སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འབྲུ་འགྲེལ་ཅུང་ཟད་གསལ་བ།

ཡོང་ཁུངས་Wikipedia

སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འབྲུ་འགྲེལ་ཅུང་ཟད་གསལ་བ་ཞེས་པ་འདི་ནི། ཁོ་བོས་ས་གླང་(སྤྱི་ལོ་༢༠༠༩) ལོར་ཝཱ་ཎཱའི་དགེ་འོས་སློབ་མའི་དགེ་རྒན་གདན་ཞུས་བྱུང་བ་དང་སྐབས་བསྟུན་ནས། ཟུར་དུ་བསྟན་བཅོས་འཛིན་གྲྭ་ལོ་རིམ་གསུམ་པ་ལ་བརྡ་སྤྲོད་པའི་གཞུང་འདི་ཉིད་སློབ་ཁྲིད་བྱས་པའི་སྐབས། ཉིན་རེ་བཞིན་ཟིན་བྲིས་སུ་བཏབ་ཁུལ་ཏེ། གཞི་རྩའི་ཆ་ནས་སློབ་ཐུན་དེའི་ནང་དུ་ཚར་བ་བྱས་པ་ཡིན། དེའི་ཕྱི་ལོ་ནས་ད་དུང་མུ་མཐུད་ལོ་རིམ་དེ་བར་སླེབས་པའི་སློབ་མ་ཚོར་བསྟར་ཆགས་སུ་འཁྲིད་ཁུལ་བྱས་པའི་སྐབས། དོན་གནད་མི་ཉུང་བ་ཞིག་ལ་གསལ་བཤད་མི་ནུས་པས། སྒྲ་ཀ་ཙན་དབྱངས་གསུམ་རྩ་འགྲེལ་དང་བཅས་པ། བོད་འགྱུར་བསྟན་བཅོས་ཁྲོད་ཀྱི་སྒྲ་རིག་པའི་ནང་འཁོད་པོ་ཏི་༼རེ༽། ༼ལེ༽༼ཤེ༽ གསུམ་དང་། སྣ་ཚོགས་ཁྲོད་ཀྱི་༼ཇོ༽བཅས་ལ་ཡོད་པ་ཀུན་ལྟ་ཀློག་ནན་པོའི་ལུགས་སུ་བྱས་པ་ཡིན། དེ་ལྟ་ནའང་རང་ཉིད་ལེགས་སྦྱར་སྐད་ཡིག་གཉིས་ཀ་ལ་སྐྱེས་སྦྱངས་གོམས་པའི་བག་ཆགས་མི་ལྡན་པས། བཀླགས་པ་ཙམ་གྱིས་དོན་སྙིང་ལྡན་དང་མཐའ་ཆོད་པ་ཞིག་ཡོང་ཐབས་མེད་སྟབས། རང་ཉིད་ཀྱི་ལས་དྲུང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཨཱ་ཙཱ་རྱ་ཟླ་བ་ལྷ་ས་དཔུང་རོགས་སུ་སྦྲེལ་ནས་བསྐྱར་ཞིབ་གཉིས་པ་དེ་བྱས་པ་ཡིན། ད་དུང་དོགས་པའི་ལྷག་མ་ཐག་གཅོད་མི་ནུས་པ་ཁག་གཅིག་ཟླ་བའི་བརྒྱུད་ནས་འཕགས་ཡུལ་གྱི་པནྜིཏ་ཆེན་པོ་ ཀེཨེན་མིཤྲ། केएन मिश्र རཱམ་པྲསཱད། राम प्रसाद བཱསུ་དེཝ་དྭེབི་དིवासुदेव द्वेविदि པཊབཱི་རཱམ་ཤཱབྷྲི། ཇགཏ་ནཱཐ ཨུཔཱདྷྱཱཡ། जगन्नाथ उपाध्यायདང་། ལྷག་དོན་གཙུག་ལག་རིག་པའི་བསྟི་གནས་འདི་ཉེ་བར་མཛེས་པའི་པཎྜི་ཏ་རཱམཤངྐར་ཏྲྀཔཱཋི། रामशङ्करतृपाठी ཀཱམེཤྭརནཱཐ་མི་ཤྲ། कामेश्वरनाथ मिश्र