ལྷ་ཀླུ་དགའ་ཚལ་

ཡོང་ཁུངས་Wikipedia

ཕོ་བྲང་པོ་ཏ་ལ་ནས་བྱང་དུ་ལེ་དབར་གཉིས་ཀྱི་ཐང་དཀྱིལ་དུ་ཆགས་པའི་ལྷ་ཀླུ་དགའ་ཚལ་ནི་གནའ་དུས་སུ་ནེའུ་གསིང་མེ་་ཏོག་གིས་བརྒྱན་པའི་སྟེང་དུ་རང་བྱུང་གི་ནགས་ཚལ་རབ་དུ་རྒྱས་པ། མཚེའུ་ཆེ་ཆུང་དུ་མ་བཅས་ཀྱིས་མཛེས་པའི་ཡུལ་ལྗོངས་ཤིག་ཡིན་སྟབས་མི་ཚོས་ལྷ་དང། ཀླུའི་བུ་དང་བུ་མོ་སྤྲོ་གསེང་བྱ་ཡུལ་དགའ་བའི་ཚལ་ཞིག་རེད་ཅེས་བརྗོད་སྲོལ་ལ་གཞིགས་ཏེ་ལྷ་ཀླུ་དགའ་ཚལ་ཞེས་ཐོགས། པུ་རྒྱལ་བཙན་པོ་མང་སྲོང་གི་དུས་ཙམ་ནས་བཟུང་ཁུལ་དེར་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་སུ་ཆོས་སྲིད་ཀྱི་མཛད་དབར་དུ་སྤྲོ་གསེང་ལ་ཕེབས་པ་དང། མཛེས་ལྗོངས་ཀྱི་དབུས་སུ་གནས་པའི་མཚེའུའི་སྟེང་དུ་ཕོ་བྲང་ཐོག་བརྩེགས་གསུམ་ལྡན་ཞིག་གསར་སྐྲུན་མཛད་དེ་སྐུ་འཁོར་ཉུང་ཙམ་དང་བཅས་སྤྲོ་གསེང་ལ་ཡང་ཡང་ཕེབས་པས་སྐབས་དེར།ལྷ་ས་ལྷ་ས་སྐྱིད་པ། དེ་ལས་ལྷ་ཀླུ་སྐྱིད་པ། ལྷ་ས་ལྷ་ཀླུའི་བར་ལ། རྫོང་རྒྱབ་ཀླུ་ཁང་སྐྱིད་པ། ཞེས་དམངས་གཞས་ཀྱང་བྱུང་སྐད། ལྷ་བཟང་ཁང་གིས་བོད་ཀྱི་སྲིད་དབང་བཟུང་རྗེས་ཏཱ་ལའི་བླ་མ་ཚངས་དབྱངས་རྒྱ་མཚོ་ནས་ཕབ་སྟེ་སྐུ་འཁོར་ཁ་ཤས་དང་བཅས་ལྷ་ཀླུར་བཞུགས་སུ་བཅུག། རབ་བྱུང་བཅུ་གསུམ་པའི་ཆུ་རྟ་(༡༧༦༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་གསེར་ཁྲི་མངའ་གསོལ་ཞུས་རྗེས་ཡབ་ཡུམ་སྐུ་མཆེད་རྣམས་ཀྱི་བཞུགས་གནས་དེ་ལྷ་ཀླུ་དགའ་ཚལ་གྱི་ཕོ་བྲང་གི་ཤར་ངོས་སུ་ཡོད་པའི་ཞིས་ཁང་ཞེས་འགོ་པའི་སྡོད་ཁང་ཆུང་ཆུང་ཞིག་ཡོད་པ་དེ་བཤིགས་ནས་ཡབ་གཞིས་གསར་རྒྱག་བྱས་པརཡབ་གཞིས་ལྷ་ཀླུ་ཞེས་མིང་ཆགས། རབ་བྱུང་བཅུ་བཞི་པའི་མེ་འབྲུག་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་གསེར་ཁྲི་མངའ་གསོལ་ཞུས་རྗེས་དེའི་ཡབ་གཞིས་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས་དང་བསྒྲིལ་བས་ཡབ་གཞིས་གཉིས་ཡིན་འདུག།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།