ལམ་རྗེས་ཤེས་

ཡོང་ཁུངས་Wikipedia

ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་ཡ་གྱལ་ཞིག ལམ་རྗེས་སུ་རྟོགས་པའི་ཤེས་པ་སྟེ། ལམ་རྗེས་བཟོད་ཀྱི་མཇུག་ཐོག་དེ་མ་ཐག་ཏུ་ཁམས་གོང་མ་གཉིས་ཀྱི་ལམ་བདེན་ལ་དམིགས་པའི་བདག་མེད་རྟོགས་པའི་སྒོམ་ལམ་རྣམ་གྲོལ་ལམ་གྱི་ཡེ་ཤེས་སོ།། ལམ་རྗེས་ཤེས་རང་རྒྱུད་ལ་འཐོབ་ན་ཁམས་གསུམ་གྱི་བདག་འཛིན་ཀུན་བཏགས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ལས་དང་སྤངས་ཟིན་པ་ཡིན། ཤེས་བཟོད་སྐད་ཅིག་མ་བཅོ་དྲུག་ལས་དང་པོ་སྡུག་བསྔལ་ཆོས་བཟོད་ནས་བཅོ་ལྔ་པ་ལམ་རྗེས་བཟོད་བར་གྱི་སྐད་ཅིག་མ་བཅོ་ལྔ་ནི་མཐོང་ལམ་ཡིན་ཏེ་བདེན་པ་སྔར་མ་མཐོང་བ་མངོན་སུམ་དུ་མཐོང་བའི་ཕྱིར། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་ཡིན་ཏེ། སྔ་མ་རྣམས་ཀྱིས་མཐོང་ཟིན་པའི་བདེན་པ་ལ་དམིགས་ནས་ལམ་གོམས་པར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་མཛོད་ལས། བཟོད་དང་ཤེས་ལ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་གསུངས་པ་ལྟར་རོ།།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།