ཧོར་སྤྱི་

ཡོང་ཁུངས་Wikipedia

རབ་བྱུང་བཅོ་ལྔ་པའི་མེ་འབྲུག་(༡༩༡༦)ལོར་ཧོར་ཚོ་པ་སུམ་ཅུ་སོ་དགུའི་སྤྱི་ཁྱབ་མཁན་ཆུང་གྲགས་པ་རྣམ་རྒྱལ་དང། ལས་བྱ་རྩེ་དྲུང་གཉིས། ས་སྲུང་བརྒྱ་དཔོན་གཅིག་དང། ལྡིང་དཔོན་བཞི་བཅས་ཀྱི་རྩ་བའི་སྤྱི་ཁྱབ་ལས་ཁང་དེ་སྟེང་ཆེན་དུ་ཡོད་པ་དང། ཧོར་ཚོ་དེ་བཞིན་སྔར་ཕན་ཚོ་ཤོག་སོསོར་ལྡིང་དཔོན། བརྒྱ་དཔོན། བློན་པོ། རྒན་པོ་བཅས་སོ་སོས་རང་ཁུངས་སུ་ཁྲིམས་འཛིན་འགོ་འདོམས་དམིགས་བསལ་མེད་སྟབས་ཤོག་ཁག་ཕན་ཚུན་ནམ། སྟོད་སྨད་ཚོང་འགྲུལ། ནང་ཁུལ་བཅས་ལ་མི་དཔུང་དགྲ་བསྡེབས་ཀྱིས་དགྲ་ཇག་རྒྱག་རེས་མི་གསོད་རྒྱུ་འཕྲོག་གི་འཚེ་བ་རྒྱུན་མི་ཆད་པ་ཡོང་གི་ཡོད་སྟབས་ཐོག་མར་ཧོར་སྤྱི་གྲགས་རྣམ་ནས་ཀྱང་ཉེས་ཅན་བྱེད་གཏེ་སྲོག་ཐོག་དང། དབང་པོ་གཅོད་བྲེག་སོགས་གང་ལ་དེ་འཚམས་ཀྱི་དྲག་པོའི་ཁྲིམས་གཅོད་དང་འབྲེལ་དྲིལ་བསྒྲགས་ཡང་ཡང་བྱས་རྐྱེན་རིམ་བཞིན་ཚང་མ་རྩ་བའི་ཆ་ནས་བག་ཡོད་ཚུལ་གནས་སུ་གྱུར་ཏེ་མི་གསོད་རྒྱུ་འཕྲོག་བྱེད་མི་ཇེ་ཉུང་སོང་བ་མ་ཟད། རྒྱལ་ཁབ་ཏུ་རི་ཀླུང་སྐམ་གཤེར་ལ་གནས་པའི་སྲོག་ཆགས་ཚུན་ལ་མི་འཇིགས་སྲོག་གི་སྐྱབས་སྦྱིན་རི་ཀླུང་རྒྱ་སྡོམ་བསྩལ་བ་ལྟར་ཁྱུང་པོ་ཁུལ་དུའང་རྔོན་རྒྱག་བྱེད་མི་ཇེ་ཉུང་དུ་སོང་བ་བཅས་མདོར་ན་ཁྲལ་ཁྲིམས་འཁུར་ཤེས་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་སྲིད་འཛིན་སྤྱི་ཁྱབ་ཡིན་ནའང་འདྲ། རྫོང་འགོ་གཞིས་སྡོད་སུ་འདྲ་ཞིག་གི་དུས་ཡིན་རུང། ཁྱུང་པོ་ཁུལ་དེར་ཡུན་རིང་མི་བསྲུན་བརླང་སྤྱོད་ཀྱི་མིག་ལྟོས་ངན་འཕེལ་དབང་གིས་ཐོག་མར་ཧོར་སྤྱི་གྲགས་རྣམ་ལ་སྐབས་འཕྲལ་ཐག་གཅོད་བྱེད་ཐབས་སྐོར་ཞི་དྲག་ཐབས་སྒོ་གང་མཁས་ཀྱིས་སྤྱི་དམངས་བདེ་འཇགས་ཀྱི་ཆེད་དུ་ཐལ་ལུས་མེད་པ་དགོས་རྒྱུའི་དམིགས་བསལ་གྱི་བཀའ་འཁྲོལ་ཡོད་པ་རེད། དཔོན་ཁག། བརྒྱ་དཔོན། རྒན་ལྡིང་དང། གྲུབ་མཐའ་འདྲ་མིན་གྱི་དགོན་སྡེ་ཆེ་ཆུང་ཁག་གི་འཚེར་ས་ལྷས་མལ་ནོར་ལུག་སོགས་སྔར་གྱི་ཐོབ་ཐང་གང་ཡོད་དཔོན་གནས་སོ་སོའི་གོ་མིང་གདན་ཐོབ་དང་བཅས་པ་རང་འཇགས་ཐོག་བར་སྐབས་གཡོ་ཁོངས་སུ་སྦུག་ཉར་བྱས་པའི་ནོར་ལུག་རྩ་ཡུལ། ས་མ་འབྲོག་ཁུལ་དུ་ས་ཞིང་བཅས་ལ་སྤྱི་འགྲེའི་ག་གཞུང་དང། ས་ཐོ་འགོད་འགོ་བཙུགས་ཏེ་ཧོར་སྤྱི་མཁན་ཆུང་གྲགས་པ་རྒྱ་མཚོ་གྲགས་པ་རྒྱ་མཚོ་ཙམ་གྱི་བར་ག་གཞུང་དང། ས་ཐོ་འགོད་རྒྱུ་མཇུག་བསྒྲིག་ཟིན་པ་རེད། ཚོ་པ་སོ་དགུའི་ཁོངས་སྔར་ལམ་ཡུལ་དམག་ཆིག་སྟོང་སྐོར་གྱི་འགོ་འདོམས་མདའ་རུ་ལྡིང་དཔོན་དང་བཅས་པ་རང་ཁུངས་ཚོ་ཤོག་སོ་སོའི་འགོ་དཔོན་སྤྱི་མོས་ཆེ་བ་དྲག་འདེམས་ཀྱིས་བསྐོ་གཞག་ཐོག་དམག་ཁྲིམས་དང། སྒྲིགས་སྲོལ་ཚང་མ་བོད་དམག་སྤྱི་འགྲེ་ལྟར་ཙ་དང་དམག་སྒར་དུ་བསྒྱུར་པ་བཅས་རེད།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།