ཧིའུ་ཙིང་གི་བརྒྱུད་པ་ལ་དུང་ཙིང་དང་གའི་ཙིང་ཚན་པ་གཉིས་སུ་བྱུང་

ཡོང་ཁུངས་Wikipedia

འདི་ནི་རྒྱ་སྐད་ཀྱི་སྒྲ་ཐོན་པོ་རང་མ་བྱུང་བ་ལས་དོན་དུ་ཤིས་ཅིན་གྱི་བརྒྱུད་པ་ལ་ཏུང་ཅིན་དང་ཧོའི་ཆིན་ཚན་པ་གཉིས་སུ་བྱུང་ཞེས་པའི་དོན་ཡིན་འདྲ། གང་ཡིན་ཟེར་ན་མི་རིགས་ཁག་གི་མི་དམངས་ཀྱིས་ཅིན་ནུབ་མའི་རྒྱལ་ཁབ་ལ་ངོ་རྒོལ་བྱེད་པའི་གྱིན་ལངས་བྱུང་བ་དང་བསྟུན་ནས་ཞུང་ནུའི་མི་རིགས་ཀྱི་འགོ་གཙོ་ལིའུ་ཡོན་སོགས་ཀྱིས་ཅིན་རྒྱལ་རབས་ལ་ངོ་རྒོལ་བྱེད་པའི་གྱེན་ལངས་བྱུང་བ་དང་བསྟུན་ནས་ཞུང་ནུའི་མི་རིགས་ཀྱི་འགོ་གཙོ་ལིའུ་ཡོན་སོགས་ཀྱིས་ཅིན་རྒྱལ་རབས་ལ་ངོ་རྒོལ་བྱེད་པའི་གྱེན་ལངས་བྱུང་བའི་གྱེན་ལངས་ལ་ཞུགས་ཐོག་ཧན་རྒྱལ་ཁབ་ཟེར་བ་བཙུགས་ཏེ་རང་ཉིད་རྒྱལ་པོ་བྱས། རྒྱལ་ས་ཁྲང་ཨན་ཡིན། དེའི་ཕྱི་ལོ་སྤྱི་ལོ་༣༡༦ལོར། ལིའུ་ཡོན་གྱི་ཚ་བོ་ལིའུ་ཚུང་གིས་ཅིན་ནུབ་མའི་རྒྱལ་ཁབ་གཏོར་ནས་རྨ་ཆུ་འབབ་ཡུལ་གྱི་ཀྲུང་ཡོན་ས་ཁུལ་དུམ་བུར་བཅད་ནས་སྲིད་དབང་བཟུང་བའི་རྒྱལ་ཁབ་བཅུ་དྲུག་གི་དང་པོ་དེ་བྱུང། དེའི་ཕྱི་ལོ་སྤྱི་ལོ་༣༡༦ལོར་ཅིན་རྒྱལ་རབས་ཀྱི་རུས་རྒྱུད་དུ་གཏོགས་པའི་ལང་ཡའ་ཝང་སི་མཱ་རུའི་ཟེར་བས་འབྲི་ཆུ་ལྷོ་བྱང་གི་ས་བདག་དཔོན་རིགས་རྣམས་ཀྱི་རྒྱབ་སྐྱོར་འོག་ཅན་ཁང་(དེང་སང་གི་ནན་ཅིན་)ས་གནས་སུ་རྒྱལ་ས་བྱས་པའི་རྒྱལ་རབས་ཀྱི་མིང་ལ་ཏུང་ཅིན་(ཅིན་ཤར་མ་)ཟེར་ཞིང། འབྲི་ཆུ་ལྷོ་རྒྱུད་ཀྱི་ས་ཁུལ་ལ་དབང་སྒྱུར་བྱས་ཏེ་རྨ་ཆུ་འབབ་ཡུལ་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་བཅུ་དྲུག་དང་ཁ་གཏད་དུ་གནས་ཚུལ་དེ་བྱུང། ཅིན་ཤར་མའི་རྒྱལ་རབས་དེར་སྔས་རྗེས་སུ་གོང་མ་མི་རབས་བཅུ་གཅིག་བྱུང་ཞིང་(རུས་མིང་ནི་སི་མཱ་) ༡.ཅིན་ཡོན་རྟི་སི་མཱ་རུའི། ༢.ཅིན་མིང་རྟི་སི་མཱ་ཧྲའོ། ༣.ཅིན་ཁྲེང་རྟི་སི་མཱ་ཡན། ༤.ཅིན་ཁང་རྟི་སི་མཱ་གཡོད། ༥.ཅིན་མུ་རྟི་སི་མཱ་ཏཱན། ༦.ཅིན་ཨེད་རྟི་སི་མཱ་ཕི། ༧.ཅིན་ཧྥེ་རྟི་ཧེ་ཤིས་ཀུང་དབྱི། ༨.ཅིན་ཅིའན་ཝེན་རྟི་སི་མཱ་ཡུས། ༩.ཅིན་ཤའོ་ཝུ་རྟི་སི་མཱ་གཡའོ། ༡༠.ཅིན་ཨན་རྟི་ཏེ་ཙུང། ༡༡.