ཧོར་རྒྱལ་བུ་གོ་དན་

ཡོང་ཁུངས་Wikipedia

(阔瑞)ཡོན་ཐའི་ཙུང་ཨོ་གོ་ཏའི་བུ་གཉིས་ཀྱི་ཆུང་བ་ཡིན། མེ་སྟག་ལོ་པ་རང་ལོ་ཉེར་དགུའི་ཐོག་རབ་བྱུང་བཞི་པའི་ཤིང་རྟ་(༡༢༣༤)ལོ་ནས་ལོ་བཅོ་བརྒྱད་རིང་སྲིད་དབང་བཟུང། འདིས་སྲིད་དབང་བཟུང་བའི་ཕྱི་ལོ་མཛེ་ནད་ཀྱིས་ཟིན། འདིའི་ཁྲི་ལོ་དྲུག་པ་ས་ཕག་(༡༢༣༩)ལོར། ས་སྐྱ། ཕག་གྲུ། འབྲི་གུང། ཚལ་པ། སྟག་ལུང་བཅས་ནས་ཧོར་རྒྱལ་པོ་སོ་སོར་མགོ་བཏགས་ནས་འབྲི་གུང་དང་གཙང་མགུར་མོ་བས་མོང་གོལ་ཧན། ས་སྐྱ་བ་དང་ལྷ་སྡེ་གཞུང་པ་བཅས་ཀྱིས་གོ་དན། ཚལ་པས་སེ་ཆེན་ཧན། ཕག་གྲུ། གཡའ་བཟང། ཐང་པོ་ཆེ་བ་བཅས་ཀྱིས་ཧུ་ལའི་ཧུ། སྟག་ལུང་པས་ཨ་རི་ག་བཅས་ལ་མགོ་བཏགས། དེའི་ཕྱི་ལོ་རབ་བྱུང་བཞི་པའི་ལྕགས་བྱི་(༡༢༤༠)ལོར་བློན་པོ་དོར་རྟ་ནག་པོས་སྣེ་ཁྲིད་པའི་དམག་དཔུང་བོད་དུ་བཏང། མདོ་སྟོད། མདོ་སྨད། སོག་ཆུ་ཁ་རྣམས་སུ་བོད་མི་མཐོང་ཚད་གསོད་པ་དང། རྒྱལ་ལྷ་ཁང་མེས་བསྲེགས། རྭ་སྒྲེང་ལ་ཡང་གནོད་པ་ཆེན་པོ་བྱས། སྟག་ལུང་རྨུགས་པས་བསྒྲིབས་ནས་མ་མཐོང། གྲྭ་པ་རབ་བྱུང་བ་ལྔ་བརྒྱ་ཙམ་བསད། འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་རྡོ་ཆར་ཕབ་པས་འབྲི་གུང་པར་མ་གནོད། ཧོར་གྱི་མཆོད་གནས་ལ་ཕེབས་དགོས་ཞུས་ཀྱང་ཁོ་རང་མ་ཕེབས་པར་ས་སྐྱ་པཎ་ཆེན་གདན་དྲངས་དགོས་ཞེས་མངགས་པ་བཞིན་རབ་བྱུང་བཞི་པའི་ཤིང་འབྲུག་(༡༢༤༤)ལོར་ས་པཎ་དགུང་ལོ་རེ་གསུམ། འགྲོ་མགོན་འཕགས་པ་དགུང་ལོ་བཅུ། ཕྱག་ན་དགུང་ལོ་བརྒྱད་ལ་སླེབས་པ་བཅས་ཁུ་དབོན་གསུམ་ཀ་ཧོར་ཡུལ་དུ་ཕེབས་ནས་ཕྱི་ལོ་ཤིང་སྦྲུལ་(༡༢༤༥)ལོ་ལ་བྱང་ངོས་མཁར་(凉州)དུ་འབྱོར། གོ་དན་གྱིས་ཐུག་འཕྲད་མ་བྱས་པར་སྨན་བཅོས་བྱེད་དུ་བཅུག་པས་རྒྱལ་པོའི་ནས་ལས་ཐར། ས་པཎ་ལ་གནམ་མཆོད་པའི་རྒན་འགོ་བྱིན་ཀྱང་ཆོས་མ་ཞུས། ད་དུང་ཚོད་ལྟ་ཚོད་བགམ་སྣ་ཚོགས་བྱས། རབ་བྱུང་བཞི་པའི་ལྕགས་ཕག་(༡༢༥༡)ལོར་ས་པཎ་འདས། དེ་རྗེས་གོ་དན་གྱི་བློན་པོ་དོར་བྷི་ཏས་སྣེ་ཁྲིད་པའི་དམག་བོད་ཏུ་བཏང་ནས་བོད་དུ་མ་འབྱོར་གོང་གོ་དན་ཁོ་རང་འདས། དེའི་ཕྱི་ལོ་རབ་བྱུང་བཞི་པའི་ཆུ་བྱི་(༡༢༥༢)ལ་གོ་དན་གྱིས་བཏང་བའི་ཧོར་དམག་བོད་དུ་འབྱོར་ཏེ་མོན་མཁར་མགོན་པོ་གདོང་བཅོམ་ནས་མི་གྲངས་མེད་བསད། རྒྱལ་ཚ་དང་ཇོ་འབེར་བཀྲོངས། (འདིར་འགའ་ཞིག་གིས་གོ་ཡུག་དང་གོ་དན་གཉིས་ཀྱིས་བྱང་ངོས་ཤ་ར་ཐ་ལའི་རྒྱལ་པོ་མ་གཏོགས་བྱས་མེད་ཟེར་མཁན་ཡང་འདུག།)

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།