ལོ་དུས་སུ་མཆོད་པ་

ཡོང་ཁུངས་Wikipedia

(ལོ་མཆོད)རང་གི་ཕ་མ་ཉེ་འབྲེལ་དང་དགེ་རྒན། བླ་མ་སོགས་སྐུ་འདས་ནས་ལོ་གཅིག་འཁོར་བའི་དུས་ཀྱི་མཆོད་པ་ལ་ཟེར། སྔར་བཙན་པོ་རིམ་བྱོན་གྱི་སྐབས་ཤུལ་དུ་ལུས་པའི་རྒྱལ་བློན་རྣམས་ཀྱིས་རང་གི་ཕ་མ་ཉེ་འབྲེལ་སོགས་འདས་རྗེས་བང་སོ་བརྩིགས་ཏེ། དེའི་ནང་དུ་འདས་པོའི་རྒྱུ་ནོར་ཟས་གོས་སོགས་ཀྱི་སྐལ་བ་བཞག བཙན་པོ་རང་ཉིད་ཀྱི་རྩིས་ཆེ་བའི་བློན་པོ་དང་། ཞབས་འབྲིང་འགའ་ཞིག་བང་སོ་སྲུང་མཁན་དུ་སྡོད་དགོས་པ་དང་། རྒྱལ་རྒྱུད་གསོན་པོ་རྣམས་དང་ཐུག་ཕྲད་བྱེད་མི་ཆོག་པ། ལོ་རྗེས་མའི་ལོ་མཆོད་འབུལ་མཁན་ཡོང་སྐབས་ཐག་རིང་པོ་ནས་དུ་བ་དང་དུང་བརྡ་བཏང་བ་དང་དུར་སྲུང་རྣམས་མི་གཞན་གྱིས་མི་མཐོང་བའི་སར་གབ་དགོས། དེའི་ཤུལ་དུ་རྒྱལ་བློན་འཚོ་སྡོད་རྣམས་ཀྱིས་ཟས་གོས། ནོར་ཕྱུགས། དངོས་རིགས་སོགས་བང་སོའི་མདུན་དུ་ཕུལ་ནས་ལོ་མཆོད་མྱ་ངན་ཞུས་ཟིན་པ་དང་། སླར་ཡང་དུ་བ་བཏང་སྟེ་ཕྱིར་ལོག་རྗེས་དུར་སྲུང་རྣམས་ཀྱིས་ལོ་མཆོད་དངོས་པོ་རྣམས་ལོངས་སྤྱོད་ཆོག་པའི་གནས་ཚུལ་སྐོར་《བཀའ་ཐང་སྡེ་ལྔ》ནང་གསལ་ཞིང་། བོད་དུ་ཕ་མ་ཉེ་འབྲེལ་དང་། རང་གི་དགེ་རྒན། བླ་མ་བཅས་སྐུ་གཤེགས་པའི་ཟླ་ཚེས་སེམས་ལ་བཟུང་ནས་ལོ་མཆོད་རྟག་པར་འབུལ་བའི་སྲོལ་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།