རྭ་སྒྲེང་སྐུ་ཕྲེང་གསུམ་པ་དང་བཤད་སྒྲ་བར་མ་མཐུན་པའི་སྐོར།

ཡོང་ཁུངས་Wikipedia

བོད་རབ་བྱུང་བཅུ་བཞི་པའི་ཤིང་ཡོས(༡༨༥༥)ལོ་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་ཏྭ་ལའི་བླ་མ་སྐུ་ཕྲིང་བཅུ་གཅིག་པ་དགུང་གྲངས་བཅོ་བརྒྱད་ཐོག་སྐུ་གཤེགས་ཤིང་། ཚེས་ཉེར་དྲུག་ཉིན་རྭ་སྒྲེང་སྐུ་ཕྲེང་གསུམ་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ཀྱིས་སླར་ཡང་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལོ་ཤས་སོང་རིང་སྲིད་སྐྱོང་སྐུ་བཅར་ཁ་ཤས་ཀྱི་གཤམ་འོག་མི་སྣ་འགའ་ཞིག་གི་ཞུ་བརྒྱུད་ཉན་ནས་སྲིད་ཐམ་བཀའ་གཏན་དང་ལག་འཁྱེར་མང་པོ་བཏང་བར་བརྟེན་བཀའ་བློན་བཤད་སྒྲ྄་དབང་ཕྱུག་རྒྱལ་པོ་སོགས་བཀའ་བློན་ཚོ་གྲོས་བསྡུར་གྱིས་སླད་ནས་སྲིད་སྐྱོང་ལ་ཐམ་འཛིན་ཞབས་ཞུ་བཀའ་བློན་ཞིག་བསྐོ་འཛུགས་གནང་དགོས་ཀྱི་སྙན་སེང་ལ་རྭ་སྒྲིང་སྲིད་སྐྱོང་ནས་ཆོག་མཆན་གནང་བ་ལྟར་བཤད་སྒྲ་དབང་ཕྱུག་རྒྱལ་པོར་ཐམ་འཛིན་ཞབས་ཞུའི་མིང་ཐོག་ནས་ཐམ་ག་གང་བྱུང་དུ་རྒྱག་རྒྱུར་ཚོད་འཛིན་བྱུང་སྟབས་སྲིད་སྐྱོང་གི་སྐུ་བཅར་ཕྱོགས་ལྷུང་ཅན་ཚོར་རང་ཕྱོགས་འཐེན་ཐབས་མ་བྱུང་རྐྱེན་ཁོང་ཚོས་བཀའ་བློན་སྲིད་སྐྱོང་གི་ཐམ་གར་ཚོད་འཛིན་བྱེད་པ་དེ་དོན་དུ་སྲིད་སྐྱོང་གི་དབང་ཆ་འཕྲོག་པ་ཡིན་ཚུལ་སྲིད་སྐྱོང་ལ་ཕྲ་མ་ཞུས་པར་རྭ་སྒྲིང་སྲིད་སྐྱོང་ནས་ཡིད་ཆེས་ཀྱི་དོན་ཆུང་ཞིག་ལ་ཁག་བཏགས་ཏེ་བཤད་སྒྲ་བཀའ་བློན་ལས་ཞབས་ཆགས་གཅིག་གནས་འབྱུང(གོང་གནས་ཕབ་པ་མ་ཟད། གཞུང་ཞབས་ཀྱི་གྲལ་ནས་ཕྱིར་འབུད་བྱས་པ)ཐོག རང་གཞིས་སྙེ་མོ་བྱ་ཀོར་ཚུལ་མཐུན་ངང་སྡོད་པ་ལས་གང་བྱུང་འགྲོ་བསྐྱོད་མི་མཆོག་པའི་བཀའ་བཅད་བཏང་། བཤད་སྒྲ་དབང་ཕྱུག་རྒྱལ་པོ་སྙེ་མོར་སྡོད་སྐབས་གོར་ཥ་རྒྱལ་ཁང་བློན་ཆེན་ཛང་ག་སྦ་ཐུར་ཞེས་པར་འཚམས་འདྲིའི་ཡི་གེ་བཏང་བར་ལན་འདེབས་ཀྱི་ཟིན་བྲིས་དེ་ལྕམ་དང་ཕྱག་མཛོད་ཁ་མཐུན་གྱིས་བཤད་སྒྲ་དབང་ཕྱུག་རྒྱལ་པོས་གོར་ཥ་དང་འབྲེལ་བ་བྱེད་ཚུལ་སོགས་རྭ་སྒྲེང་ལ་སྙན་སེང་ཞུས་སྟབས་བཤད་སྒྲར་མི་དགའ་བའི་ཕྱོགས་གཏོགས་ཚོས་གོ་སྐབས་དང་བསྟུན་ནས་རྩ་མེད་བཟོ་ཆེད་ཐོན་པ་མདའ་དཔོན་ལ་ནང་མའི་བཀོད་མངགས་བཅས་དཔོན་དམག་ཧྲག་བསྡུས་སྙེ་མོར་མངགས་གཏོས་བྱས་པ་བཤད་སྒྲ་གཞིས་སུ་འབྱོར་སྐབས་བཀའ་ཟུར་བཤད་སྒྲ་བས་རང་ཉིད་ནས་སྔ་ཕྱིར་གཞུང་དོན་རིམ་པ་བསྒྲུབས་ནས་ལས་ཚན་ཐེག་པ་རིམ་འཛེགས་ཀྱིས་བཀའ་བློན་བར་བྱས་ཚུལ་དང་། ད་ལྟ་མ་ཉེས་ཁག་གཡོག་བྱུང་ལུགས་སོགས་རྒྱས་བཤད་བྱས་རྗེས་ད་ཆ་ཁྱེད་ནས་གསོད་རྡུང་གང་རུང་རྐྱང་བྱེད་དགོས་ཞེས་བརྗོད་པས་ཐོན་པ་མདའ་དཔོན་གྱི་བསམ་པར་གལ་ཏེ་མ་ཉེས་ཁག་གཡོག་བྱུང་བ་ཡིན་ན་གསོད་ཐལ་བྱེད་མི་རུང་སྙམ་སྟེ་ཐོན་པ་རང་ཁོངས་རྒྱལ་བྱེད་དགོན་པའི་ལས་སྣེར་རྩིས་སྤྲོད་དམ་དྲག་ཐོག་ཕྱི་གྱར་གསང་བ་དགོས་པའི་བཀོད་ཁྱབ་ནན་ཏན་བཅས་རྒྱལ་བྱེད་དགོན་པར་བཅུག དེ་སྐབས་ལྷ་སར་འབྲས་སྤུངས་དགོན་པའི་རྒྱས་པ་མཁན་པོ་ཞིག་ལ་རི་གྲྭའི་གཏོང་སྒོ་འཁེལ་ཞིང་། དེ་ལོ་ལོ་ཉེས་བྱུང་བའི་རྐྱེན་གྱིས་གཏོང་སྒོ་འཆར་ཅན་གཏོང་ཐུབ་མིན་ལ་སྔར་ལམ་གྱི་གཏོང་སྒོ་ཆག་ཡང་ཡོང་བའི་སྙན་ཞུར་སྲིད་སྐྱོང་ནས་བཀའ་འཁྲོལ་གནང་སྟབས་འབྲས་སྤུངས་དགོན་གྱི་གྲྭ་པ་ཁག་ཅིག་སྲིད་སྐྱོང་བཞུགས་གནས་བཞི་སྡེ་དགོན་པའི་རྭ་སྒྲེང་བླ་བྲང་དུ་གཏོང་སྒོ་ཆག་ཡང་གནང་ན་གྲྭ་དམངས་ཀྱི་འཚོ་བར་གནོད་ལུགས་ཞུ་བཅར་ལ་རྭ་སྒྲེང་བླ་བྲང་གི་འཁོར་གཡོག་ནས་གྲྭ་པར་ཉེས་བརྡུང་བཏང་ནས་གྲྭ་པ་ཁ་ཤས་ལ་རྨས་སྐྱོན་བྱུང་བ་སོགས་ཀྱི་འབྲས་སྤུངས་གྲྭ་དམངས་དང་། རྭ་སྒྲེང་བླ་བྲང་བར་འཁོན་འགྲས་ཆེ་ཙམ་བྱུང་། བཀའ་བློན་བཤད་སྒྲ་གནས་དབྱུང་བཏང་བ་དང་། ཐོན་པ་མདའ་དཔོན་སྙེ་མོར་ཕྱིན་རྗེས་བཤད་སྒྲ་གར་སོང་མེད་པ་ཆགས་པ་སོགས་ཀྱི་རྐྱེན་བཤད་སྒྲའི་རྒྱབ་རྩར་དགའ་ལྡན་པ་ལངས་ནས་དགའ་ལྡན་པའི་གྲྭ་པ་གཅིག་གིས་གནས་སྐོར་བར་བརྫུས་ནས་ཉམས་ཞིབ་བྱས་མཐར་བཤད་སྒྲ་བ་རྒྱལ་གཅེས་དགོན་པར་ཡོད་པ་ཤེས་པ་མ་ཟད། སྣ་རུའི་ནང་ཡི་གེ་བཅུག་སྟེ་གཏོང་ལེན་བྱས་འབྲེལ་བའང་བྱུང་། དགའ་ལྡན་པས་འབྲས་སྤུངས་དང་། རྭ་སྒྲེང་བླ་བྲང་དང་འགལ་བ་ཆེ་བའི་གཞུང་ཞབས་ཁག་གཅིག་དང་འབྲེལ་བ་བྱས་ཏེ་དགའ་འབྲས་དྲུང་སྤྱི(དྲུང་སྤྱི་ཞེས་པ་ནི་རྩེ་དྲུང་དང་། ཤོད་དྲུང་སྤྱི་པར་ཟེར་བ་ཡིན)ཞེས་པའི་ཚོགས་པ་བཙུགས་ཐོག་དགའ་ལྡན་པའི་གྲྭ་ཤར་ཁ་ཤས་ཀྱིས་སྙེ་མོ་རྒྱལ་བྱེད་དགོན་པ་ནས་བཤད་སྒྲ་འཕྲོག་སྟེ་ལྷ་སའི་ཉེ་འདབས་སུ་འབྱོར་སྐབས་འབྲས་སྤུངས་པའི་སྲུང་དམག་བཅས་ལྷ་སར་ཡོང་བ་དང་། ཐོག་མར་བཤད་སྒྲ་གླེང་གར་བསྡད་ཀྱང་དེ་རྗེས་གཙུག་ལག་ཁང་གི་བླ་བྲང་སྟེང་དུ་སྤོས་ནས་བཀའ་བློན་བཤད་སྒྲ་བས་གཙོ་བོ་བྱས་པའི་དགའ་འབྲས་དྲུང་སྤྱིའི་ཚོགས་པས་རྭ་སྒྲེང་བླ་བྲང་དང་ཁ་གཏད་ཅོག་རྩིས་བྱས་ཀྱང་རྭ་སྒྲེང་བླ་བྲང་གི་མཐར་ཆུ་ཡུར་བྲུས་ཐོག་སེར་བྱེས་གྲྭ་ཚང་ནས་བསྐོང་པའི་སྲུང་བྱ་བསྡད། དེའི་མཐར་དགའ་འབྲས་དྲུང་སྤྱིའི་དམག་གིས་བསྐོར། ཉིན་ཞིག་ཕོ་བྲང་པོ་ཏ་ལའི་གཤམ་གྱི་ཤར་ཕྱོགས་རི་འདབ་མཁར་སྣ་གདོང་ནས་དགའ་འབྲས་དྲུང་སྤྱིའི་དམག་མིས་རྭ་སྒྲེང་བླ་བྲང་ཁ་ཕྱོགས་ཏེ་མེ་མདའ་ཁ་ཤས་བརྒྱབ་པར་རྭ་སྒྲེང་བླ་བྲང་ལ་ཁ་ཕྱོགས་ནས་མེ་ལན་སློག་སྐབས་བཤད་སྒྲའི་ཕྱོགས་ནས་རྭ་སྒྲེང་སྲིད་སྐྱོང་གིས་ཕོ་བྲང་པོ་ཏ་ལར་མེ་མདའ་རྒྱག་གི་འདུག་ཅེས་བཤད་ནས་མེ་མདའ་རྒྱག་རེས་བྱས། སྲིད་སྐྱོང་རྭ་སྒྲེང་སྐུ་འཁོར་ཉུང་ཤས་བཅས་སྲིད་དམ་བསྣམས་ཏེ་ནང་སར་བྲོས་ཕེབས། ཨམ་བན་དང་། བཤད་སྒྲ་འབྲེལ་འདྲིས་ཆེ་སྟབས་བཤད་སྒྲ་སྲིད་སྐྱོང་སྤྱི་མོས་བྱུང་ཚུལ་སོགས་གོང་མར་སྙན་ཞུ་ཕུལ། བཤད་སྒྲ་དབང་ཕྱུག་རྒྱལ་པོས་རྒན་ཆོས་རབ་བྱུང་སྒྲུབ་པར་བརྟེན་སྡེ་སྲིད་བཤད་སྒྲ་ཞེས་འབོད། བཤད་སྒྲས་དབང་ཆ་བཟུང་རྗེས་སྲིད་སྐྱོང་རྭ་སྒྲེང་གི་སྐབས་བཏང་བའི་བཀའ་གཏན་སོགས་ཡིག་རིགས་ལ་ཞིབ་བཤེར་ཡང་བྱས། དམག་འཁྲུག་དེའི་ནང་རྭ་སྒྲེང་བླ་བྲང་གནས་ཡུལ་བཞི་སྟེ་དགོན་པར་གཏོར་སྐྱོན་གང་ཙམ་ཕོག་སྐད། དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།