Talk:སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འབྲུ་འགྲེལ་ཅུང་ཟད་གསལ་བ།

Page contents not supported in other languages.
ཡོང་ཁུངས་Wikipedia

སྨྲྀ་ཏིའི་ལོ་རྒྱུས་ཀྱི་སྤྱི་ཁོག་རགས་བསྡུས།

བེ་རི་འཇིགས་མེད། པཎྜིཏ་སྨྲྀ་ཏིའམ་དྲན་པ་ཡེ་ཤེས་གྲགས་པ་ནི། སྤྱི་ལོ་དུས་རབས་བཅུ་པའི་དུས་དཀྱིལ་(སྤྱི་ལོ་ ༩༧༢ )ཡན་མན་དུ་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བའི་སྲས་སུ་སྐུ་འཁྲུངས། འཕགས་ཡུལ་དུའང་ཆེས་སྙན་གྲགས་ཆེ་བའི་པཎྜི་ཏ་ཆེན་པོ་ཞིག་ཡིན། མཚན་གྱི་རྣམ་གྲངས་ལ། པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པའམ་མཚན་གཞན་སྒྲའི་ཚེར་མ་ཞེས་ཞུ། བསྟན་པ་ཕྱི་དར་སྐབས་རྒྱ་གར་གྱི་པཎྜི་ཏ་བོད་དུ་བྱོན་པ་ཆེས་སྔ་བ་ཡིན་ལ་ལོ་ཙཱ་བ་སྔ་ཤོས་ཤིག་ཀྱང་ཡིན། སྐུ་ན་ཆུང་དུས་ནས་ཤནྟི་པ་དང་པཎ་ཆེན་ནཱ་རོ་ཏ་པ། ཡེ་ཤེས་སྙིང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དུ་མར་བསྟེན་ནས་ཕྱི་ནང་གི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད། སྒྲའི་སློབ་དཔོན་ནོར་གྲགས་པ་ལས་འཕགས་ཡུལ་གྱི་བརྡ་སྤྲོད་པའི་གཞུང་ལུགས་མཐར་ཕྱིར་པ་བསླབ། མཚན་སྙན་ཡོངས་སུ་གྲགས་ཤིང་སློབ་མ་གདུགས་ཐོགས་པ་ཤ་སྟག་ལྔ་བརྒྱ་ཙམ་བྱུང་། རྒྱ་གར་གྱི་མཁས་པ་གཞན་སུས་ཀྱང་མི་ཐུབ་པ་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པའི་མུ་སྟེགས་པ་ཞིག་ཡང་དག་རིགས་པས་ཚར་བཅད། བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། དུས་རབས་བཅུ་པའི་དུས་མཇུག །དགུང་ལོ་སུམ་ཅུ་མ་ཟིན་(༩༩༨ཡན་མན་)ཙམ་ལ་བལ་པོ་པདྨ་རུ་རྩེ་ཟེར་བའི་ལོ་ཙཱ་བ་ཞིག་དང་མཉམ་དུ་སྨྲྀ་ཏི་འདི་ཉིད་དང་པཎྜི་ཏ་ཕྲ་ལ་རིང་པ་གཉིས་བོད་དུ་ཕེབས། ལམ་བར་དུ། ལོ་ཙཱ་བ་ཕོ་ལོག་གི་ན་ཚས་འདས་གྲོངས་སུ་སོང་། པཎྜི་ཏ་གཉིས་ཀས་བོད་སྐད་མི་མཁྱེན་པས། རེ་ཞིག་འཕྲིན་ལས