ལྷ་སྲས་གཙང་མ་

ཡོང་ཁུངས་Wikipedia

རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་སྲས་འབྲིང་བའམ་རྒན་པ། འདི་ཉིད་ནི་བོད་ཀྱི་བཙན་པོའི་གདུང་རབས་ནང་ནས་རབ་ཏུ་བྱུང་བ་དང་པོ་ཡིན། ཆོས་འབྱུང་འགའ་ཞིག་ནང་རྒྱལ་པོ་ཁྲི་རལ་པ་ཅན་བཀྲོངས་རྗེས་ཆོས་ལ་མི་དགའ་བའི་བློན་པོ་དབས་སྟག་རྣ་ཅན་ལ་སོགས་པས་ངན་སྐུལ་བྱས་པ་བརྒྱུད། རྒཡལ་པོ་གླང་དར་མས་ལྷ་སྲས་གཙང་མ་མོན་དུ་སྤྱུགས། འདི་ཉིད་ལྷོ་བྲག་ཁོམ་ཐིང་གི་བར་དུ་བྱོན། དེར་སྣ་ནམ་བཟའ་མང་པོ་རྗེས་དུག་ཕུལ་ནས་བཀྲོངས་ཞེས་པ་དང། ཆོས་འབྱུང་ལ་ལར་ཐོག་མ་ལྷོ་བྲག་ཁོམ་ཐིང་དུ་བྱོན། ཞིག་རས་ཐམས་ཅད་གསོལ། གཏེར་ཚན་གཅིག་སྦས། དེ་ནས་སྤ་གྲོེ་བྱོན། སྐྱེར་ཆུའི་ལྷ་ཁང་རྙིང་པ་གསོལ། གསར་པ་བརྩིགས། ཡབ་མེས་ཀྱི་བླ་དཔེ་དང་ཁྲིམས་ཀྱི་ཡིག་ཚང་སོགས་ཚན་ཆེ་བ་གཅིག་སྦས། སྟག་ཚང་དང་སེང་གི་ཕུག་ཏུ་གཏེར་ཁ་མང་དུ་སྦས། སྤྱལ་ཀར་བརྒྱ་རྩ་བརྒྱད་སྦས། གཏེར་ཕྲན་མང་དུ་སྦས། དེ་ནས་ལྷ་སྲས་གཙང་མ་ལ་སྤྱན་འདྲེན་མི་མེད་པས་ཐུགས་མུག་སྟེ་བསམ་ཡས་ཀེ་ཚང་གི་བླ་དཔེ་ཟབ་མོ་རྣམས་སྤྱན་དྲངས་ཏེ་སྤྱལ་ཀའི་བྲག་ལ་སྦས། ལྷ་སྲས་ཇིད་དེར་སྐུ་གཤེགས་ཏེ་ཡང་བསེ་སྒྲོམ་དུ་བཅུག་ནས་བྲག་ལ་སྦས་ཞེས་གསལ་ནའང། ལྷ་སྲས་གཙང་མ་རང་གི་དབོན་རྒྱུད་ཀྱིས་བརྩམས་པའི་མོན་ཡུལ་གྱི་ལོ་རྒྱུས་ནང། ལྷ་སྲས་གཙང་མ་མོན་དུ་སྤྱུགས་པའི་སྐོར་ལ་འདི་ལྟར་གསལ་བ་སྟེ། འདི་ཉིད་མོན་སྤ་གྲོ་གནམ་ཐང་སོགས་བརྒྱུད་ནས་རིམ་བཞིན་ཕེབས་པའི་མཐར་མི་ཟིན་པའི་ས་ཆར་འབྱོར། རྒྱལ་པོའི་བཙུན་མོ་དཔལ་གྱི་ངང་ཚུལ་མ་དང་ལྐོག་ཏུ་ཉལ་བཤམས་སོ་ཞེས་རྒཡལ་པོའི་སྙན་དུ་གསོལ་བས། ཁྲིམས་ལ་སྦྱོར་ཞིག་ཅེས་གསུངས་པ་ན། བཙུན་མོ་ངང་ཚུལ་མ་ཤིནཏུ་སྡུག་བསྔལ་ཏེ་རང་སྲོག་ལྕེབས་པ་དང། བློན་ཆེན་པོ་བྲན་ཀ་དཔལ་ཡོན་གྱིས་ཁོ་རང་བསད་ན་རྒཡལ་པོ་བཀྲོངས་ཀྱི་དོགས་ནས་བྱང་དུ་བྲོས། མཐར་བྱང་ཐང་དུ་བཀུམ་ནས་དམར་གདུང་སྙེ་ཐང་རྒྱ་གྲོང་ན་ཡོད་ཅེས་གྲགས། གཞན་ཡང་ལོ་རྒྱུས་ཡིག་ཚག་དུ་བློན་ཆེན་པོ་བྲན་ཀ་དཔལ་ཡོན་ཉེས་མེད་དུ་བསད་རྐྱེན་མཐར་གནོད་སྦྱིན་དུ་སྐྱེས་ནས་བོད་སིལ་བུའུ་སྐབས་ཁེང་ལོག་གི་ངན་སྐུལ་བྱེད་མཁན་ཡིན་པའི་གཏམ་རྒྱུད་ཀྱང་མི་ཉུང་བ་ཞིག་ཡོད།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།