སྦྱིན་པ།
སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་འབྱེད་དང་པོ་ཡིན་ཏེ། "སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ནི་ཤེས་རབ་སྟེ་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་བཟུང་དགོས་པ་དང་།"[༡] ཞེས་དང་། "སྦྱིན་པ་གཏོང་བ་པོ་ཆེན་པོ་"[༢]ཞེས་གསུངས་པ་ལྟར་རོ། །
མཚན་ཉིད།
[རྩོམ་སྒྲིག]"མ་ཆགས་པའི་སེམས་པའོ། །"[༣]ཞེས་གསུངས་སོ། ། "སྦྱིན་པའི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན་བདོག་པ་ཐམས་ཅད་འབྲས་བུ་དང་བཅས་ཏེ་གཞན་ལ་གཏོང་བའི་སེམས་པའོ། །"[༤]ཞེས་པས་སྦྱིན་པའི་ངོ་བོ་ནི་དངོས་པོ་ཕྱི་ནང་གི་རྫས་དང་དེ་སྦྱིན་པ་ལས་བྱུང་བའི་དགེ་རྩ་ཐམས་ཅད་སེམས་ཅན་རྣམས་ལ་གཏོང་བའི་སེམས་པ་ཡིན་པ་གསལ་བཤད་མཛད། "སེམས་ཉིད་ལས་གཞན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །"[༥]ཞེས་པས་སྦྱིན་པའི་འབྲས་བུ་དང་ཚད་རྫོགས་ཐམས་ཅད་སེམས་ལ་བརྟེན་པ་ཡིན་པ་གསལ་ལོ། །
སྒྲ་བཤད།
[རྩོམ་སྒྲིག]"ད་ན་པ་ར་མི་ཏ་ཞེས་པ་ལ་དབུལ་བ་སེལ་བར་བྱེད་པས་ན་སྦྱིན་པ་ཞེས་བྱའོ། །"[༦]ཞེས་གསུངས་པ་ལྟར་རོ། །
དབྱེ་བ།
[རྩོམ་སྒྲིག]སྦྱིན་པའི་དབྱེ་བ་གསུམ། "སྦྱིན་པ་ཞེས་ཟང་ཟིང་དང་། ཆོས་དང་། མི་འཇིགས་པ་སྐྱབས་ཏེ། སྦྱིན་པ་གསུམ་ཡང༌།"[༧] ཞེས་གསུངས་པ་ལྟར། སྦྱིན་པ་ལ་དབྱེ་ན་གསུམ་སྟེ། ༡། ཟང་ཟིང་གི་སྦྱིན་པ། ༢། ཆོས་ཀྱི་སྦྱིན་པ། ༣། མི་འཇིགས་པའི་སྦྱིན་པའོ། །ཆོས་ཀྱི་སྦྱིན་པའི་ཁྱད་པར། "ཆོས་ཀྱི་སྦྱིན་པ་རབ་སྟེ་བསོད་ནམས་ཆ་མཐུན་གྱི་ལམ་དང་། མཆོག་ཐར་པ་ཆ་མཐུན་གྱི་ལམ་དང་། དམ་པ་ཐེག་པ་མཆོག་གི་ཆོས་སོགས་ལ་སྦྱར་བར་མཛད་པའང་སྣང་མོད།"[༨] ཅེས་གསུངས་སོ། །
སྤྱོད་ཚུལ།
[རྩོམ་སྒྲིག]རིམ་གྱིས་སློབ་པ། "ཐོག་མར་སྦྱིན་པ་ལ་མ་གོམས་པའི་ཚེ་ཟན་ཆང་དང་ཚོད་མ་ལ་སོགས་པ་སྦྱིན་པ་ལའང་འདྲེན་པ་སངས་རྒྱས་ཀྱིས་ཐོག་མར་སྦྱོར་བར་མཛད་ལ་དེ་ལ་དཀའ་བའི་བློ་མེད་པ་གོམས་ནས། ཕྱིས་ནས་ནི་རིམས་ཀྱིས་རང་གི་ཤ་ཡང་གཏོང་བ་ཡིན་པས་སོ། །"[༩]ཞེས་པ་ནི་སྦྱིན་པ་ལ་སློབ་པའི་ཚེ་ཐོག་མར་སྔོ་རྦད་སོགས་དངོས་པོ་ཆུང་ངུ་ལས་འགོ་བཙུགས་ཏེ་རིམ་གྱིས་ཆེན་པོར་གོམས་དགོས་པ་གསལ་བཤད་མཛད། ལུས་ལ་ཟས་གོས་སྦྱིན་ཚུལ། "ལུས་འདི་ལ་ཁ་ན་མ་ཐོ་བ་མེད་པའི་ཟས་གོས་སོགས་འཚོ་བའི་རྐྱེན་ཅིའམ་རྐྱེན་སྨན་གྱི་གླ་རྔན་ཙམ་བྱིན་ནས་ནི་ད་ནི་ཡིད་ཁྱོད་ཀྱིས་མྱུར་དུ་རང་གི་དོན་ཏེ་གཞན་དོན་དུ་བསོད་ནམས་དགེ་བའི་ལས་བྱེད་དུ་ཆུག་ཅིག"[༡༠] ཞེས་པས་ལུས་འདི་ལ་བྲན་གཡོག་ལ་གླ་རྔན་སྦྱིན་པ་ལྟར་འཚོ་རྐྱེན་ཙམ་སྦྱིན་ནས་ཆོས་ཀྱི་ལས་བསོད་ནམས་ཀྱི་གསོག་ཏུ་འཇུག་དགོས་པར་གསལ་ལོ། །
སྦྱིན་པའི་ཁྱད་ཆོས།