་རྒྱས་པའི་གོ་སྐབས་མ་རྙེད་ནས་གཙང་ཁུལ་དུ་འཁྱམས། སྨྲྀ་ཏིས་གཙང་རྟ་ནག་རྒྱང་མཁར་དུ་དུད་ཚང་ཞིག་གི་ལུག་རྫི་མཛད་ནས་ཡུན་རིང་ཙམ་བཞུགས། དེའི་རིང་ལ་འུར་ཐག་དང་འུར་རྡོ་ཕྱག་ཏུ་བཟུང་། དབུ་སྐྲ་འབྲེག་མཁན་མེད་པས་སྤྱི་བོར་བཅིངས། རབ་བྱུང་གི་ཆས་ཀྱང་མ་རྙེད་པར་སྣམ་བུ་དཀར་པོའི་ལྭ་བ་གྱོན། འཚོ་བ་བཀྲེན་པ་སོགས་དཀའ་སྡུག་ཚད་མེད་མྱངས། སྐབས་དེ་དག་ཏུ། ངུ་དགོས་པ་གསུམ་དང་དགོད་དགོས་པ་གསུམ་གྱིས་མཚན་པའི་སྐྱིད་སྡུག་ཡ་མཚན་ཅན་མང་པོ་མྱོང་དགོས་བྱུང་། སྐབས་ཤིག་ས་གནས་དེ་གའི་ལོ་ཙཱ་བ་ཞིག་མང་ཚོགས་ཀྱིས་ཕན་ཚུན་གདན་ཞུས་དང་ཆོས་འབྲེལ་ཞུ་སར་དུང་དང་རྒྱ་གླིང་སོགས་གཏོང་ནས་སྐྱེ་བོའི་ཚོགས་མང་པོ་འུར་དིར་བ་བྱེད་པ་ཡང་ཡང་གཟིགས་པ་དང་། རང་ཉིད་རྒྱ་གར་ནའང་གྲགས་ཆེ་བའི་པཎྜི་ཏ་ཡིན་བཞིན་དུ་རི་ལ་ལུག་འཚོ་རུ་ཕེབས་དགོས་པའི་གནས་བབ་སྐྱོ་བོ་དེ་དགོངས་ནས་ཐུགས་སེམས་སྐྱོ་བའི་ངང་ནས། རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་རྣམ་སྤངས་ནས། །དྭངས་པའི་ཆུ་ནང་འདི་ན་ཟླ་བ་ཞེས། །དབྱིབས་ལ་མཚན་མར་འཛིན་པ་བྱིས་པའི་བློ། །ཞེས་པའི་བསྡུས་བརྗོད་སྙན་ངག་ཚིགས་བཅད་གཅིག་བྲིས་ཏེ། སྦྱིན་བདག་ཁྱིམ་ཚང་དེའི་སྒོ་ཡི་ཡར་ཐེམ་ལ་སྦྱར་ནས་བཞག། དེ་ཁོང་གི་སློབ་མ་ཡིན་པ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་ཡིག་ངོ་ཤེས་ཏེ་དྲི་བརྩད་བྱས། པཎྜི་ཏ་སྨྲྀ་ཏི་ཡིན་པ་ཤེས་པ་དང་མི་ཚང་དེ་ལ་གསེར་བྱིན་ནས་བསླུས། ན་བཟའ་སོགས་ཕུལ་ཞབས་སྤྱི་བོས་བླངས། རྒྱ་གར་པཎྜི་ཏན་རྣམས་ཀྱི་ནང་ནས་ཁྱད་པར་འཕགས་པ་པཎ་ཆེན་སྨྲྀ་ཏི་ཡིན་པར་ཀུན་ལ་དྲིལ་བསྒྲགས་བྱས་པས་དབུས་སུ་མཚན་སྙན་ཅུང་ཟད་རྒྱས་པའི་སྐབས་དང་བསྟུན་ནས། རྟ་ནག་རྒྱངས་མཁར་དང་ཐང་རམ་རི་ལ་རང་གི་མ་ཡི་སྐྱེ་བ་ཕྱི་མ་ངོས་འཛིན་གནང་སའི་སྡིག་པ་ཞིག་ཤི་བའི་རུས་ཐལ་དང་འཇིམ་པ་ལ་བསྲེས་ཏེ་ས་ཙྪ་བཏབ་པ་དེ་ཉིད་ད་ལྟའི་བར་སྨྲྀ་ཏི་ཕྱག་ཚ་ཞེས་ཧ་ཅང་གྲགས་ཆེ། ཡང་ཁོང་ལུག་རྫིར་ཕེབས་པའི་ཞོར་ལ་འཁྲུངས་ཡུལ་ཞེས་པའི་ས་ཆ་དེར་ཡི་དམ་དཔལ་ཆེན་གྱི་སྐུ་བརྙན་སྐུ་སྨད་བཞེངས་པར་མཛད་པས་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཅན་ཞིག་རང་བྱོན་དུ་འཁྲུངས། གནས་དེར་འཁྲུངས་ཡུལ་ཞེས་ཐོགས་དོན་ཡང་དེ་ལྟར་ཡིན། ཞེས་ཀྱང་གྲགས། མདོར་ན་བུ་སྟོན་ཆོས་འབྱུང་ལས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ། པཎྜི་ཏ་སྨྲྀ་ཏི་དང་ཕྲ་ལ་རིང་བ་བྱ་བ་གཉིས་བལ་བོ་པད་མ་རུ་ཙེ་བྱ་བས་གདན་དྲངས་འོངས་པས། ལོ་ཙྪ་བ་བལ་བོར་ཕོ་ལོག་གིས་ཤི་སྟེ། པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས། དབུས་གཙང་ནས་མར་འཁྱམས་ཏེ། སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད། ཕྱིས་དཔྱལ་སེ་རྩ་བ་བསོད་ནམས་རྒྱལ་མཚན་གྱིས་སྨན་ལུངས་སུ་སྤྱན་དྲངས་ཏེ་ཆོས་ཞུས། ཞེས་འབྱུང་བ་ལྟར་ཡིན། སྐབས་དེར་བསྟན་པ་སྔ་དར་ནུབ་ཅིང་ཕྱི་དར་གྱི་གོ་དོད་པའི་སྐབས་ཡིན་ཡང་དབུས་ལས་ཁམས་སུ་མངོན་པ་དང་། ཤེར་ཕྱིན་གྱི་འགྲོ་དོན་ཆེ་བའི་སྐབས་ཡིན་པས། པཎྜི་ཏ་འདི་ཉིད་ཀྱང་(སྤྱི་ལོ་ ༡༠༡༠ཡན་མན་ལ་) དཔྱལ་ལོ་ཆེན་པོས་གདན་དྲངས་ནས་ཐད་ཀར་ཁམས་སུ་ཕེབས་ཏེ། ཁམས་འདན་ཁོག་ཁྲ་བོ་ལ་བརྒལ་ནས་ཕེབས། གླང་ཐང་སྒྲོལ་མ་ལྷ་ཁང་ཡོད་ས་དེར་བཞུགས་ནས་འགྲོ་དོན་སྐྱོང་། ཐོག་མར་བོད་ཀྱི་བརྡ་ལ་ལེགས་པར་བྱང་པར་བྱས་ཏེ། ཁམས་འདན་ཁོག་ལི་ཆུ་གསེར་ཁབ་ཏུ་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་པའི་བརྡ་སྤྲོད་ཀྱི་གཞུང་གྲགས་ཆེན་པོ་དེ་མཛད་པའི་འཕྲིན་ལས་ད་ལྟའི་བར་དུ་གནས། ཁ་ཅིག་སྨྲ་སྒོའི་འགྲེལ་བ་ཡང་ཁོང་གིས་མཛད་པའི་རང་འགྲེལ་ཡིན་ཟེར། རྩ་འགྲེལ་གཉིས་ཀ་སྡེ་དགེ་བསྟན་འགྱུར་ལས་སྒྲ་མདོ་བསྟན་འགྱུར་གྱི་སྒྲ་མདོ་ཤེ་པར་བཞུགས། གདུལ་བྱ་མང་པོ་ལ་ཆོས་མངོན་པ་གོང་འོག་སོགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