ཅིན་ཀྲོང་རྟི་ཏེ་ཝེན་བཅས་ཀྱིས་སྤྱི་ལོ་༣༡༧ནས་༤༢༠བར་ལོ་ངོ་བརྒྱ་དང་བཞིའི་རིང་སྲིད་དབང་བཟུང། ཏུང་ཅིན་གྱི་དུས་མཇུག་ཏུ་ས་གནས་ཁག་གི་མཐོ་རིམ་དཔོན་རིགས་དང། ས་བདག་བྱོམ་ཆེན་རིམ་གྲས་ཁག་གིས་ཞིང་པར་དཔྱ་ཁྲལ་འབོར་ཆེན་དང། བོགས་མ་བསྡུ་བའི་ཁུར་པོ་ཧ་ཅང་ཆེ་རུ་བཏང་བར་བརྟེན། སྤྱི་ལོ་༣༩༩ལོར་ཅང་ནན་ཅུན་བརྒྱད་ཀྱི་ས་ཁུལ་(དེང་སང་གི་ཀྲེ་ཅང་དང་ཅང་སུའུ་ལྷོ་རྒྱུད་)ནས་སུན་ཨན་དང་ལོ་ཞུན་གཉིས་ཀྱིས་འགོ་ཁྲིད་པའི་ཞིང་པའི་གྱེན་ལངས་བྱུང་སྟེ་སྲིད་གཞུང་གི་ཁང་པ་མེར་བསྲེགས་པ་དང་གྲོང་ཁྱེར་འགའ་ཤས་བཟུང། སྤྱི་ལོ་༤༠༢ལོར་སྲིད་གཞུང་གི་དྲག་གནོན་ཕོག་པའི་འོག་སུན་ཨན་སོགས་རང་སྲོག་བློས་བཏང་རྗེས་ལོ་ཞུན་སོགས་ཀྱིས་མུ་མཐུད་ནས་འཐབ་རྩོད་བྱས་མཐར་རྒྱལ་ས་ཅན་ཁང་(ནན་ཅིན་)དུ་རྒོལ་གཏོར་བྱས་ཀྱང། སྤྱི་ལོ་༤༡༡ལོར་སླར་ཡང་དྲག་གནོན་ཕོག་པའི་འོག་ཏུ་ཕམ་ཉེས་བྱུང་ཞིང། ཅིན་རྒྱལ་རབས་ཀྱང་སྟོབས་ཤུགས་ཡོངས་སུ་ཉམས་པར་གྱུར། ཅིན་ཤར་མའི་རྒྱལ་རབས་ཀྱིས་སྲིད་དབང་བཟུང་བའི་རིང་འབྲི་ཆུ་བྱང་རྒྱུད་རྨ་ཆུ་འབབ་ཡུལ་དུ་ཁ་འཐོར་རྒྱལ་ཁབ་བཅུ་དྲུག་བྱུང་བའི་གནས་ཚུལ་ནི། ༡.ཧན་(ཆན་ཀྲའོ་ཀྲའོ་སྔོན་མ་)གོང་དུ་ཟུར་ཙམ་བཤད་པ་ལྟར། ཅིན་ནུབ་མའི་རྒྱལ་རབས་ཉམས་རྒུད་དུ་འགྲོ་བ་དང་དུས་མཚུངས་ཞུང་ནུའུ་མི་རིགས་ཀྱི་འགོ་པ་ལིའུ་ཡོན་དང་ལིའུ་ཙུང་ཕ་བུ་གཉིས་ཀྱིས་ཅིན་ནུབ་མའི་རྒྱལ་ཁབ་གཏོར་ནས་རྒྱལ་ཁབ་གསར་པ་བཙུགས་ཏེ་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ཧན་ཀོང་ཝེན་རྟི་ལིའུ་ཡོན་ཟེར་(རུས་མིང་ནི་ལིའུ་)རྒྱལ་རབས་འདི་ལ་སྔ་རྗེས་སུ་རྒྱལ་པོ་མི་རབས་ལྔ་བྱུང་བས་སྤྱི་ལོ་༣༠༤ནས་༣༢༩བར་ལོ་ངོ་ཉི་ཤུ་རྩ་དྲུག་རིང་སྲིད་དབང་བཟུང། ༢.ཧོའུ་ཀྲའོ་(ཀྲའོ་རྗེས་མ་)སྤྱི་ལོ་༣༡༩ལོར་ཅེའི་མི་རིགས་གྱེན་ལངས་ཀྱི་འགོ་པ་ཧྲི་ལེས་ཀྲའོ་སྔོན་མའི་རྒྱལ་རབས་ཀྱི་སྟོབས་ཤུགས་ལྷག་འཕྲོ་རྣམས་གཏོར་ནས་རང་ཉིད་གོང་མ་བྱས་པའི་མིང་ལ་ཀྲའོ་མིང་རྟི་ཧྲི་ལེས་ཟེར་ཞིང་རྒྱལ་ཁབ་ཀྱི་མིང་ཧོའུ་ཀྲའོ་(ཀྲའོ་རྗེས་མ་)རྒྱལ་ས་ནི་ཧོ་པེའི་ཞིང་ཆེན་གྱི་ཤིང་ཐའི་རྫོང་ཡིན། རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་མི་རབས་བདུན་བྱུང་བ་རུས་མིང་ཧྲི་ཡིན། དེ་རྣམས་ཀྱིས་སྤྱི་ལོ་༣༡༩ནས་༣༥༢བར་ལོ་ངོ་སུམ་ཅུ་སོ་བཞིའི་རིང་སྲིད་དབང་བཟུང། ༣.