ཧོར་ཁང་

ཡོང་ཁུངས་Wikipedia

ཧོར་ཁང་ནི་ཧོར་ཇིང་གེེར་གྱི་རྒྱུད་གསང་གཞུང་བར་ཏར་ཇིང་གེེར་དཔོན་ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ལྷ་སར་འབྱོར་ཏེ་སྐབས་དེ་དུས་ནས་ཕ་གཞིས་སྦྱོར་འཇགས་བྱུང་བ་དང། མ་གཞིས་གནས་ཡུལ་རྒྱ་མ་ཁྲི་ཁང་ནི་ས་སྐྱའི་དུས་བོད་ཀྱི་ཁྲི་སྐོར་བཅུ་གསུམ་གྱི་གྲས་ཡིན་པ་སྟེ། ཧོར་ཁང་པའི་མི་རྒྱུད་ནི་སོག་པོ་ཨོ་རོས་ཐའི་ཇིས་ལྷ་སར་གཞིས་ཆགས་ནས་ཁང་པ་གསར་རྒྱག་ཐོག་བོད་ས་གནས་སྲིད་གཞུང་གིས་ཆུ་ཤུལ་སྦུད་བདེ་ཚར་སྡོང་གཞིས་ཀྱི་བདག་ཐོབ་གནང་ཞིང། ཨོ་རོས་ཐའི་ཇི་འདས་རྗེས་དེའི་བུ་མོར་ཕོ་ལྷ་མི་དབང་གི་གཅུང་པོ་ནོ་ཨན་ཧོ་ཤུ་ཆི་རབ་བརྟན་མག་པར་བསུས་པ་དེས་རབ་བྱུང་བཅུ་གཉིས་པའི་མེ་ལུག་(༡༧༢༧)ལོ་རྒྱལ་རྩེར་འབྲུག་དམག་དང་འཐབ་པའི་བྱས་རྗེས་སུ་ཇ་སག་དང་ཐའི་ཇི་རིམ་པ་དང་པོའི་གོ་གནས་བྱུང་བ་དང་བསྐོ་གཞག་བྱུང། དེ་འདས་རྗེས་གཅུང་པོ་སེར་ཆེན་ཧ་ཤི་ཁ་རབ་བརྟན་དོན་གྲུབ་ཀྱིས་གོ་གནས་མུ་མཐུད་བཟུང། སྤུན་གསུམ་པ་ཚེ་དབང་རྡོ་རྗེ་དང། དེའི་བུ་དབང་འདུས་ལ་ཕོ་ལྷ་མི་དབང་དང། བོད་སྡོད་ཨམ་བན་གྱི་རོགས་རམ་འོག་གོང་མ་ཆན་ལུང་ནས་གོ་གནས་དང་བར་མཐའ་སྒེར་གཞུང་དགུའི་དམག་གི་དབང་ཆ་རང་འཇགས་གནང། དེའི་བུ་བསོད་ནམས་བཀྲ་ཤིས་ཀྱིས་གོ་གནས་མུ་མཐུད་འཛིན་ཐོག་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་(༡༧༩༢)ལོ་ནས་བཀའ་བློན་བྱས་ཀྱང། གོར་དམག་སྐབས་གཡོལ་ཐབས་བྱས་རྐྱེན་བཀའ་བློན་གནས་དབྱུང་བཏང། སླར་ཟླ་བ་གསུམ་ནས་བཀའ་བློན་རང་འཇགས་བྱས། དེའི་བུ་ཚེ་རིང་དབང་ཕྱུག་རྡོ་རྗེ། དེའི་བུ་དོན་གྲུབ་གཡུལ་རྒྱལ་གྱིས་བཤེར་དཔང་དང། དེ་ནས་རྩིས་དཔོན་བྱས་ཏེ་བཀའ་བློན་ལྕང་རྒྱབ་པ་དང་མཉམ་དུ་ཆབ་མདོར་བསྐྱོད་དེ་ལས་དོན