བཅས་ལ་བཅར་འདྲི་དང་། ལོ་ཙཱ་བའི་སྡེ་ཚན་ནང་བཞུགས་སྐད་ཡིག་གསུམ་བཞི་ལྡན་པའི་ལོ་ཙཱ་བ་ཆེན་མོ་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་ལྟ་བུའི་བརྡ་དང་སྐད་ཀྱི་མཁྱེན་པའི་ཡོན་ཏན་མངའ་བ་ལོ་ཙཱ་བ་ཆེན་པོ་བློ་བཟང་ནོར་བུ་དང་། ལོ་ཆེན་པདྨ་བསྟན་འཛིན། ལོ་ཆེན་བློ་བཟང་རྡོ་རྗེ་རབ་གླིང་སོགས་ལའང་དྲི་རྨེད་ཡང་ཡང་ཞུས་ཏེ་བསྐྱར་ཞིབ་གསུམ་པ་དེ་བྱས་པ་ཡིན། དེ་ལྟར་བསྐྱར་ཞིབ་ཡང་ཞིབ་ནན་པོའི་ལུགས་སུ་བྱས་པའི་དེབ་ཆུང་འདི་ཉིད་ཁོ་བོ་སྒྱུད་ལུག་གི་བག་ཆགས་འཐུག་པ་དང་། རྒྱལ་ཁབ་ཕྱི་ནང་གང་སར་འགྲོ་བསྐྱོད་ཀྱིས་དུས་འགྱངས་རིམ་པར་སོང་སྟེ། ༢༠༡༡ ལོར་དུས་ཐོག་ཞུ་དག་མ་ཚར་ནས་དཔེ་སྐྲུན་ཕྱིན་འགྱངས་སོང་བ་ཡང་། བསྐྱར་ཞིབ་གྱི་གོ་སྐབས་ལྷུག་པོར་ཐོབ་པའི་གྲོགས་སུ་གྱུར་པས་སྤུས་དག་ཁུངས་བཙན་གྱི་ཆ་ལག་ཅིག་ཏུ་གྱུར་པ་རེད་བསམས། ཕྲན་གྱིས་བྱས་པའི་འགྲེལ་བ་གསར་པ་འདིར་དམིགས་བསལ་དོ་སྣང་བཟོ་རིན་ཆོག་པ་ཁག་གཅིག་ཐེར་འདོན་ཞུ་ན། ཡི་གེ་བཤད་པའི་སྐབས་སྨྲ་སྒོ་དང་དཔང་ལོའི་ཚོགས་གསུམ་དབར་མི་མཐུན་པའི་བཤད་པ་དེ་རིགས། ཀ་ཙན་དབྱངས་གསུམ་དང་པཎི་ཎི་བཅས་དང་ཞིབ་བསྡུར་བྱས་ཡོད། གཉིས་པ་མིང་གི་སྐབས་སུ་བོད་རང་ལ་ཉེ་བར་མཁོ་བའི་མིང་གི་རྣམ་བཞག་ཟུར་གཅོད་ཀྱིས་བཀོད་ནས། ཞར་བྱུང་མིག་གི་སྦྱོར་བ་བཤད་པ་ལ་དོན་ཚན་ཉེར་ཅིག་ཕྱེས་ནས་དཔེར་བརྗོད་བཅས་པ་བཀོད་ཡོད། གསུམ་པ་ཚིག་སྡུད་སྐབས་གཞུང་བཤད་སྤྱིའི་ཟུར་ལ་བོད་སྐད་དང་མཐུན་པའི་ཚིག་སྡུད་བེད་སྤྱད་ཡོད་རིགས་ཀུན་ལ་མདོ་སྔགས་ཀྱི་གཞུང་ལུགས་དང་སྤྱི་ཚོགས་ཚོར་བའི་གནས་བབ་ཡན་ཆད་མཚོན་ཐུབ་པའི་དཔེར་བརྗོད་ཁ་གསལ་བྱས་ནས་བཀོད་ཡོད། བཞི་པ་ཚིག་ཕྲད་བཤད་པའི་སྐབས་ཚིག་ཕྲད་ཀྱི་འཇུག་པ་རེ་རེ་ནས་སྨྲ་སྒོ་དང་གནས་བརྒྱད་རྩ་འགྲེལ། ཕྱིས་ཀྱི་སུམ་རྟགས་གྲགས་ཆེ་ཕལ་བོ་ཆེ་དང་བསྡུར་ནས་ཧ་ཅང་ཞིབ་ཚག་ལ་ཁ་གསལ་བའི་སྒོ་ནས་དབྱེ་བ་དང་དཔེར་བརྗོད་བཀོད་ཡོད་ལ། འདི་ནི་ཕལ་ཆེར་ད་ཕན་སུས་ཀྱང་མ་བསྐྲུན་པའི་ཕྲད་ཀྱི་འཇུག་པའི་རྒྱས་འགྲེལ་མཁས་པའི་མཆོད་སྤྲིན་དམིགས་བསལ་བ་ཞིག་ཡིན་སྙམ་པའི་སྤོབས་པ་བྱེད་ཀྱི་ཡོད།