[རྩོམ་སྒྲིག]ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ། "བདག་མེད་ཀྱི་ཤེས་རབ་ཀྱི་བྱིན་ན། ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། དྲུག་ལྡན་དུ་ཉམས་སུ་བླང་ངོ་། །"[༡༡]ཞེས་གསུངས་སོ། །སྙིང་རྗེས་ཟིན་པའི་སྦྱིན་པ། "བྱང་ཆུབ་སེམས་དཔའ་མཁས་པ་བློ་གསལ་བ་དེས་ནི་སྦྱིན་པ་ཐ་ན་ཟས་ཁམ་གཅིག་ཙམ་སྦྱིན་པ་ན་ཡང་སྙིང་རྗེའི་བསམ་པ་སྔོན་དུ་འགྲོ་བའི་སྒོ་ནས་འདི་ལྟར་སྲིད་པ་གསུམ་གྱི་རིས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཀུན་ལ་ཁ་ན་མ་ཐོ་མེད་པའི་འབྱོར་བ་དང་ཐེག་པ་གསུམ་ལ་ཞུགས་པ་ཐམས་ཅད་ཀྱི་འབྲས་བུ་གྲུབ་པ་དང་། ཀུན་ཀྱང་བླ་ན་མེད་པ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱེད་པ་དེ་ལྟ་བུར་སྦྱིན་པ་འདི་བྱིན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་པ་བྱིན་པར་བྱེད་པ་ཡིན་ལ།"[༡༢] ཞེས་གསུངས་སོ། །དམིགས་པ་མེད་པའི་སྦྱིན་པ། "དེ་ལྟར་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ནས་སྦྱིན་རྒྱུའི་རྫས་དང་དེའི་ལན་གྱི་དངོས་པོ་ལ་རེ་ཞིང་ཆགས་པའམ་མཚན་མར་ཞེན་པའི་ཚུལ་གྱིས་བློ་གནས་པར་བྱེད་པ་མེད་ལ།དེར་མ་ཟད་བྱང་སེམས་དེ་ནི་ནམ་དུའང་སྦྱིན་པ་དེའི་རྣམ་པར་སྨིན་པ་ལ་བདག་གིར་འགྱུར་རོ་སྙམ་དུ་རེ་བ་མེད་དེ་དངོས་པོ་རྣམ་པར་སྨིན་པ་དང་བཅས་པ་ལ་མ་ཆགས་པར་སེམས་ཅན་རྣམས་ཀྱི་དོན་དུ་གཏོང་བའི་ཕྱིར་རོ། །"[༡༣]ཞེས་གསུངས་སོ། །
སྦྱིན་པའི་ཕན་ཡོན།
[རྩོམ་སྒྲིག]དབུལ་བ་སེལ་བ། "གཞན་ཡང་སེམས་ཅན་རྒྱུད་ཡོངས་སུ་དག་པ་གང་ལ་ལ་ཞིག་དེ་ལྟར་རློམ་སེམས་མེད་པའི་ཚུལ་ཁྲིམས་དང་ལྡན་པ་དང༌། བཏང་ཡུལ་ཡིད་དུ་སྡུག་པ་དང་མི་སྡུག་པ་ཀུན་ལ་ཆགས་སྡང་དུ་བལྟ་བ་མེད།"[༡༤] ཅེས་དང་། "བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་མ་བཏང་བས་སེམས་ཅན་ཡི་དྭགས་དང་འབུལ་པོ་འབྱུང་བར་ཤེས་ནས། སྙིང་རྗེས་འཛིན་པས་བསམ་པ་སྦྱིན་པ་གཏོང་བ་ལ་མོས་པར་འགྱུར་ཞིང་སྦྱོར་བ་རྟག་ཏུ་ཕངས་པ་མེད་པར་ལྷག་པར་གཏོང་ལ།"[༡༥] ཞེས་གསུངས་སོ། །བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ། "སྦྱིན་པ་བྱིན་ནས་རྫས་ཀྱི་དངོས་པོ་ལ་གནས་ཤིང་ཆགས་པར་བྱེད་པ་མེད་ལ། བྱང་ཆུབ་སེམས་དཔའ་དེ་ནི་དུས་ནམ་དུ་ཡང་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་ཚུལ། དེ་ལྟར་སྦྱིན་པ་གཏོང་བ་ལ་མཁས་པ་ཐམས་ཅད་རྒྱུ་འབྲས་ལ་ཆགས་པ་དང་རེ་བ་མེད་པར་གཏོང་བ་སྟེ། བསམ་པའི་སྟོབས་ཆེ་བས་རྒྱུ་ཆུང་ངུས་བཏང་བ་ལ་ཡང་འབྲས་བུ་བཟང་ཞིང་མང་པོ་དཔག་ཏུ་མེད་པ་འགྱུར་ལ།"[༡༦] ཞེས་གསུངས་སོ། །སྦྱིན་པ་གཏོང་བའི་ཕན་ཡོན། "བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །"[༡༧]ཅེས་དང་། "མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ༷་དག༷་ལམ་དེས་རྣམ་འདྲེན་རྒྱལ༷་བའི༷་ཡོན༷་ཏན༷་ཐོབ༷་པར་གྱུར༷་ནས༷་"[༡༨]ཞེས་གསུངས་སོ། །
