སྲིད་པའི་འཁོར་ལོ་

ཡོང་ཁུངས་Wikipedia

དེ་ཡང་གཙུན་ལག་ཁང་གི་སྒོ་ཁང་སོགས་སུ་སྲིད་པའི་འཁོར་ལོ་ཆོས་ལྔ་པ་བྲིས་པ་དག་གི་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་མདོ་ལས་། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ་། འདི་ནི་འགོག་པ་འཕགས་པའི་བདེན་པའོ་། འདི་ནི་ལམ་འཕགས་པའི་བདེན་པའོ་། ཞེས་སོགས་གང་གསུངས་པ་ལྟར་རང་གི་སྐུ་དངོས་ཀྱི་གདུལ་བྱ་རྣམས་ལ་བདེན་བཞིའི་བླང་དོར་ཡང་དང་ཡང་དུམའདོམ་པར་མཛད་ཅིང་། ཕྱི་རབས་རྗེས་འཇུག་རྣམས་ཀྱིས་ཀྱང་བདེན་བཞིའི་བླང་དོར་ཤེས་པ་ནི་གལ་ཤིན་ཏུ་ཆེ་བར་གཟིགས་ནས་གཙུག་ལག་ཁང་གི་སྒོ་ཁང་དང་། དགེ་འདུན་གྱི་གནས་ཁང་སོགས་སུ་སྲིད་ཁང་་པའི་འཁོརམལོ་ཆ་ལྔ་པ་འབྲི་བའི་ཚུལ་ནི་། འཆི་བདག་གཤིན་རྗེའམ་སྲིན་པོ་ཁ་གདངས་པའི་དབུས་སུ་འཁོར་ལོ་ཟླུམ་པོ་ཆ་ལྔ་པ་ཞིག་བྲིས་ཏེ་སྟེང་གི་ཆ་དུམ་བུ་གཉིས་སུ་བྱས་ནས་གཅིག་ལ་ལྷ་དང་། ཅིག་ཤོས་ལ་མི་འབྲི་བ་དང་། འོག་གི་ཆ་གསུམ་དུ་བྱས་པའི་ཆ་གཅིག་ལ་དུད་འགྲོ་། དབུས་སུ་དམྱལ་བ་། ཅིག་ཤོས་ལ་ཡི་དྭགས་འབྲི་དགོས་ཏེ་འདུས་བ་ལུང་ལས་། སྒོ་ཁང་དུ་འཁོར་བའི་འཁོར་བའི་འཁོར་ལོའོ་། ཆ་ལྔ་པར་བྱའོ་། སྟེང་དུ་ལྷ་དང་མི་རྣམས་སོ་། རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་རྒྱུད་མོ་བཞིན་དུ་འཆི་བ་དང་། སྐྱེ་བ་དག་ཀྱང་ངོ་། ཞེས་གསུངས་པ་ལྟར་རོ་། འཁོར་ལོ་ཟླུམ་པོ་དེའི་དབུས་སུ་འདོད་ཆགས་མཚོད་བྱེད་བྱ་ཕུག་རོན་གྱི་གཟུགས་དང་། ཞེ་སྡང་མཚོན་བྱེད་སྦྲུལ་དང་། གཏི་མུག་མཚོན་བྱེད་ཕག་པའི་གཟུགས་བརྙན་འབྲི་བ་ནི་བཅོམ་ལྡན་འདས་ཀྱིས་། དབུས་སུ་འདོད་ཆགས་དང་། ཞེ་ལྡང་། གཏི་མུག་ཕུག་རོན་དང་། སྦྲུལ་། ཕག་གི་རྣམ་པར་རོ་། ཞེས་གསུངས་པ་དང་མཐུན་ནོ་། དེ་ཡང་རིག་པའི་དབང་ཕྱུག་གིས་། དེ་ཉིད་ཀྱིས་ནི་ཉེས་རྣམས་ཀྱི་། རྒྱུ་ནི་གཏི་མུག་ཡིན་པར་གསུངས་། ཞེས་པ་དང་། སློབ་དཔོན་ཟླ་བ་གྲགས་པས་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ་། ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་ བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས་། རྣམ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད་། ཅེས་གསུངས་པ་ལྟར་གཏི་མུག་མ་རིག་པའམ་འཇིག་ལྟ་ནི་འཁོར་བའི་སེམས་ཅན་རྣམས་སྲིད་པ་འཁོར་བར་སྐྱེ་བྱེ་ཀྱི་རྒྱུའི་རྩ་བ་ཡིན་པ་དང་། ཡང་རྣམ་འགྲེལ་ལས་། གང་ཞིག་བདག་མཐོང་དེ་ལ་ནི་། ང་ཞེས་རྟག་ཏུ་ཞེན་པར་འགྱུར་། ཞེན་པས་བདེ་ལ་སྲེད་འགྱུར་ཏེ་། སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད་། ཡོན་ཏན་མཐོང་བས་ཡོངས་སྲེད་པ་། ང་ཡི་ཞེས་འདིའི་སྒྱུབ་བྱེད་ལེན་། དེ་ན་བདག་ལ་མངོན་ཆགས་པ་། དེ་སྲིད་དེ་ནི་འཁོར་བར་འགྱུར་། བདག་ཡོད་ན་ནི་གཞན་དུ་ཤེས་། བདག་གཞན་ཆ་ལས་འཛིན་དང་སྡང་། འདི་དག་དང་ནི་ཡོངས་འབྲེལ་ལས་། ཉེས་པ་ཐམས་ཅད་འབྱུང་བར་འགྱུར་། ཞེས་གསུངས་པ་ལྟར་བདག་ཏུ་མཐོང་བའི་འཇིག་ལྟ་ཡོད་ན་རང་བདེ་བ་འདོད་ཅིང་སྡུག་བདག་ཏུ་མཐོང་བའི་འཇིག་ལྟ་ཡོད་ན་རང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། གཞན་ལ་བདེ་བ་བྱུང་ན་མི་བཟོད་པ་དང་། སྡུག་བསྔལ་བྱུར་ན་དགའ་ཞིང་དེ་དག་གི་རྒྱུ་སྒྲུབ་ཆེད་སྒོ་གསུམ་གྱི་ལས་ངན་སྣ་ཚོགས་པ་དག་བསགས་ཏེ་འཁོར་བའི་གནས་འདིར་ཡང་དང་ཡང་དུ་འཁོར་ནས་མི་ཟད་པའི་སྡུག་བསྔག་རྒྱུན་མི་ཆད་དུ་མྱོང་དགོས་པར་གསུངས་པ་ལྟར་གཏི་མུག་མཚོན་བྱེད་ཕག་པའི་ཁར་། འདོད་ཆགས་མཚོན་བྱེད་ཕུག་རོན་དང་། ཞེ་སྡང་མཚོན་བྱེད་སྦྲུལ་གཉིས་བཅུག་པ་ནི་འདུས་བ་ལས་། སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་རོ་ཞེས་གསུངས་པ་དང་མཐུན་པར་བཀོདཅིང་། འཁོར་ལོ་དེའི་ཕྱིའི་མཐའ་འཁོར་དུ་ཐོག་མའི་མ་རིག་པ་ནས་བཟུང་རྒམཤིའི་རྟེན་འབྲེལ་གྱི་བར་བྲིས་པ་ནི་བཅོམ་ལྡན་འདས་ཀྱིས་། ཁོར་ར་ཁོག་ཡུག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཐམས་ཅད་མི་རྟག་པ་ཉིད་ཀྱིས་བཟུང་བར་རོ་། ཞེས་གསུངས་པ་དང་། དེ་རྣམས་ཇི་ལྟར་འབྲི་བའི་ཚུལ་ནི་། དམ་པོ་མ་རིག་པའི་རྟེན་འབྲེལ་རྒན་མོ་ལོང་བ་ལྟ་བུ་དང་། གཉིས་པ་འདུ་བྱེད་ཀྱི་རྟེན་འབྲེལ་རྫ་མཁན་གྱིས་རྫ་བཟོ་བ་ལྟ་བུ་དང་། གསུམ་པ་རྣམ་ཤེས་ཀྱི་འབྲེལ་སྤྲེའུ་ལྟ་བུ་དང་། བཞི་པ་མིང་གཟུགས་ཀྱི་རྟེན་འབྲེལ་སྐྱེས་བུ་གྲུར་འཇུག་པ་ལྟ་བུ་དང་། ལྔ་པ་སྐྱེད་མཆེད་ཀྱི་རྟེན་འབྲེལ་ནི་ཡུལ་འཁོར་རམ་ཁང་སྟོང་ལྟ་བུ་དང་། དྲུག་པ་