ཨང་མང་ཞེས་པ་བློན་པོ་གཅིག་གིས་ངོ་ལོག་བྱས་

ཡོང་ཁུངས་Wikipedia

(王莽)ཧན་རྒྱལ་རབས་ཀྱི་གོང་མ་ཧན་ཁྲེང་རྟིའི(汉成帝)བློ་པོ་ཡིན་ཅིང་། ཁོ་པའི་ཨ་ནེ་ཝང་ཀྲེང་ཅུན་ནི་གོང་མ་ཧན་ཡོན་རྟིའི་བཙུན་མོ་དང་། གོང་མ་ཧན་ཁྲེང་རྟིའི་ཨ་མ་རེད། གོང་མ་ཧན་ཁྲེང་རྟིའི་དུས་ནས་བཟུང་ཝང་མང་གི་ཁྱིམ་ཚང་ནང་མི་དགུ་ལ་གོ་གནས་ཡོད་པ་དང་། མི་ལྔ་ལ་སི་མ་ཆེན་པོའི་དཔོན་གནས་ཡོད་པ་རེད། གོང་མའི་སྲིད་གཞུང་གི་དབང་ཆ་ཆེ་རིགས་མང་པོ་ཞིག་ཝང་ཁྱིམ་ཚང་གིས་བདག་གཉེར་བྱེད་ཀྱི་ཡོད་པས་ཝང་མང་ནི་གོང་མའི་སྲིད་གཞུང་ནང་དབང་ཆ་ཆེ་ཤོས་ཀྱི་གྲས་སུ་གྱུར། ཁོ་པས་རྒྱ་ཆེའི་མི་དམངས་ཀྱི་ནང་ཤུགས་རྐྱེན་བཟང་པོ་ཡོད་པའི་ལས་ཀ་མང་པོ་བྱས་པ་དཔེར་ན། ཁོ་པའི་བུ་གཉིས་པས་བྲན་གཡོག་བསད་པ་དེར་ཁྲིམས་ཐོག་གི་ཆོད་པ་བཅད་པ་དང་། བྲན་གཡོག་གི་སྲོག་ལ་འགན་སྲུང་དགོས་པའི་བཀའ་ཕབ་པ། ཐན་པ་དང་ལོ་ཉེས་བྱུང་བའི་ས་ཁུལ་ལ་དོང་ཙེ་ཁྲི་བརྒྱ་ལྷག་ཙམ་བཏོན་ནས་སྐྱོབ་གསོ་སྤྲད་པ། ཁང་པ་ཆེ་བའི་གྲས་བཏོན་ནས་སྨན་བཅོས་ཁང་བཙུགས་པ། རྒྱལ་ས་ཁྲང་ཨན་གྱི་ཉེ་འདབས་སུ་དབུལ་ཕོངས་རྣམས་སྡོད་སའི་ཁང་པ་བཙུགས་པ་སོགས་བྱས་རྐྱེན། མང་ཚོགས་ནང་ཁོ་པའི་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ཤིས་ཧན་གྱི་དུས་མཇུག་ཏུ་གྲལ་རིམ་གྱི་འགལ་བ་ཉིན་རེ་ལས་ཉིན་རེ་རྣོ་ངར་ཆེ་རུ་འགྲོ་བ་དང་། ལྷག་པར་དུ་ཚབས་ཆེ་བ་ཞིག་སྟེ་ས་ཞིང་ཚད་མེད་པའི་སྒོ་ནས་གཅིག་སྡུད་ཆེ་བའི་རྐྱེན་གྱིས་ཞིང་པ་ཧ་ཅང་མང་པོ་ཞིག་བྲན་གཡོག་ཏུ་གྱུར་པའི་གནད་དོན་དེ་ཐག་གཅོད་བྱེད་དགོས་ན་ཞིང་པ་རྣམས་ཡར་ལངས་ནས་གྱེན་ལོག་བྱེད་རྒྱུ་དང་། ཡང་ན་དབང་སྒྱུར་གྲལ་རིམ་ཚོས་རང་འགུལ་ཐོག་ནས་ཐབས་ཤེས་བཏོན་ཏེ་ཐག་གཅོད་བྱེད་རྒྱུ་དེ་རེད། དབང་སྒྱུར་གྲལ་རིམ་པ་ཚོ་ཞིང་པ་རྣམས་གྱེན་ལོག་བྱེད་པར་སྐྲག་གི་ཡོད་པས། ཐབས་ཤེས་ཟེར་བ་མང་པོ་བཏོན་ཡང་དེ་དག་གིས་ཀྱང་གནད་དོན་ཐག་གཅོད་ཐུབ་ཀྱི་མེད་པ་དང་། སྐབས་རེ་ཐག་གཅོད་བྱེད་རྒྱུ་ཡིན་ཁུལ་གྱིས་ཞིང་པ་རྣམས་ལ་མགོ་བསྐོར་གཏོང་ཐབས་བྱས་རྐྱེན་གནད་དོན་སྔར་ལས་ཚབས་ཆེ་རུ་སོང་བ་རེད། སྐབས་དེར་གོང་རིམ་འབྱོར་ལྡན་དབང་ཤེད་ཅན་གྱི་ཚབ་བྱེད་མཁན་ཝང་མང་གིས་ཐབས་ཤེས་རིམ་པ་གཉིས་བཏོན་པ་ནི། གོམ་རིམ་དང་པོ་དབང་སྒྱུར་གྲལ་རིམ་གྱིས་བརྩི་བཀུར་ཞུ་བའི་ཁྱིམ་རྒྱུད་གཞན་དག་གིས་ཧན་གྱི་བརྒྱུད་པའི་ཚབ་བྱས་ནས་གོང་མ་གསར་པ་བསྐོ་གཞག་བྱེད་རྒྱུ། གོམ་རིམ་གཉིས་པ་ས་ཞིང་དབང་མཁན་གྱིས་ཞིང་པའི་ས་ནས་བསྡུ་བའི་ས་བོགས་ཉུང་དུ་གཏོང་བའི་ཐབས་ཤེས་ཟེར་བ་དེ་རེད། ཐབས་ཤེས་དང་པོ་ཁོ་པས་ལག་ལེན་དུ་འཁྱོལ་ཡང་། ཐབས་ཤེས་གཉིས་པ་དེ་དངོས་སུ་ལག་ལེན་ཐོག་མ་འཁྱོལ་ཞིང་། རྗེས་སུ་ས་གནས་ཁག་ནས་རྒྱ་ཆེའི་ཞིང་པའི་གྱེན་ལངས་གཅིག་རྗེས་གཉིས་མཐུད་དུ་ལངས་པར་བརྟེན་ཝང་མང་གིས་གོ་སྐབས་དེ་དང་བསྟུན་ནས་ངོ་ལོག་བྱས་ཏེ། སྤྱི་ལོ་བརྒྱད་པར་ཧན་རྒྱལ་རབས་རྩ་གཏོར་བཏང་ནས་རྒྱལ་རབས་གསར་པ་བཙུགས་ཤིང་སྤྱི་ལོ༢༣བར་ལོ་ངོ་བཅོ་ལྔའི་རིང་སྲིད་དབང་བཟུང་། རྒྱལ་ས་ནི་སྔར་བཞིན་ཁྲང་ཨན་ལ་བྱས། ཝང་མང་གིས་སྲིད་དབང་བཟུང་རིང་དེ་སྔོན་ཤིས་ཧན་རྒྱལ་རབས་ཀྱི་སྐབས་ལས་ཀྱང་གདུག་རྩུབ་ཆེ་བའི་བྱ་ཐབས་སྣ་ཚོགས་ལགས་ལེན་བསྟར་བར་བརྟེན། དེ་སྔོན་ཤིས་ཧན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ལངས་པའི་ཞིང་པའི་གྱེན་ལོག་དེ་སྔར་ལས་རྒྱ་ཆེ་བར་གྱུར་ཏེ། རྒྱལ་ཡོངས་རང་བཞིན་ལྡན་པའི་གྱེན་ལོག་ཅིག་ཏུ་གོང་འཕེལ་བྱུང་བའི་ནང་། གཙོ་ཆེ་བའི་གྱེན་ལངས་དམག་དཔུང་ཁག་བཞི་ཡོད། ༡.ལྷོ་ཕྱོགས་ཧུའུ་པེ་ས་ཁུལ་དུ་ཝང་ཧུའང(王匡)དང་ཝང་ཧྥེང(王凤)སོགས་ཀྱིས་འགོ་ཁྲིད་པའི་ཞིང་པའི་གྱེན་ལངས་དམག་དཔུང་དང་། ༢.ཤར་ཕྱོགས་ཀྱི་ཧྲན་ཏུང་ས་ཁུལ་ནས་ཁྲི་མེས(赤眉)འགོ་ཁྲིད་བྱེད་པའི་གྱེན་ལངས་དམག་དཔུང་། ༢.བྱང་ཕྱོགས་སུ་རྨ་ཆུ་འབབ་རྒྱུད་ཀྱི་འགྲམ་གཉིས་ནས་ཐུང་མཱ(铜马)སོགས་ཀྱིས་འགོ་ཁྲིད་པའི་དམག་དཔུང་། ཧན་རྒྱལ་རབས་ཀྱི་དཔོན་རིགས་ས་བདག་འབྱོར་ལྡན་གྲལ་རིམ་གྱིས་ཚབ་བྱེད་པའི་ལིའུ་ཁུང་དང་ལིའུ་ཤིའུ་གཉིས་ཀྱིས་འགོ་ཁྲིད་པའི་གྱེན་ལངས་དམག་དཔུང་བཅས་ཡོད་པའི་ནང་། དང་པོ་གསུམ་ནི་ཞིང་པ་རང་ཉིད་ཀྱིས་འགོ་ཁྲིད་བྱེད་པའི་དམག་དཔུང་ཡིན་པ་དང་། རྗེས་མ་དེ་ནི་ཞིང་པའི་གྱེན་ལངས་ནང་ཞུགས་ཏེ་རྒྱལ་ཡོངས་ཁ་འཐོར་གྱི་གནས་ཚུལ་མཇུག་བསྒྲིལ་ནས་གཅིག་གྱུར་བྱེད་མཁན་ས་བདག་གྲལ་རིམ་གྱི་ཕྱོགས་ཁག་ཡིན་པས། ཚང་མས་གཅིག་གྱུར་གྱིས་ཝང་མང་སྲིད་གཞུང་གསར་པར་ངོ་རྒོལ་བྱས་མཐར་ཝང་མང་གི་དམག་དཔུང་ཁྲི་བཞི་བཅུ་ཞེ་གཉིས་ཙམ་ཡོད་པ་གཏོར་ནས་ཝང་མང་བསད་ཐོག་དེའི་སྲིད་གཞུང་མགོ་རྟིང་སློག་ཐུབ་པ་བྱུང་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།