ཆེ་ཆུང་གི་དབྱེ་བ།
[རྩོམ་སྒྲིག]ཕར་ཕྱིན་གྱི་གོ་རིམ། "སྦྱིན་པ་ལྟ་བུ་དམན་པའམ་ཆུང་ངུའི་ཕྱིར་ན་ཚུལ་ཁྲིམས་ལྟ་བུ་མཆོག་ཏུ་གྱུར་པའམ་ཆེ་བ་མི་གཏང་བ་"[༡༩]ཞེས་པས་ཕར་ཕྱིན་ནང་ནས་སྦྱིན་པ་ཆེ་ཆུང་ངོ་ནས་ཆུང་ཡང་ཚུལ་ཁྲིམས་ལྟ་བུ་གོང་མ་དོར་མི་དགོས་པ་གསལ་བཤད་མཛད། "གཙོ་ཆེར་གཞན་གྱི་དོན་གང་བསམ་ཞིང་གང་ཆེ་བ་དེ་ལ་བརྩམ་མོ་"[༢༠]ཞེས་པས་གཞན་སེམས་ཅན་གྱི་ཕན་བདེ་ལ་ཕན་ཐོགས་ཆེ་བ་གང་ཡིན་པ་དེ་གཙོ་བོར་བྱ་དགོས་པར་བསྟན་ཏོ། །
སྦྱིན་པ་མ་བཏང་བའི་ཉེས་དམིགས།
[རྩོམ་སྒྲིག]"ཤེས་རབ་མེད་པ་བདག་ཏུ་བདེན་པར་འདུ་ཤེས་པ་རྣམས་ནི་ལུས་དང་ལོངས་སྤྱོད་ཀྱི་དངོས་པོ་ལ་བདག་གི་བར་འཛིན་པས་ཆགས་པ་དེས་ན། དེ་ཁོ་ན་ཉིད་མི་ཤེས་པའི་བླུན་པོ་རྣམས་ལ་སྦྱིན་པ་གཏོང་བའི་བློ་ལྟ་ག་ལ་ཡོད་དེ་མེད་དོ། །དེ་ལྟར་མི་གཏོང་བའི་སེར་སྣ་ཅན་རྣམས་ནི་རྣམ་པར་སྨིན་པའི་འབྲས་བུ་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ནས་ཐོན་ནས་མིར་སྐྱེས་ན་ཡང་དེའི་ཚེ་རྒྱུ་མཐུན་གྱི་འབྲས་བུས་དབུལ་པོར་འགྱུར་རོ། །"[༢༡]ཞེས་གསུངས་སོ། ། དམ་བཅས་ནས་མ་སྦྱིན་པ། "ཅུང་ཟད་ཙམ་ཞིག་བསམས་པ་ལས་མ་བྱིན་ན། ཡི་དྭགས་ཀྱི་འགྲོ་བར་སྐྱེ་ལ་དམ་བཅས་པ་ལ་མ་བྱིན་ན། སེམས་ཅན་དམྱལ་བའི་འགྲོ་བར་འགྱུར་རོ་"[༢༢]ཞེས་པས་དངོས་པོ་ཅུང་ཟད་ཙམ་ལའང་སྦྱིན་པར་བསམས་ནས་མ་སྦྱིན་ན་ཡི་དྭགས་སུ་སྐྱེ་ལ། སྔར་ཁ་ནས་དམ་བཅས་ནས་མ་སྦྱིན་ན་དམྱལ་བར་སྐྱེ་བའི་ཉེས་པ་ཡོད་པ་གསལ་བཤད་མཛད།
ལུང་ཁུངས་
[རྩོམ་སྒྲིག]- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༢༥b།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༩a
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༡༥།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༡༥།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༤༤།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༩༣b།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་༤༤།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༠༦b།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༡༠༧a།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༡༣༨།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་༡༣༩།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༡༤༠-༡༤༡།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༥།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༨༩a།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ ༡༣༩།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།