། རྒྱ་གཞུང་མང་པོ་རང་འགྱུར་གནང་། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁྲོད་གསང་སྔགས་གསར་སྙིང་གི་དུས་རབས་ཀྱི་དབྱེ་མཚམས་ཡང་འདི་ནས་བྱེད་པའི་སྲོལ་གྲགས་ཆེ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་གླིང་གེ་སར་རྒྱལ་པོ་གཉིས་ལ་ཚེ་དབང་དང་། འབྲོམ་ལ་མངོན་པ་གོང་འོག་དང་སམ་སྐྲྀ་ཏ། རྒྱ་གར་ཕལ་སྐད་སོགས་བསླབ་པས་བླ་སློབ་ཀྱི་འབྲེལ་པ་ཟབ། འདན་ཀློང་ཐང་ནས་རླང་གི་ཨ་མྱེས་འདྲེ་ཁོལ་དང་ཡང་མཇལ་འཕྲོད་ཐོག་རྒྱུན་རིང་མཉམ་གཤིབ་གནང་། ཧོར་གླིང་གཡུལ་འགྱེད་ཚར་རྗེས་གླིང་གེ་སར་མགོ་ན་ནས་སྐུ་མདུན་བཅར་སྐབས་སྨྲྀ་ཏིས་རང་ཉིད་ཀྱིས་བྱས་པའི་ཕྱག་ཚའི་ས་ལྷག་མ་གནང་བས་གླིང་གེ་སར་མགོ་ནད་ནས་ཐར་པ་སོགས་ཀྱི་ལོ་རྒྱུས་འགོང་ཆེ། བཀའ་བསྟན་མང་པོ་རང་འགྱུར་གནང་། འཛོམ་ཉག་ཏུ་མཆོད་རྟེན་དཔལ་གྱི་ལྷུན་པོ་གསར་བཞེངས་དང་ནང་བརྟེན་བཟུངས་འབུལ་རབ་གནས་བཅས་པ་རང་ཉིད་སྐུ་དངོས་ཀྱིས་གནང་བའི་འཕྲིན་ལས་ཀྱི་འཇུག་པ་དུས་འགྱུར་མ་བྱུང་བར་དུ་གནས། མཁས་པ་དང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་བ་དུ་མས་འགྲོ་དོན་རྒྱ་ཆེར་སྐྱོང་། སྐུ་ཚེའི་སྨད་དུ་ལྡན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་མཛད་པ་དང་དྲན་ཐང་ལྷ་ཁང་ཕྱག་བཏབ། བུ་སྟོན་ཆོས་འབྱུང་ལས། ཁམས་སུ་བྱོན་ནས་འདན་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། ཕྱིས་བོད་སྐད་མཁས་པར་གྱུར་ཏེ། གདན་བཞི་དང་འཇམ་དཔལ་གསང་ལྡན་གྱི་སྐོར་དང་། སྔགས་དོན་རྣམ་གཟིགས་ལ་སོགས་པ་རང་འགྱུར་མང་པོ་མཛད། ཞེས་གསུངས། སྐུ་ཚེ་མཐའ་མ་ཁམས་གླང་ཐང་དུ། སྤྱི་ལོ ༡༠༤༤ རྗེས་ལ་སྐུ་ཞི་བར་གཤེགས། རང་ཉིད་ཀྱིས་ཕྱག་བཏབ་པའི་དྲན་ཐང་ལྷ་ཁང་དུ་སློབ་མ་ཚོས་སྐུ་གདུང་ཧྲིལ་པོ་བཞུགས་པའི་གདུང་འབུམ་བདུད་ལས་རྣམ་རྒྱལ་ཞེས་པ་བཞེངས། དེ་ཉིད་དུས་འགྱུར་མ་བྱུང་བར་དུ་བཞུགས།