དེས་ན་འདིར་ཞི་བ་ལྷས།  སྔོན་བརྗོད་མ་བྱུང་པ་ཡང་འདིར་བརྗོད་མེད། །ཅེས་པའི་ལུང་དེ་འདིར་ལུང་འདྲེན་ཞུ་རྩིས་མེད་ལ། དེའི་ཚབ་ཏུ་སྔོན་ཆེད་མ་བྱས་པ་ཞིག་གསར་དུ་བྱས། ཞེས་པའི་བསྡོམས་ཚིག་འདི་འགྲེལ་བྱེད་འདིའི་བསྡོམས་ཚིག་ཏུ་བཀོད་པ་ཡིན། འདི་ཉིད་རང་གིས་འཇོན་པ་གཅིག་པོས་མིན་པར། འཛིན་སྐྱོང་གི་གཟིགས་སྟངས་ལེགས་པ་དང་། ཆ་རྐྱེན་གྱི་ཡོ་བྱད་བཟང་བ། འཕགས་བོད་ཀྱི་མཁས་ཆེན་མང་བ། དཔེ་མཛོད་ཀྱི་དཔེ་ཚོགས་མང་བ་སོགས།་ཡུལ་དུས་གནས་བབ་གང་ཅི་ནས་ཕུན་སུམ་ཚོགས་པའི་གོ་སྐབས་དམིགས་བསལ་བ་ཞིག་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན།

འདི་ནི་ད་ཕན་དེང་རབས་ཀྱི་དག་ཞིང་དང་ལྷ་ཡུལ་བརྩི་ས་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་དུ་མར་གནས་སྡོད་ཀྱི་གོ་སྐབས་སྔ་ཕྱི་ཡོངས་རྫོགས་བློས་བཏང་གིས། ཚ་བ་དང་དུག་སྦྲང་གིས་བཙེས་པའི་ཡུལ་གྲུ་འདིར་ཨུ་ཚུགས་མཐའ་བསྐྱལ་བྱས་ནས་བསྡད་པའི་གྲུབ་དོན་གྱི་དཔང་རྟགས་ཆུང་ཆུང་ཞིག་ཡིན་ལ། མི་ཡུལ་ས་མཐར་འཁྱམ་པའི་ལྡོམ་པོ་བ་རྒྱལ་ཁབ་དང་ཕ་མ་མེད་པའི་མི་བུ་ཉམ་ཆུང་ཞིག་གིས་རང་གིས་མི་རིགས་ལ་བཞག་པའི་ལེགས་སྐྱེས་ཆུང་ཆུང་ཞིག་ཡིན་དྲན་གྱི་ཡོད། མཐའ་དོན་རྒྱ་ཆེ་ཀློག་པ་པོ་ཚོས་ཚིག་དོན་རེ་རེ་ནས་གཟབ་ནན་ཀྱིས་གཟིགས་ཏེ་ཅིས་ཀྱང་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་རོགས་ཞུ་རྒྱུ་ཡིན། མེས་པོའི་རྣམ་ཤེས་དུར་སར་ཐིམ་པའི་ཤུལ།། བསོད་བདེ་ཁ་གསུབ་ལོག་པའི་མི་རིགས་འདི།། ཇི་ཙམ་གསོན་པོར་བསྡད་མིན་མི་ཤེས་ཀྱང་།། ཇི་སྲིད་བསྡད་པ་དེ་སྲིད་ཕན་པར་སྨོན།། དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་གནས་མཆོག་ཝཱ་ར་ཎཱ་སི་ནས། 2015/3/15/