ཆན་ཡན་(ཡན་སྔོན་མ་)ཞན་པེའི་མི་རིགས་ཀྱི་འགོ་པ་མུ་རུང་ཧོང་གིས་སྤྱི་ལོ་༣༣༣ལོར་ཅིན་རྒྱལ་རབས་ཀྱི་འོག་ནས་ཁ་བྲལ་ཏེ་བྱང་ཤར་གྱི་ལེའུ་ཉིང་ས་ཁུལ་དུ་སྒེར་བཙན་རྒྱལ་ཁབ་བཙུགས་ནས་རང་ཉིད་རྒྱལ་པོ་བྱས་ནས་མིང་ལ་ཡན་ཝེན་རྟི་མུ་རུང་ཧའང་ཟེར་ཞིང། རྒྱལ་ཁབ་ཀྱི་མིང་ནི་ཡན།(ཆན་ཡན། ཡན་སྔོན་མ་)རྒྱལ་ས་ནི། ལུང་ཁྲེང་(ལེའོ་ཉིང་ཞིང་ཆེན་གྱི་ཁྲའོ་དབྱང་)དང་ཧོ་པེ་ཞིང་ཆེན་གྱི་ལིན་ཀྲང་ཡིན། རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་མི་རབས་གསུམ་བྱུང་ཞིང་རུས་མིང་ནི་མོ་རུང་ཡིན། སྤྱི་ལོ་༣༣༧ནས་༣༧༠ལོའི་བར་ལོ་ངོ་སུམ་ཅུ་སོ་བཞི་རིང་སྲིད་དབང་བཟུང་མཐར་གོང་མ་གསུམ་པ་ཡན་དབྱིའུ་རྟི་མུའུ་རུང་ཝེས་སྲིད་དབང་བཟུང་ནས་ལོ་བཅུ་གཅིག་པ་སྤྱི་ལོ་༣༧༠ལོར་ཆིན་སྔོན་མའི་རྒྱལ་ཁབ་ཀྱི་དམག་དཔོན་ཝང་མོང་གིས་ཡན་རྒྱལ་ཁབ་ལ་དམག་དྲངས་ནས་གོང་མ་གསོན་བཟུང་བྱས་ཏེ་སྲིད་དབང་འཐོར། ༤. ཆན་ཆིན་(ཆིན་སྔོན་མ་)ཏིས་མི་རིགས་ཀྱི་འགོ་པ་ཧྥུ་ཧོའང་གི་བུ་ཧྥུ་ཅེན་གྱིས་སྤྱི་ལོ་༣༥༢ལོར་ཀོན་ཀྲུང་ས་ཁུལ་དུ་སྒེར་བཙན་བྱས་ཏེ་རང་ཉིད་གོང་མ་བྱས་པའི་མིང་ལ་ཆིན་མིང་རྟི་ཧྥུ་ཅེན་ཟེར་ཞིང་རྒྱལ་ཁབ་ཀྱི་མིང་ནི་ཆན་ཆིན་(ཆིན་སྔོན་མ་)རྒྱལ་ས་ནི་ཁྲང་ཨན་(དེང་སང་གི་ཤིས་ཨན་)རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་མི་རབས་དྲུག་བྱུང་བའི་རུས་མིང་ནི་ཧྥུ་ཡིན། སྤྱི་ལོ་༣༥༡ནས་༣༩༤བར་ལོ་ངོ་ཞེ་བཞིའི་རིང་སྲིད་དབང་བཟུང་མཐར་སྤྱི་ལོ་༣༩༤བར་ལོ་ངོ་ཞེ་བཞིའི་རིང་དབང་བཟུང་མཐར་སྤྱི་ལོ་༣༩༤ལོར་ཆང་མི་རིགས་ཀྱི་འགོ་པ་ཡའོ་ཁྲེང་དང། ཆིན་རྒྱལ་རབས་ཀྱི་གོང་མ་ལྔ་པ་ཆིན་ཀའོ་རྟི་ཧྥུ་ཏང་བར་ལོ་མང་འཁྲུག་པ་བྱས་རྗེས། ཆིན་ཀའོ་རྟི་ཕམ་ནས་ཡའོ་ཁྲེང་གི་བུ་ཡའོ་ཤིན་གྱིས་བསད་དེ། ཏིས་མི་རིགས་ཀྱིས་རྒྱལ་པོ་བྱས་པའི་ཆིན་སྔོན་མའི་རྒྱལ་རབས་རྩ་མེད་དུ་སོང། ༥.ཧོའུ་ཡན་(ཡན་རྗེས་མ་)སྤྱི་ལོ་༣༨༣ལོར་ཆིན་སྔོན་མའི་རྒྱལ་རབས་ཀྱི་གོང་མ་ཧྥུ་ཅིའན་དང། ཏུང་ཅིན་(ཅིན་ཤར་མ་)རྒྱལ་རབས་ཀྱི་གོང་མ་ཤའོ་ཨུ་རྟི་སི་མ་གཡའོ་གཉིས་ཀྱི་སྐབས་ཧུའི་ཧོ་ས་ཁུལ་(ཨན་ཧུའི་ཞིང་ཆེན་གྱི་དཀྱིལ་རྒྱུད། ཧྥིའེ་ཧྲུའི་ས་ཁུལ་)དུ་དམག་འཁྲུག་ཐེངས་མང་བྱས་མཐར་ཆིན་རྒྱལ་ཁབ་ཀྱི་དམག་ཕམ་ནས་རང་གནས་བྱང་ཕྱོགས་སུ་ཕྱིར་འཐེན་བྱས་ཤིང། ཆིན་རྒྱལ་རབས་ནང་ཁུལ་ཁ་འཐོར་ནས་རྒྱལ་ཁབ་ཆུང་བ་མང་པོ་བྱུང་བའི་ནང་ནས་གཅིག་ཡིན་ཅིང། ཞན་པེ་མི་རིགས་ཀྱི་མུའུ་རུང་ཁྲུའི་ཟེར་བས་ཆིན་རྒྱལ་རབས་ཀྱི་འོག་ནས་ཁ་བྲལ་ཏེ་སྒེར་བཙན་རྒྱལ་ཁབ་བཙུགས་ནས། ཏང་ཉིད་གོང་མ་བྱས་པའི་མིང་ལ་ཨུ་ཁྲེང་རྟི་མུའུ་རུང་ཁྲུའི་ཟེར་ཞིང། རུས་མིང་ནི་མུའུ་རུང། རྒྱལ་ཁབ་ཀྱི་མིང་ལ་ཧོའུ་ཡན་(ཡན་རྗེས་མ་)ཟེར་ལ་རྒྱལ་ས་ནི་ཧོ་པེ་ཀྲུང་ཧྲན་(དེང་སང་གི་ཧོ་པེ་ཏིང་རྫོང་)རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་མི་རབས་ལྔ་རྗེས་སུ་གོང་མ་མི་རབས་ལྔ་བྱུང་བས་སྤྱི་ལོ་༣༨༤ནས་༤༠༩བར་ལོ་ངོ་ཉེར་དྲུག་བར་སྲིད་དབང་བཟུང་མཐར་སྤྱི་ལོ་༤༠༩ལོར་རྒྱ་རིགས་ཧྥེང་པཱ་ཟེར་བས་གོང་མ་ཧུའི་དབྱི་རྟི་ཀའོ་ཡུན་བསད་ནས་རྒྱལ་རབས་ཐོར། ༦.ནན་ཡན་(ཡན་ལྷོ་མ་)མུའུ་རུང་གི་རིགས་རྒྱུད་མུའུ་རུང་ཏེས་ཧོ་ནན་ཧུའ་ཐའི་(དེང་སང་ཧོ་ནན་ཞིང་ཆེན་གྱི་ཧུའ་རྫོང་)བཟུང་ནས་རང་ཉིད་གོང་མ་བྱས་པའི་མིང་ལ་ཤན་ཨུ་རྟི་མུའུ་རུང་ཏེ་ཟེར་ཞིང། རྒྱལ་ཁབ་ཀྱི་མིང་ལ་ནན་ཡན་(ཡན་ལྷོ་མ་)རྒྱལ་ས་ནི་ཧྲན་ཏུང་གོང་གུ་(དེང་སང་ཧྲན་ཏུང་དབྱི་ཏུའུ་)ཡིན། རྒྱལ་རབས་འདིར་གོང་མ་མི་རབས་གཉིས་བྱུང་བས་རུས་མིང་ནི་མུའུ་རུང་ཡིན། སྤྱི་ལོ་༣༩༨ནས་༤༡༠བར་ལོ་ངོ་བཅུ་གསུམ་རིང་སྲིད་དབང་བཟུང་ཞིང། སྤྱི་ལོ་༤༡༠ལོར་ཏུང་ཅིན་རྒྱལ་རབས་ཀྱི་དམག་དཔོན་ལིའུ་ལུའི་བྱང་ཕྱོགས་སུ་དམག་བཏང་སྐབས་སུ་གོང་མ་མུའུ་རུང་ཁྲའོ་བསད་དེ་རྒྱལ་ཁབ་ཐོར། ༧.