་ཡག་པོ་བྱུང་བར་ཛ་སག་རིམ་པ་དང་པོ་གོ་མིང་བྱུང། དེའི་བུ་ཐོགས་མེད་ཀྱིས་ཕའི་གོ་མིང་བྱུང། དེའི་བུ་ཐོགས་མེད་ཀྱིས་ཕའི་གོ་མིང་ཤུལ་འཛིན་བྱས་ཀྱང་མི་རིང་བར་འདས། དེའི་བུ་དབང་ཆེན་གྱིས་ཛ་སག་བྱས་ཀྱང་རྗེས་སུ་གོ་གནས་ཕབ། དེའི་བུ་བསོད་ནམས་སྟོབས་རྒྱལ་གྱིས་བཀའ་བློན་བྱེད་སྐབས་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་(༡༩༠༣)ལོར་བཀའ་བློན་བཤད་(སྒྲ་)ཞོལ་(ཁང་)ཆང་(ཁྱིམ་)གསུམ་དང་མཉམ་དུ་གནས་དབྱུང་ཐོག་ནོར་བུ་གླིང་ཁར་བཀག་བསྐྱིལ་བྱེད་སྐབས་གཙང་ཆུར་མཆོངས་ནས་འདས། དེའི་བུ་བསོད་ནམས་དཔལ་འབར་གྱིས་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ཛ་སག་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་སོགས་གནང། ཧོར་ཁང་གཞི་རྩའི་གནས་ཚུལ་ནི། རབ་བྱུང་བཅུ་གཉིས་པའི་ཤིང་སྟག་(༡༧༣༤)བོད་ཟླ་༡༡ཚེས་༢༠ཉིན་ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱས་ནས་བཏང་བའི་《ཤེ་བམ་ཆེ་མོ་》ཞེས་པའི་ནང་ཁྲི་ཁང་གི་“བུ་མོ་གཉིས་ཀྱི་མག་པར་འདི་གའི་རིགས་རུས་དཔོན་རབ་བརྟན་དོན་གྲུབ་སྦྱིན་ཡོད་པར་བོད་སྡེ་རྣམས་ཁྲི་ཁང་འཛིན་མི་རང་བདག་ལྷ་སའི་ཁང་པ། སྨོན་གོང་བུད་མེད་ལྷ་གདོང་དང་བཅས་པའི་མི་སེར་རྣམས་རྒྱལ་པོ་ལྷ་བཟང་ཁང་དང། གོང་ས་སྐུ་ཞབས་རིན་པོ་ཆེ། ཝང་གཙང་ཇུན་བཅས་ཀྱི་བཀའ་ཤོག་ལ་ཁྲལ་རིགས་རྩ་ཆག་དེབ་མཆན་བཅས་ཕེབས་འདུག་ཀྱང། རེ་གཉིས་གནས་མིན་སྣ་ཚོགས་བྱུང་འདུག་པ་ད་ཆ་དཔོན་རབ་བརྟན་དོན་གྲུབ་ལ་མིག་བསྐྱང་གི་སྒྲུབ་ཆག་ཡང་ཏིག་བྱེད་རྒྱུད་”ཞེས་དང། རབ་བྱུང་བཅུ་གཉིས་པའི་མེ་ལུག་(༡༧༨༧)ཟླ་༧ཚེས་༨ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་སྩལ་བའི་བཀའ་ཤོག་《ཤེ་བམ་ཆེ་མོའི་ཤེ་གཡོག་》ཞེས་པ་མེ་