ཧོར་ཁང་བསོད་ནམས་དཔལ་འབར་

ཡོང་ཁུངས་Wikipedia

ས་ལུག་(༡༩༡༩)ལོར་རྒྱ་མར་སྐུ་འཁྲུངས། ལྷ་ས་སྐྱིད་རས་སློབ་གྲྭར་བོད་ཡིག་སློབ་སྦྱོང་དང་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ལས་རིག་གནས་ལ་གསན་སྦྱོང་གནང། རྩིས་ཁང་(བོད་ས་གནས་སྲིད་གཞུང་གི་དཔོན་རིགས་སྐྱ་བོ་གསོ་སྦྱོང་བྱེད་ས་)དུ་རྡེལ་རྩིས་སློབ་སྦྱོང་གནང་བ་བརྒྱུད་སྲས་རྣམ་པའི་(རིམ་བཞི་ཆུང་བ་)གྲས་སུ་ཞབས་སྡོད་ཞུས་རྗེས་རྩམ་ལེན་པ་དང། མདོ་སྨད་ཕོགས་ཁང། སྐུ་སྲུང་རུ་དཔོན། གཞུང་འབྲུ་སྤྱི་མཛོད་ཁང་གི་ལས་བྱ། ཛ་སག་སོགས་ཀྱི་ལས་གནས་དང་གོ་མིང་བཞེས། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་ཆབ་མདོ་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང། རབ་་བྱུང་བཅུ་དྲུག་པའི་ས་ཕག་(༡༩༥༩)ལོ་ངོ་ལོག་ཟིང་འཁྲུག་ལངས་སྐབས་རྒྱལ་གཅེས་ཀྱི་ལངས་ཕྱོགས་སུ་བརྟན་པོ་བཟུང་སྟེ་ལྗོངས་ཚན་སེ་ཧྲེའི་ཚན་སེ་ཡོན་དང། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བློ་འདྲི་ཡུལ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་བཞེས། ཁོང་ནི་བོད་ཀྱི་རིག་གནས་བྱ་གཞག་ལ་ཐུས་ནུས་འདོན་མཁན་ཞིག་ཡིན་སྟབས་མཁས་དབང་དགེ་འདུན་ཆོས་འཕེལ་དང་དགེ་ཤེས་ཆོས་ཀྱི་གྲགས་པ་སོགས་ཀྱི་སྦྱིན་བདག་ཞུས་ཏེ་ཁོང་རྣམ་པའི་རྩོམ་དཔེ་སྐྲུན་(ཤིང་པར་)གྱི་མཐུན་རྐྱེན་སྒྲུབ་པ་སོགས་གནང་བ་མ་ཟད། ལྷག་པར་མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་འདའ་ཁར་གསུང་རྩོམ་ཟིན་བྲིས་རྣམས་ཧོར་ཁང་བསོད་ནམས་དཔལ་འབར་ལ་གནང་སྟེ་བདག་གཅེས་དགོས་ཚུལ་བཀའ་མངགསགནང་བ་ལྟར་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་(༡༩༨༩)ལོ་《གངས་ཅན་རིག་མཛོད་》དཔེ་དེབ་གསུམ་གྱི་ཐོག་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཀོད་པའི་ཟིན་བྲིས་མཁོ་འདོན་དང། ཞུས་དག་དཔེ་སྐྲུན་གསལ་བཤད་འབྲི་བ་སོགས་གནང། གཞན་ཡང་ཁོང་གིས་ལོ་རྒྱུས་དང། རིག་གནས་སོགས་ཀྱི་རྩོམ་ཡིག་མི་ཉུང་བ་འབྲི་བ་གནང་ཡོད། རིག་གནས་སོགས་ཀྱི་རྩོམ་ཡིག་མི་ཉུང་བ་འབྲི་བ་གནང་ཡོད། རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་(༡༩༩༤)ལོ་དགུང་ལོ་༧༦ཐོག་སྐུ་གཤེགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།