པེ་ཡན་(ཡན་བྱང་མ་)སྤྱི་ལོ་༤༠༨ལོར་རྒྱ་རིགས་ཧྥེང་པཱ་ཟེར་བས་ཡན་རྗེས་མའི་གོང་མ་ཧུའི་རྟི་མུའུ་རུང་ཀའོ་ཡུན་བསད་ནས་བྱང་ཤར་གྱི་ལུང་ཁྲང་(དེང་སང་གི་ལེའོ་ཉིང་ཞིང་ཆེན་གྱི་ཧྥུ་ཡང་ས་ཁུལ་)བཟུང་ནས་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ། ཝེན་ཁྲེང་རྟི་ཧྥེང་པཱ་ཟེར་ཞིང། རྒྱལ་ཁབ་ཀྱི་མིང་ལ་པེ་ཡན་(ཡན་བྱང་མ་)ཟེར་ལ། རྒྱལ་ས་ནི་གོང་དུ་གསལ། རྒྱལ་རབས་འདིར་སྔ་རྗེས་སུ་རྒྱལ་པོ་གཉིས་བྱུང་ཞིང་རུས་མིང་ནི་ཧྥེང་པཱ་ཡིན། སྤྱི་ལོ་༤༠༩ནས་༤༣༦བར་ལོ་ངོ་ཉེར་བརྒྱད་རིང་སྲིད་དབང་བཟུང་མཐར། སྤྱི་ལོ་༤༣༦ལོར་ཝུད་བྱང་མའི་རྒྱལ་ཁབ་ཀྱིས་གཏོར་ཕམ་བཏང། ༨.ཧོའུ་ཆིན་(ཆིན་རྗེས་མ་)ཆང་མི་རིགས་ཀྱི་འགོ་པ་ཡའོ་ཁྲེང་གིས་ཧྲན་ཤིས་ཧྥུ་ཅིའན་བསད་དེ་སྲིད་དབང་ཕྲོགས། རང་ཉིད་ཆིན་རྒྱལ་ཁབ་ཀྱི་གོང་མ་བྱས་པའི་མིང་ལ་ཀྲའོ་ཨུ་རྟི་ཡའོ་ཁྲེང་ཟེར་ཞིང། རྒྱལ་ཁབ་ཀྱི་མིང་ལ་ཧོའུ་ཆིན་(ཆིན་རྗེས་མ་)རྒྱལ་ས་ནི་ཁྲང་ཨན་ཡིན། (དེང་སང་གི་ཧྲའན་ཤིས་ཞིང་ཆེན་གྱི་ཤིས་ཨན་)རྒྱལ་རབས་འདིར་གོང་མ་མི་རབས་གསུམ་བྱུང་བའི་རུས་མིང་ནི་ཡའོ་ཡིན། སྤྱི་ལོ་༣༨༤ནས་༤༡༧བར་ལོ་ངོ་སུམ་ཅུ་སོ་བཞི་རིང་སྲིད་དབང་བཟུང། སྤྱི་ལོ་༤༡༧ལོར་ཏུང་ཅིན་རྒྱལ་རབས་ཀྱི་དམག་དཔོན་ལིའུ་ལུས་ཀྱིས་བྱང་འདུལ་དམག་འཁྲུག་སྐབས་རྩ་མེད་བཏང། ༩.ཤིས་ཆིན་(ཆིན་ནུབ་མ་)ཞན་པེ་མི་རིགས་ཀྱི་འགོ་པ་ཆིས་ཧྥུ་གོ་རེན་གྱིས་སྤྱི་ལོ་༣༨༥ལོར་ལུང་ཤིས་ས་གནས་སུ་སྡོད་པའི་ཞན་པེ་མི་རིགས་ཀྱི་རྒྱལ་པོ་བྱས་པའི་མིང་ལ། ཞོན་སླེས་ཝང་ཆིས་ཧྥུ་གོ་རེན་ཟེར་ཞིང། རྒྱལ་ཁབ་ཀྱི་མིང་ནི་ཤིས་ཆིན་(ཆིན་ནུབ་མ་)རྒྱལ་ས་ནི་ཡོན་ཀྲའུ་(དེང་སང་ཀན་སུའུ་ཞིང་ཆེན་གྱི་ཡུའི་ཀྲུང་)ཡིན། རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་བཞི་བྱུང་བའི་རུས་མིང་ནི་ཆིས་ཧྥུ་ཡིན། སྤྱི་ལོ་༣༨༥ནས་༤༣༡བར་ལོ་ངོ་ཞེ་བདུན་རིང་སྲིད་དབང་བཟུང་ཞིང་མངའ་འོག་གི་རྒྱལ་ཕྲན་ཕན་ཚུན་ནང་འཁྲུག་བྱས་ཏེ་མཐར་སྤྱི་ལོ་༤༣༡ལོར་གོང་མ་ཆིས་ཧྥུ་མུ་མོ་དམག་ཕམ་ནས་སྲིད་དབང་ཐོར། ༡༠.