བྱི་ཟླ་༦ཚེས་༡༦འཁོད་པའི་བཀའ་ཤག་ཐམ་འབྱར་ནང་གསལ་“ཁྲི་ཁང་དཔོན་ཛ་སག་ཐའི་ཇི་བསོད་ནམས་བཀྲ་ཤིས་འདི་པའི་ཕ་མེས་ནོ་ཡོན་ཁོ་ཤོའོ་ཆེ་ཅན་མི་ཐོག་བཞི་ནས་མི་ཚེ་ཧྲིལ་པོར་གཞུང་བསྟན་ལར་རྒྱའི་ཞི་དྲག་གི་བྱེད་སྒོ་བློ་ཐུབ་བྱུང་བར་བརྟེན་བརྒྱུད་འཇགས་ཀྱི་རིམ་པ་དང་པོའི་ཛ་སག་གི་གོ་མིང་གཟེངས་བསྟོད་གོང་མ་ཆེན་མོ་ནས་སྩལ་ཞིང། བོད་ཀྱི་གཞིས་མ་ལག་ལྷོ་བྱང་གི་འཛིན་དབང་གསར་རྙིང་རྣམས་ལ་ཡང་མི་དྲག་བཀའ་གུང་ཛ་མདའ་དཔེ་འགྲེའི་བདག་རྐྱེན་མིག་བསྐྱངས་གཟེངས་བསྟོད་ཡོད་བཞིན་པ་མ་ཟད། ལྷག་པར་འདི་པའི་ཕ་ཛ་སག་དབང་འདུས་ཞྭ་སེར་གྱི་བསྟན་པ་ལ་འདི་པའི་གུས་འདུད་ཤིན་ཏུ་ཆེ་ཞིང། ལྕགས་བྱ་དུས་འགྱུར་སྐབས་འཚོ་ཟིན་ལྷུས་ཐིངས་ཀྱི་བོད་ལ་ཕན་ཆེ་བྱུང་བ་དང། བཅོམ་མདོར་རྒྱ་སྦྱོང་སྔ་ཕྱིའི་གདོང་ལེན། ཨ་ཁང་སག་སོ་པ་འོན་སེང་གི་མཚོན་གལ་ཆེ་དམིགས་བསྐོས་ཀྱི་ལས་དོན་རིམ་པར་ཞབས་འདེགས་ལྷག་བསམ་ངོ་ཐོན་པ་བྱུང་བ་བཅས་གོང་མ་ཆེན་མོ་ནས་བཀའ་བློན་གྱི་ལས་དོན་གོ་ས་གཟེངས་བསྟོད་བསྐོ་གཞག་སྩལ་ཐོག་ནས་ཚེ་མ་ཟིན་རྗེས་བསོད་ནམས་བཀྲ་ཤིས་འདི་པར་ཛ་སག་རིམ་པ་དང་པོའི་གོ་མིང་སྔ་རྒྱུན་ཕ་ཤུལ་བུར་འཇགས་བྱས་པ་ནས་འདི་པས་ཀྱང་མཚོ་སྔོན་གྱི་སྤྱི་ཁྱབ་ཞི་དྲག་སྣེ་ཤན་རིང་ཐུང། རྩིས་དཔོན། མདའ་དཔོན་སོགས་ཀྱི་བྱེད་སྒོ་ཆེ་ཕྲ་དམིགས་བསལ་མིག་བསྐྱངས་དགོས་གྲས་བཅས་འདི་པས་འཛིན་པའི་རྒྱ་མ་ཁྲི་ཁང་འོག་སྐོར་བཅས། ཟུར་སྤང། བོད་འབྲོག་ལྷ་སའི་ཁང་པ་ནག་བྱང་སྒོ་རྭ་བཅས་པ། ཀོང་ནས་འཛིར་རེ་ཡན་རྩྭ་སྔོན་ཉིན་བརྒྱུད་ཀྱི་རྩྭ་ཟ་སྤང་ལྗོངས། འགྱད་མིང་སྤོ་གསུམ་བཅས་པར་གཞུང་གནོད་གཞན་རྩོད་མེད་པའི་བཀའ་གཏན་བཅས་པར་གཞུང་གནོད་གཞན་རྩོད་མེད་པའི་བཀའ་གཏན་ཁུངས་ཐུབ་དང་འབྲེལ་དོན་ད་ལྟ་ཕན་གནས་བཞིན་སོགས་ཀྱི་ན་གླིང་རི་ཀླུང་གི་རྩྭ་ཆུ་ཤིང་གསུམ་གྱི་སྲུང་བཀག་ཟ་སྐེག་ཆུ་ལུད་ཚར་གསུམ་གྱི་འགྲོ་ལམ་སྔགས་བོན་སྡིག་གསུམ་བཟོ་ཤེས་ཀྱི་ཡོན་བདག་རྩ་ཚིག་དང་འགལ་བའི་སྣེ་མོ་བ་དགའ་མིན་གྱི་བོགས་ཤས་འདེབས་རྩ་འཕོ་ལེན། ས་རྩི་ཁུངས་སློག་གི་ཁོངས་གཏོགས་ཀྱི་ས་ཁང་མི་རྩ་ཕྱི་གྱར་དུ་སོང་བ་དང། མགོ་བཏགས་བླངས་པ། ས་འཛིན་ས་བུད་སྟོངས་པའི་ས་ཞིང་ཁང་རྩ་ཚེར་ཆུ་སོགས་ཚོང་ཡིག་ལ་སྙད་མེད་གཞུང་ཞི་དྲག་སྒྲུབ་རྟེན་བཅས་སྤྱི་ཁྱབ་རྩ་ཚིག་དང་དན་ཡིག་གི་དོན་བཞིན་གྱོད་གོང་འཁོད་སུ་འདྲ་ཞིག་ལ་ཡོད་ཀྱང་རང་ཁུངས་སུ་སློག་འཇགས་འདོད་མཐུན་གྱི་ཞིང་བརྗེས་བྱས་པ་ཕན་ཚུན་བྲིས་དོན་གྱི་དོན་རྩོད་གླེང་མེད་པ་སོར་གནས། ཧོར་བར་དང། སྨད་མ། དམར་(ཡོན་)ཐོག་བཅས་བྱང་སྡེ་ནས་རིན་དང་བསྔོ་རྟེན་ལེན་སྤྲད། ཚྭ་ཚོང་གི་ལག་དོ། གྲོ་ཁ་བསྡུ་གཏོང། ཁྱུ་ལུ་དང། སྐྱིད་སྡུག་གི་སྐབས་ལན། བུ་ཚ་དང་སོ་ཧྲུག་འཚོ་མི་རེ་ཤེ་ཁེབས་གསུམ། ཕོད་མདོ། མྱང་སྒང། སྒའ་བཅའ། འོལ་ཁ། ཀོན་འབྲུ་མ་བཅས་པར་ཧོར་ཚོང་གོང་གསལ་གྱི་ཚྭ་བལ་ཤ་བཅས་ཚོང་ཁྲལ་ནང་ལེན་བྱས་འཐུས་སྔར་རྒྱུན་ད་ལྟ་ཕན་གྱི་སྲོལ་རྒྱུན་ཅི་ཡིན་ལྟར་དགོས་པ་དང། ནང་སྡོད་ཁ་མཆུའི་གཅོད་རྒྱ་དང་ཉན་མིན་རིགས་ཚབས་ཆེ་མིན་པའི་ཆང་ཆུང་ལ་ཁྲིམས་མཐུན་བབས་མཚུངས་ཀྱིས་རྗེས་གནོན་བཏང་ཆོག་རྒྱུ། འཛིན་བདག་འཇགས་གསུམ་ཡོང་འབབ་དང་བཅས་པ་གང་ན་ཅི་ཡོད་ཇིང་གེེར་ཐའི་ཇི་ཕུན་ཚོགས་རབ་བརྟན་ནས་ད་ཕན་ཛ་སག་རིམ་ཅན་གྱི་སྲོལ་ལམ་གང་ཡོད་ལ་འཇགས་གནས་སྐོར་”ཞེས་སོགས་གསལ། ཧོར་ཁང་གཞིས་མ་ལག་གི་ངོ་རྟེན་སོན་ཁལ་༡༠༠༠སྐོར་དང། འདོན་མི་སེར་སོན་ཁལ་༥༠༠༠སྐོར། ཞིང་བྲན་ཐེམ་དུད་༧༠ཙམ་དང་མི་གྲངས་༢༨༠སྐོར། འབྲོག་ཁག་༩དང། འབྲི་གཡག་༥༤༠དང། གཞིས་ཀར་ར་ལུག་༣༠༠སྐོར། རྨོད