རེག་པའི་རྟེན་འབྲེལ་ནི་སྐྱེས་པ་དང་བུད་མེད་འོ་བྱེད་པ་ལྟ་བུ་དང་། བདུན་པ་ཚོར་བའི་རྟེན་འབྲེལ་ནི་མིག་གམ་པུས་མོ་ལ་མདའ་ཟུག་པ་ལྟ་བུ་དང་། བརྒྱད་པ་སྲེད་པའི་རྟེན་འབྲེལ་ནི་སྐྱེས་དུ་ཆང་འཐུང་བ་ལྟ་བི་དང་། དགུ་པ་ལེན་པའི་རྟེན་འབྲེལ་ནི་མེ་ཏོག་གམ་ཤིང་ཏོག་འཐུ་བ་ལྟ་བུ་། བཅུ་པ་སྲིད་པའི་རྟེན་འབྲེལ་ནི་སྦྲུམ་མའམ་བྱས་སྒོ་ང་རུམ་པ་ལྟ་བུ་དང་། བཅུ་གཅི་པ་སྐྱེ་བའི་རྟེན་འབྲེལ་ནི་མ་ལས་བུ་སྐྱེ་བ་ལྟ་བུ་། བཅུ་གཉིས་པ་རྒ་ཤིའི་རྟེན་འབྲེལ་ནི་རྒན་པོ་དང་། ཤི་བའི་རྣམ་པ་དང་། རོ་འཁུར་བའི་རྣམ་པ་ལྟ་བུ་འབྲི་དགོས་པ་ཡིན་ཏེ་། 《བཀའ་གདམས་ཕ་ཆོས་》ལས་། མ་རིག་རྒས་པོ་ལོང་བ་སྟེ་། འདུ་བྱེད་དག་ནི་རྫ་མཁན་བཞིན་། རྣམ་ཤེས་སྤྲེའུ་ལྟ་བུ་སྟེ་། མིང་དང་གཟུགས་ནི་གྲུར་འཇུག་འདྲ་། སྐྱེ་མཆེད་ཡུལ་འཁོར་སྟོང་པ་སྟེ་། རེག་པ་འོ་བྱེད་འདྲ་ཞེས་གདའ་། ཚོར་བ་མིག་ལ་མདའ་བརྒྱབ་སྟེ་། སྲེད་པ་ཆང་འཐུང་འདྲ་ཞེས་གདའ་། ལེན་པ་ཤིང་ཏོག་སྙབ་འདྲ་སྟེ་། སྲིས་པ་སྦྲུམ་མ་འདྲ་ཞེས་གདའ་། སྐྱེ་བ་མ་ལས་བུ་སྐྱེས་འདྲ་། རྒ་ཤི་རོ་འཁུར་འདྲ་ཞེས་གདའ་། ཞེས་གསུངས་སོ་། དེ་ཡང་རྒད་མོ་ལོང་བ་དེ་གར་འགྲོ་དང་འདིར་འགྲོ་ཅི་བྱ་གཏོར་མེད་པར་འཁྱམས་པ་ལྟར་མ་རིག་པ་ལ་བརྟེན་ནས་འགྲོ་བ་རྣམས་ཁམས་གསུམ་གྱི་འཁོར་བ་འདིར་སྡུག་བསྔལ་སྣ་ཚོགས་མྱོང་བས་ན་མ་རིག་པ་རྒས་མོ་ལོང་བ་ལྟ་བུ་དང་། རྫ་མཁན་གྱིས་འཁོར་ལོ་བསྐོར་ནས་རྫའི་སྣོད་སྣ་ཚོགས་བཟོ་བ་ལྟར་དགེ་མི་དགེའི་ལས་སྣ་ཚོགས་ལ་བརྟེན་ནས་འཁོར་བའི་སྐྱེ་བ་མི་འདྲ་བ་སྣ་ཚོགས་ལེན་པས་འདུ་བྱེད་རྫ་མཁན་དང་འདྲ་བ་དང་། ཁང་པ་སྒེའུ་ཁུང་དྲུག་ཡོད་པའི་ནང་དུ་སྤྲེའུ་ཞིག་བཅུག་པ་ན་དེས་སྒེའུ་ཁུང་སོ་སོར་རྒྱུགས་ནས་བལྟ་བར་བྱེད་པ་ལྟར་བར་བྱེད་པ་ལྟར་རྣམ་ཤེས་དེ་མིག་ལ་སོགས་པའི་སྒོ་དྲུག་གར་ཕྱིན་ནས་ཡུལ་སྣ་ཚོགས་ལ་སྤྱོད་པས་ན་རྣམ་ཤེས་སྤྲེའུ་དང་འདྲ་བ་དང་། གྲུའི་ཡོ་བྱད་ཐམས་ཅད་ཚང་ན་ཆུའི་ཕ་རོལ་སོགས་འགྲོ་ཞིང་། མ་ཚང་ན་འགྲོ་མི་ནུས་པ་ལྟར་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་འཁོར་བ་འདིར་སྐྱེ་ཞིང་དེ་དག་ཆ་ཚང་བར་གཉིས་ཙམ་ལ་བརྟེན་ནས་འཁོར་བར་སྐྱེ་ཞིང་ལོངས་སྤྱོད་སོགས་ལ་སྤྱོད་མི་ནུས་