེའི་མཚམས་བཀའ་ཤག་ཏུ་བྱུང་སོང་རྩིས་ཁྲ་ཕུལ་ཐོག་ཞིབ་ཁང་ལས་ཁུངས་ནས་ཧེ་བག་ཡོད་མེད་རྩིས་ཞུས་ཀྱིས་གཞི་ནས་རྩིས་ཁྲར་དག་མཆན་དང་། དོ་དམ་པར་གཙང་འཛིན་ཞུ་དགོས་པ་བཅས་རེད།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།