ཞཱ། ཞུང་ནུའུ་མི་རིགས་ཀྱི་འགོ་པ་ཧེ་ལིའན་པོ་པོ་ཟེར་བས་སྤྱི་ལོ་༤༠༧ལོར་ཏཱ་ཞཱ་རྒྱལ་ཁབ་ཟེར་བ་བཙུགས་ནས་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ཨུ་སླེས་རྟི་པོ་པོ་ཟེར་ཞིང། རྒྱལ་ཁབ་ཀྱི་མིང་ནི་ཞཱ། རྒྱལ་ས་ནི་ཐུང་དབན་(དེང་སང་ཧྲའན་ཞིས་ཞིང་ཆེན་གྱི་ཧེང་ཧྲན་)ཡིན། རྒྱལ་རབས་འདིར་གོང་མ་མི་རབས་གསུམ་བྱུང་ཞིང། རུས་མིང་ནི་ཧེ་ལིའན་ཡིན། སྤྱི་ལོ་༤༠༧ནས་༤༣༡བར་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་སྲིད་དབང་བཟུང་མཐར་སྤྱི་ལོ་༤༣༡ལོར། ཝེད་བྱང་མའི་རྒྱལ་ཁབ་དང་དམག་འཐབ་བྱེད་བཞིན་པའི་མུར་ཧོ་ཤིས་གཙང་པོ་བརྒལ་ནས་འགྲོ་བཞིན་པའི་སྐབས་སུ་ཝུད་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཐུ་གུའི་དམག་དཔུང་དང་ཐུག་ནས་རྩ་མེད་དུ་སོང། ༡༡.ཧོའུ་ལིའང་(ལིའང་རྗེས་མ་)ཆིན་སྔོན་མའི་རྒྱལ་རབས་ཀྱི་གོང་མ་ཅིང་མིང་རྟི་ཧྥུ་ཅིའན་གྱིས་སྤྱི་ལོ་༣༨༣ལོར་དམག་དཔོན་ཆེན་པོ་ལུའི་ཀོང་རྐང་དམག་ཁྲི་བདུན་དང་རྟ་དམག་ཁྲི་ལྔ་སྟོང་ཙམ་གྱི་དམག་དཔུང་བཅས་མངགས་ནས་རང་རྒྱལ་གི་ནུབ་ཕྱོགས་རྒྱལ་འཕྲན་མང་པོར་དམག་དྲངས་ནས་ཆིའུ་ཚེ་(དགུའི་ཚེ་)སོགས་རྒྱལ་ཕྲན་སུམ་ཅུ་ལྷག་ཙམ་མངའ་འོག་ཏུ་བསྡུས། སླར་ཡང་དམག་དཔུང་ཁྲི་བཞི་བཅུ་ཙམ་ཁྲིད་ནས་རྒྱ་ནག་དང་འདབས་འབྲེལ་བའི་རྒྱ་གར་གྱི་རྒྱལ་ཁབ་ཅིག་ཏུ་བཏང་ནས་ཙནྡན་ཇོ་བོ་དང་སངས་རྒྱས་ཀྱི་རིང་བསྲེལ་སོགས་ལེན་པར་བཏང་བ་རྣམས་ཁྱེར་ནས་ཚུར་ལོག་སྟེ་སི་ཆོན་དུ་སླེབས་པ་དང་ཆང་མི་རིགས་ཀྱི་འགོ་པ་ཡའོ་ཁྲེང་གིས་གོང་མ་ཧྥུ་ཅིའན་བསད་ནས་རྒྱལ་ས་ཕྲོགས་ཏེ་རང་ཉིད་གོང་མ་བྱས་པའི་གནས་ཚུལ་ཐོས་པའི་རྐྱེན་གྱིས་རང་གི་དམག་དཔུང་རྣམས་ཁྲིད་དེ་ལིའང་ཀྲའུ་མཁར་བཟུང་ནས་སྒེར་བཙན་བྱས་པའི་མིང་ལ་དབྱི་ཨུ་རྟི་ལུའི་ཀོང་ཟེར་ཞིང་མི་རིགས་ནི་ཏིས་རིགས། རྒྱལ་ཁབ་ཀྱི་མིང་ལ་ཧོའུ་ལིའང་ཟེར་བ་དང། རྒྱལ་ས་ནི་འགུ་ཙང་(དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུ་ཝེའི་རྫོང་)ཡིན། རྒྱལ་རབས་འདིར་རྒྱལ་པོ་སྔ་རྗེས་བཞི་བྱུང་ཞིང། སྤྱི་ལོ་༣༨༦ནས་༤༠༣བར་ལོ་ངོ་བཅོ་བརྒྱད་རིང་སྲིད་དབང་བཟུང། རྗེས་སུ་བུ་རྒྱུད་རྣམས་ནང་ཁུལ་དབང་ཆ་འཕྲོག་རེས་དང་གསོད་རེས་བྱས་མཐར། སྤྱི་ལོ་༤༠༣ལོར། ཆིན་རྗེས་མའི་གོང་མ་ཡའོ་ཤིན་གྱིས་གཏོར་ཕམ་བཏང། ༡༢.ནན་ལིའང་(ལིའང་ལྷོ་མ་)ཧོ་ཤིས་ཁུལ་དུ་སྡོད་པའི་ཞན་པེ་མི་རིགས་ཀྱི་འགོ་པ་ཐུའུ་ཧྥ་ཝུ་གུའུ་ཟེར་བས་ཅིན་ཁྲེང་ས་ཁུལ་(དེང་སང་ཀན་སུའུ་ཁིང་ཆེན་གྱི་ཀའོ་ལན་རྫོང་)བཟུང་ནས་སྒེར་བཙན་བྱས་ཏེ་རྒྱལ་ཁབ་བཙུགས། རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ཝུ་ཝང་ཨུ་གུ་ཟེར་ཞིང། རུས་མིང་ནི་ཐུའུ་ཧྥ། རྒྱལ་ཁབ་ཀྱི་མིང་ནི་ནན་ལིའང་(ལིའང་ལྷོ་མ་)ཟེར་ལ། རྒྱལ་ས་ནི་ལོས་ཏུའུ་(དེང་སང་མཚོ་སྔོན་ཞིང་ཆེན་གྱི་ལོས་ཏུའུ་)ཡིན། རྒྱལ་རབས་འདིར་རྒྱལ་པོ་སྔ་རྗེས་གསུམ་བྱུང་བས་སྤྱི་ལོ་༣༩༧ནས་༤༡༤བར་ལོ་ངོ་བཅོ་བརྒྱད་རིང་སྲིད་དབང་བཟུང། སྤྱི་ལོ་༤༡༤ལོར་ཆིན་ནུམ་མའི་རྒྱལ་པོ་ཆིས་ཧྥུ་ཁྲི་ཟེར་བས་གཏོར་ཕམ་བཏང། ༡༣.པེ་ལིའང་(ལིའང་བྱང་མ་)ཞུང་ནུའུ་མི་རིགས་ཀྱི་འགོ་པ་ཆུའི་ཆུའི་ཏུན་མེ་ཀྱིས་ཀྲང་དབྱེ་ས་ཁུལ་(ཀན་སུའུ་ཞིང་ཆེན་གྱི་ཀྲང་དབྱེ་ས་ཁུལ་)བཟུང་ནས་སྒེར་བཙན་རྒྱལ་པོ་བྱས་པའི་མིང་ལ་ལིའང་ཝང་ཏུན་ཡེ་ཟེར་ཞིང། རྒྱལ་ཁབ་ཀྱི་མིང་ནི་པེ་ལིའང་(ལིའང་བྱང་མ་)རྒྱལ་ས་ནི་ཀན་སུའུ་ཀྲང་དབྱེ་ཡིན། རྒྱལ་རབས་འདིར་རྒྱལ་པོ་སྔ་རྗེས་གསུམ་བྱུང་ཞིང། སྤྱི་ལོ་༣༩༧ནས་༤༣༩བར་ལོ་ངོ་ཞེ་གཉིས་རིང་གཉིས་སྲིད་དབང་བཟུང་མཐར་སྤྱི་ལོ་༤༣༩ལོར་ཝུད་བྱང་མའི་རྒྱལ་ཁབ་ཀྱིས་གཏོར་ཕམ་བཏང། ༡༤.ཤིས་ལིའང་(ལིའང་ནུབ་མ་)ལིའང་ཀྲའུ་ས་ཁུལ་དུ་སྡོད་པའི་ལི་ཀའོ་ཟེར་བས་སྤྱི་ལོ་༤༠༠ལོར་ཏུན་ཧོང་(དེང་སང་ཀན་སུའུ་ཞིང་ཆེན་གྱི་ཏུན་ཧོང་)ས་ཁུལ་བཟུང་ནས་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ལིའང་ཀུང་ལི་ཀའོ་ཟེར་ཞིང། རྒྱལ་ཁབ་ཀྱི་མིང་ལ་ཤིས་ལིའང། རྒྱལ་ས་ནི་དེང་སང་གི་ཀན་སུའུ་ཞིང་ཆེན་གྱི་ཏུན་ཧོང་ཡིན་། རྒྱལ་རབས་འདིར་སྔ་རྗེས་སུ་རྒྱལ་པོ་གསུམ་བྱུང་ཞིང། སྤྱི་ལོ་༤༠༠ནས་༤༢༠བར་ལོ་ངོ་ཉེར་གཅིག་རིང་སྲིད་དབང་བཟུང་མཐར། སྤྱི་ལོ་༤༢༠ལོར་ལིའང་བྱང་མའི་རྒྱལ་པོ་གཉིས་པ་ཅུའི་ཆུའི་མེང་ཞུན་གྱིས་གཏོར་ཕམ་བཏང། ༡༥.ཆན་ལིའང་(ལིའང་སྔོན་མ་)ཤིས་ཅིན་རྒྱལ་རབས་སྐབས་ལིའང་ཀྲའུ་ས་ཁུལ་དུ་སྡོད་པའི་རྟོག་ཞིབ་འགོ་པ་ཀྲང་གུས་ཟེར་བས་འགུ་ཙང་(ཀན་སུའུ་ཞིང་ཆེན་གྱི་ཝུ་ཝེའི་རྫོང་)ས་ཁུལ་གཙོ་བོར་བྱས་པའི་ནུབ་བྱང་ས་ཁུལ་བདེ་འཇགས་སུ་བཀོད་ནས་ཤིས་ཅིན་རྒྱལ་རབས་ལ་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཏུ་གྱུར། དེ་ནས་མི་རབས་ཁ་ཤས་སོང་རྗེས། ཏུང་ཅིན་རྒྱལ་ཁབ་ནང་འཁྲུག་སྐབས་ཀྲང་ཙུའུ་ཟེར་བས་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ཆིའན་ཀྲུ་ཀྲང་ཉིད་ཧྥུ་ཙུའོ་ཟེར་ཞིང། རྒྱལ་རབས་ཀྱི་མིང་ལ་ཆན་ལིའང་(ལིའང་སྔོན་མ་)རྒྱལ་ས་ནི་འགུ་ཙང་(ཀན་སུའུ་ཞིང་ཆེན་གྱི་ཝུ་ཝེའི་རྫོང་)ཡིན། རྒྱལ་རབས་འདིར་རྒྱལ་པོ་སྔ་རྗེས་དྲུག་བྱུང་བས། སྤྱི་ལོ་༣༡༣ནས་༣༧༦བར་ལོ་ངོ་དྲུག་ཅུ་རེ་བཞིའི་རིང་སྲིད་དབང་བཟུང་མཐར། སྤྱི་ལོ་༣༧༦ལོར་ཆིན་སྔོན་མའི་རྒྱལ་ཁབ་ཀྱི་གོང་མ་ཧྥུ་ཅིའན་གྱིས་དམག་དྲངས་སྐབས་མགོ་བཏགས་ཞུས་ཏེ་སྲིད་དབང་ཐོར། ༡༦.ཁྲེང་ཧན། ཤིས་ཅིན་རྒྱལ་རབས་ཀྱི་གོང་མ་གཉིས་པ་ཧུའི་རྟིའི་སྐབས། པཱ་མི་རིགས་ཀྱི་རུས་རྒྱུད་ནས་བྱུང་བའི་དཔོན་རིགས་ལི་ཐེ་ཟེར་བས་ཀོན་ཤིས་ས་ཁུལ་དུ་སྡོད་པའི་ཡུལ་གྱར་མི་དམངས་ཀྱི་བདེ་སྡུག་ལ་ལྟ་རྟོགས་གང་ཐུབ་བྱས་ཏེ་ཅིན་རྒྱལ་ཁབ་ཀྱི་དམག་དཔུང་གི་ཚུར་རྒོལ་ཐེངས་མང་ཕ་ཉེས་བཏང་ནས། མཐར་ཡུལ་གྱར་མི་དམངས་ཀྱི་དོན་དུ་རང་སྲོག་ཤོར། དེའི་བུ་ལི་ཞུང་གིས་མུ་མཐུད་དེ་ཡུལ་གྱར་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ཅིན་རྒྱལ་རབས་ཀྱི་དམག་དཔུང་དང་དམག་འཐབ་ཐེངས་མང་བྱས་མཐར་རྒྱལ་ཁ་ཐོབ་ནས་ཁྲེང་ཏུའུ་གྲོང་ཁྱེར་བླངས། སྤྱི་ལོ་༣༠༤ལོར་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ཨུརྟི་ལི་ཞུང་ཟེར། རུས་མིང་ནི་ལི། རྒྱལ་ཁབ་གྱི་མིང་ལ་ཁྲེད་དང་ཧན་ཡང་ཟེར། རྒྱལ་ས་ནི་དེང་སང་གི་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ་ཡིན། རྒྱལ་རབས་འདིར་སྔ་རྗེས་སུ་རྒྱལ་པོ་ལྔ་བྱུང་ཞིང། སྤྱི་ལོ་༣༠༤ནས་༣༤༧བར་ལོ་ངོ་ཞེ་བཞིའི་རིང་སྲིད་དབང་བཟུང་མཐར། སྤྱི་ལོ་༣༤༧ལོར་ཏུང་ཅིན་རྒྱལ་རབས་ཀྱི་དམག་དཔུང་གིས་ཁྲེང་ཏུའུ་ལ་དམག་དྲངས་ཏེ་ལིརུས་རྒྱུད་ཀྱིས་བཟུང་བའི་སྲིད་དབང་ཐོར།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།