པས་མིང་གཟུགས་ཀྱི་རྟེན་འབྲེལ་གྲུ་དང་འདྲ་བ་དང་། ཁང་པ་སྟོང་པར་ཕྱི་ནས་བལྟས་ན་མི་ཡོད་པ་འདྲ་བ་ཞིག་འོང་ཡང་དོན་སུ་ཡང་མེད་པ་དང་འདྲ་བར་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་གྲུབ་མ་ཐག་ཕྱི་ནས་བལྟས་ན་རྣམ་ཤེས་ཡོད་འདྲ་ཡང་དོན་དུ་རང་འབྲས་རྣམ་ཤེས་ད་དུང་གྲུབ་མེད་པས་ཁང་སྟོང་དང་འདྲ་བ་དང་། འོ་བྱེད་པའི་ཚེ་ཕན་ཚུན་འཕྲད་ནས་བྱེད་དགོས་པ་ལས་མ་འཕྲད་ན་མི་འོང་བ་ལྟར་རེག་པས་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་གཅོད་པས་ན་དེ་དང་འདྲ་ཞིང་། མིག་གམ་པུས་མོ་ལ་མདའ་འཕོག་པ་ན་དེ་མ་ཐག་ཚོར་ཞིང་སྡུག་བསྔལ་མྱོང་བ་ལྟར་ཚོར་བས་ཀྱང་ཡུལ་ཡིད་དུ་འོང་མི་འོང་བར་མ་གང་རུང་འཕྲད་མ་ཐད་པར་མྱོང་བས་ན་དེ་དང་འདྲ་བ་དང་། ཆང་ལ་དགའ་བའི་མི་དེ་ཆང་ཇི་ཙམ་བཏུངས་ཀྱང་མ་ངོམས་པར་འཐུང་སྙིང་འདོད་དུ་འགྲོ་བ་ལྟར་སྲེད་པས་ཀྱང་ལུས་ལོངས་སྤྱོད་ལ་ནམ་ཡང་མ་ངོམས་པར་ཆགས་པར་བྱེད་པས་དེ་དདང་འདྲ་བ་དང་། སྤྲེའུ་ཤིང་རྩེར་འཛེགས་ནས་ཤིང་ཏོག་སྔ་མའི་རོ་ཚོར་ཞིང་མིག་གིས་མཐོང་ཚད་ལག་པས་ལེན་ཞིང་ཟ་བར་བྱེད་པ་ལྟར་ལེན་པས་ཀྱང་སྲེད་པས་ཆགས་པའི་ཡུལ་དེ་ལ་དོན་གཉེར་ཆེན་པོ་བྱེད་པས་སྤྲེའུ་ཤིང་ཏོག་ལེན་པ་དང་འདྲ་། ཟླ་དགུ་ངོ་བཅུ་སོང་བའམ་སོང་བར་ཉེ་བའི་སྦྲུམ་མ་དེ་བུ་སྐྱེ་བའི་རྐྱེན་ཐམས་ད་ཚང་བས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ལྟར་བཅུ་པ་སྲིད་པའི་རྟེན་འབྲེལ་གྱིས་སྲེད་པ་ཕྱི་མ་འགྲུབ་པའི་ལས་ཀྱི་ནུས་པ་མཐུ་ཅན་དུ་བྱས་ཏེ་ཡང་སྲིད་ཕྱི་མ་འགྲུབ་པས་ན་བུད་མེད་སྦྲུམ་མ་དང་འདྲ་། བུད་མེད་སྦྲུམ་མ་ལས་བུ་དངོས་སུ་སྐྱེས་པ་བཞིན་སྐྱེ་བའི་རྟེན་འབྲེལ་ཡང་ཡང་སྲིད་ཕྱི་མར་དངོས་སུ་མཚམས་སྦྱར་བས་དེ་དང་འདྲ་། ན་ཚོད་རབ་ཏུ་རྒས་པའི་རྒས་འཁོགས་རྣམས་དེའི་སྡུག་བསྔ་གྱིས་ཡོངས་སུ་མནར་བ་དང་། འཆི་བའི་ཚེ་ཕུང་པོ་དུར་ཁྲོད་དུ་བསྐྱལ་བ་སོགས་བྱེད་པ་ལྟར་རྒ་ཤིའི་རྟེན་འབྲེལ་གྲུབ་པའི་ཚེ་ཡང་དེ་ལྡར་བྱེད་པས་ན་དེ་དང་འདྲ་བར་གསུངས་སོ་། དེ་དག་འཁོར་ལོའི་རྣམ་པ་འཆི་བདག་གི་ཁ་དང་། རྐང་ལག་གིས་དམ་དུ་བཟུང་བར་བྲིས་པ་ནི་། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པ་འདིར་སྐྱེ་བ་ལེན་པ་ཐ་དག་མཐར་འཆི་བདག་གི་དབང་དུ་མ་སོང་བ་མེད་པ་དང་། དེ་ལྟ་བུའི་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་སྡུག་བསྔལ་གསུམ་པོ་གང་རུང་གིས་རྒྱུན་ཆད་མེད་པར་གདུང་པ་ན་ངན་སོང་གསུམ་གྱིས་སྡུག་བསྔལ་གྱི་སྡུག་བསྔག་མཚོན་པར་བྱེད་ཅིང་། འདོད་པའི་ལྟ་དང་མི་གཉིས་ཀྱིས་འགྱུར་བའི་སྡུག་བསྔལ་དང་། གཟུགས་ཁམས་ཀྱི་ལྷ་རྣམས་ཀྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མཚོན་པར་བྱེད་པ་སོགས་དེ་དག་ནི་སྡུག་བསྔལ་འཁོར་བའི་ཉེས་དམིགས་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་མཚོན་པར་བྱེད་པ་ཡིན་། འགོག་པ་མྱ་ངན་ལས་འདས་པ་མཚོན་བྱེད་འཁོར་ལོའི་རྩེ་མོར་སྟོན་པ་མཉམ་མེད་བཅོས་ལྡན་འདས་ཀྱི་ཕྱག་གཡས་པའི་མཛུབ་མོས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུའི་ཐིག་ལེ་དཀར་པོ་ཞིག་སྟོན་པའི་རྣམ་པ་འབྲི་བར་གསུངས་ལ་། མདོག་དཀར་བ་ནི་འགོག་བདེན་དེ་ཉིད་རང་གི་སྤང་བྱའི་སྐྱོན་ཐམས་ཅད་དང་བྲལ་བར་མཚོན་ཞིང་། དེ་ཕྱག་གིས་སྟོན་པ་ནི་འགོག་བདེན་དེ་རྟོན་པ་སངས་རྒྱས་ཁོ་ན་རག་ལས་སོ་ཞེས་པའམ་སངས་རྒྱས་དེས་ཇི་ལྟར་བསྟན་པ་དེར་འགྲོ་བར་རིགས་སོ་ཞེས་མཚོན་པར་བྱེད་ཅིང་། ལམ་གྱི་བདེན་པ་མཚོན་པའི་ཕྱིར་དུ་འཁོར་ལོའི་འོག་ཏུ་བརྩམས་པར་བྱ་ཞིང་དབྱུང་བར་བྱ་། སངས་རྒྱས་བསྟན་ལ་འཇུག་པར་བྱ་། འདམ་བུའུ་ཁྱིམ་ལ་གླང་ཆེན་བཞིན་། འཆི་བདག་སྡེ་ནི་གཞོམ་པར་བྱ་། གང་ཞིག་རབ་ཏུ་བག་ཡོད་པས་། ཆོས་འདུས་འདི་ལ་སྤྱོད་གྱུར་པ་། སྐྱེ་བའི་འཁོར་བ་རབ་སྤངས་ཏེ་། སྡུག་བསྔལ་ཐ་མར་བྱེད་པར་འགྱུར་། ཞེས་པའི་ཚིགས་བཅད་འབྲི་བར་གསུངས་། འཁོར་ལོ་དེ་ཉིད་ཟླུམ་བུར་བྲིས་པ་ལ་དགོས་པ་ཡོད་དེ་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། འཁོར་བའི་འགྲོ་བ་ལྔ་རྣམས་ཟོ་ཆུན་གྱི་འཕྲུལ་འཁོར་རམ་མགལ་མེའི་འཁོར་ལོ་ལྟར་ལྔ་ཕྱི་བར་མ་ཆད་དུ་འཁོར་བར་ཤེས་པའི་ཆེད་དུ་ཡིན་ལ་། རྟེན་འབྲེལ་ཡན་ལག་བཅུ་གཉིས་འཁོར་ལོའི་མཐར་འབྲི་བ་ནི་དེ་དག་ལས་བརྒལ་ན་འཁོར་བ་ལས་ཐར་ལ་། དེ་དག་ལས་མ་བརྒལ་ན་འཁོར་བ་ལས་ནམ་ཡང་མི་འདའ་བར་ཤེས་པའི་ཕྱིར་ཡིན་ནོ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།