་མཛོ་༡༦དང། རྟ་དྲེལ་༡༥སྐོར་བཅས་ཡོད་པ་དང། ཁྲལ་འུལ་ཐད། ལྟོ་རྟེན་ཡོད་པ་འུལ་མི་༤༠སྐོར་གྱིས་ཉིན་ལྟར་ཞིང་གཡོག་དང། དཔྱིད་འདེབས་སྐབས་ཕྱག་འདེབས་༤༠༠ཞེས་རྨོ་ཕྱུགས་ཧོར་ཁང་གཞུང་རྐྱང་ནས་བཏང་སྟེ་འུལ་ལག་གིས་འདེབས་ལས་སོགས་བྱེད་དགོས། སྟོན་དུས་བཙས་རྔ་གཡུལ་ལས་སྐབས་མཉམ་རུབ་ཅེས་ས་རྐང་རྗེས་འབྲེལ་གྱི་མི་གཏོང་དགོས། ཞིང་བོགས་ཞེས་སོན་ཁལ་༦༠༠སྐོར་གྱི་འདེབས་གཡོག་ཐད་མི་སེར་ལ་འདེབས་རྟེན་སོན་ཁལ་༦༠༠སྤྲད་དེ་རྩ་འབྲུ་བསྡུ་འཇུག་བར་ཞིང་གཡོག་ཡོངས་རྫོགས་མི་སེར་ནས་བྱ་དགོས་ལ་ཁྲལ་པ་ཚོར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ས་རྫོང་རྟ་ཁལ་པ་དང། རྒྱ་ཤིང་བརྔོད་གསུམ། གཞན་ཡང་བཞི་སྣ་དམག་བཅས་འཁྲི་སྲོལ་ཡོད། ཁྲལ་པའི་ཁོངས་རྒྱ་སྦྱོང་དམག་རྐང་བཅུ་སྐོར་ཡོད་པར་དམག་རྟེན་ཟུར་དུ་སོན་ཁལ་༦༠ཙམ་རེ་ཡོད་པ་ནས་རྒྱ་སྦྱོང་དམག་རེ་བཏང་སྟེ་དེའི་འཁྲི་ཆ་སྒྲུབ་དགོས་པ་མ་ཟད། རྗེས་འཕར་སྐུ་སྲུང་དམག་ཉིས་སྣ་རེ་གཏོང་དགོས། ཞབས་གྲས་(མདུན་གཡོག་)ཆེ་ཁག་བཞི་ནས་ཧོར་ཁང་ལ་ཞབས་ཕྱི་འཇུགས་དགོས་པ་དང། དེ་མིན་རྟ་རྐྱང་ཞེས་ཕ་གཞིས་སོན་ཁལ་༢༠ཙམ་ཡོད་པའི་མི་ཚང་ལྔ་ལས་ཞབས་ཕྱི་མི་རེ་འཛུགས་དགོས། ཞབས་གྲས་ངོ་བཅར་ལ་ཟླ་རེ་ཕོགས་འབྲུ་ཁལ་རེ་སྤྲད་ཕྱིན་གླ་ལྟོ་གོས་གསུམ་གང་ཡང་མེད། ནང་ཟན་ཐེམ་དུད་༦ལ་ལྟོ་རྟེན་སོན་ཁལ་༡༥ཙམ་རེ་ཡོད་པ་ནས། ཁང་གཉེར། གད་པ། དུང་པ། རྒྱ་གླིང། ལས་དཔོན་སོགས་རྩག་རྩིག་ལས་ཁྲལ་རྒྱུག་དགོས། ཧོར་ཁང་གཞུང་རྐྱང་ནས་བླ་ཕྱག་ལས་ཁུངས་སུ་མར་ཁལ་༨༠དང། དགའ་ལྡན་སྟོན་མཆོད་ལ་མར་ཁལ་༨༠དང། དགའ་ལྡན་སྟོན་མཆོད་ལ་མར་ཁལ་༣༥དང། དད་རྫས་སུ་ཞིབ་འཕར་འབྲུ་རུའི་ཁལ་༥༠༠བཅས་འཇལ་དགོས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།