Jump to content

རྭ་སྒྲེང་དགོན་པ།

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „རྭ་སྒྲེང་དགོན།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

རབ་བྱུང་དང་པོའི་མེ་བྱ(༡༠༥༧)ལོར་ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཐོག་མར་བཏབ་པའི་དགོན་པ་ཞིག(དེང་སང་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་ཕོད་མདོ་ཆུས་ཀྱི་ཁོངས)དགོན་པ་དེར་འབྲོམ་སྟོན་པས་གནས་གཞི་བཙུགས་ནས་དར་སྤེལ་གཏོང་བ་གནང་བའི་ཆོས་བརྒྱུད་ལ་བཀའ་གདམས་པ་ཟེར། དེ་སྔོན་ཇོ་བོ་རྗེ་སྙེ་ཐང་དུ་དགོངས་པ་མྱ་ངན་ལས་འདའ་བར་སློབ་མ་རྣམས་ལ་ཞལ་ཆེམས་ཀྱི་ཚུལ་དུ་བཀའ་སློབ་མང་དུ་གནང་བའི་འཇུག་ཏུ་འབྲོམ་སྟོན་པ་ལ་ཇོ་བོ་རང་ཉིད་ཀྱི་ཐུགས་དམ་རྟེན་ཐུབ་དབང་གི་སྐུ་དང་། གསང་འདུས་འཇམ་དཔལ་རྡོ་རྗེའི་གསེར་སྐུ། སྒྲོལ་མ་གསུང་བྱོན་མ། སྤྱན་རས་གཟིགས་ཀྱི་བྲིས་ཐང་། རྒྱ་དཔེ་པོ་ཏི་ཁག བླ་མ་གསེར་གླིང་པའི་གདུང་ཁང་དངུལ་གདུགས་ཅན་བཅས་གནང་ནས་སངས་རྒྱས་ཀྱི་བསྟན་པ་གནས་པ་དགེ་འདུན་གྱི་སྡེ་ལ་རག་ལས་པས་ཁྱེད་ཀྱིས་རྟེན་འདི་རྣམས་བཞུགས་པའི་གཙུག་ལག་ཁང་བཞེངས་ཏེ་དགེ་འདུན་གྱི་སྡེ་ཚུགས་ཤིག་ཅེས་གསུངས་པ་ཐུགས་སུ་བཅངས་ནས་འབྲོམ་སྟོན་པས་ཇོ་བོ་རྗེ་འདས་པའི་ཕྱི་ལོ་དེར་རྭ་སྒྲེང་གི་གནས་བདག་ཞང་འཕྲང་ཀ་བེར་ཆུང་གིས་གདན་དྲངས་པ་ལྟར་གནས་འདིར་བརྟག་པ་མཛད་དེ་ཆ་རྐྱེན་ཕུན་ཚོགས་པར་གཟིགས་ཤིང་། གནས་བདག་ཞང་འཕྲང་ཀ་བེར་ཆུང་གིས་ཀྱང་དད་འབུལ་ཞུས་པ་བཅས་ཐོག་མར་ཀ་བ་གཉིས་ཀྱི་རྒྱ་ཁྱོན་ཡོད་པའི་དབུ་རྩེ་ཀ་གཉིས་མ་བཞེངས། དེ་རྗེས་དགོན་པ་གོང་མ་བཏབ་སྟེ་ནུབ་ནས་ཤར་དུ་རིམ་བཞིན་ཇོ་བོ་རྗེའི་དངོས་སློབ་རྣལ་འབྱོར་པ་ཆེན་པོ་དང་། དཔལ་ལྡན་དགོན་པ་བ། རྣམ་འབྱོར་པ་བྱམས་པའི་བླ་གྲོས། རྣམ་འབྱོར་པ་ཤེས་རབ་རྡོ་རྗེ་བཅས་ཀྱི་གཟིམ་ཁང་རྣམས་བཏབ། ཀླུ་རྒྱལ་ནེའུ་ལུང་གི་ཕོ་བྲང་ཡིན་ཟེར་བའི་སྟེང་དུ་འབྲོམ་སྟོན་པ་རང་ཉིད་ཀྱི་གཟིམ་ཁང་བཞེངས། དེ་རྗེས་རྭ་སྒྲེང་དགོན་པ་བཏབ་པའི་ཕྱི་ལོ་དེར་ལྷ་ཁང་ཁྱུང་མགོ་ཅན་བཞེངས། དེར་ཕྱོགས་བཞིར་ཀ་བ་གཉིས་རེ་སྟེ་ཀ་བ་བརྒྱད། ཟུར་བཞི་ལ་ཀ་བ་རེ་རེ། དབུས་སུ་ཀ་བ་གཉིས་བཅས་ཀ་བ་བཅུ་བཞི་ཡོད་པ་དང་། ཀ་བའི་བར་རྣམས་སྤང་ལེབ་དང་ཤིང་ཕྲན་གྱིས་བཀག་སྟེ་དེ་ལ་འཇིམ་པའི་ཞལ་བ་བྱས་ཤིང་། སྟེང་དུ་རྒྱ་ཕེབས་བཀལ་བ་ཞིག་ཡོད་པར་གྲགས། ལྷ་ཁང་དེ་བཞེངས་གྲུབ་རྗེས་དེ་འཕྲོས་རྣམས་བྱེད་མཁན་ཡོང་གསུངས་ནས་མཚམས་འཇོག་གནང་སྟེ་རབ་གནས་མཛད། དེ་ནས་ལོ་བརྒྱད་སོང་བའི་ཤིང་འབྲུག(༡༠༦༤)ལོར་འབྲོམ་སྟོན་པས་བྱ་འདབ་ཀྱི་འོག་ཏུ་མཆོད་རྟེན་བརྒྱ་རྩ་བརྒྱད་དང་། དགོན་པའི་གཉའ་གོང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་དང་བཅས་པ་བཞེངས་ཏེ་དེ་ཐམས་ཅད་ལ་ཇོ་བོ་གདུང་ཐལ་ལས་བཞེངས་པའི་སཙྪ་རེ་དང་། འབྲོམ་སྟོན་རང་ཉིད་ཀྱི་ཕྱག་ཕྲེང་རྡོག་རེ་བཅུག་ཡོད། འབྲོམ་སྟོན་པ་འདས་ནས་ཡུན་རིང་མ་སོང་བར་དཔོན་གྱད་པ་དང་ཟུར་ཁ་ཆོས་གྲགས་སོགས་དད་ལྡན་མང་པོས་སྤྱིན་བདག་ཞུས་ཏེ་དབུ་རྩེ་ཀ་གཉིས་མའི་ནུབ་ངོས་སུ་ཀ་བ་བཅུ་དྲུག་ཡོད་པའི་དཀོར་ཁང་སྒོ་ལྷོ་ཕྱོགས་སུ་གཏད་པ་ཐོག་སོ་གཉིས་ཡོད་པ་ཞིག་བཞེངས། དབུ་རྩེ་ཀ་གཉིས་མ་བཞེངས་ནས་ལོ་དགུ་བཅུ་གོ་གཉིས་སོང་བ་རབ་བྱུང་གཉིས་པའི་ས་འབྲུག(༡༡༤༨)ལོར་ཞང་འོད་འཇོ་བ་རྭ་སྒྲེང་གི་གདན་སར་ཕེབས་ནས་ལོ་བཅུ་གཉིས་བར་བསྐྱངས་ཏེ་དེའི་རིང་ཞང་འཕྲང་ཀ་བེར་ཆུང་གི་ཡང་ཚ་དཔོན་སྲི་བོ་གཞོན་ཚུལ་གྱིས་སྤྱིན་བདག་བྱས་ཏེ་དབུ་རྩེ་ཀ་བ་ཉི་ཤུ་རྩ་བཞི་ཡོད་པ་བཞེངས་ཤིང་། དེའི་ཤིང་ཆ་རྣམས་ནགས་ཤོད་ཀ་རོང་ནས་དྲངས། དེ་རྗེས་ཞང་འོད་འཇོ་བའི་སློབ་མ་ཡོན་བརྩོན་འགྲུས་རྡོ་རྗེས་སྤྱིན་བདག་བྱས་ཏེ་དབུ་རྩེ་ཀ་བཞི་མ་བཞེངས། དེ་ནས་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་སོག་པོའི་དམག(འདི་མོང་གོལ་གྱི་རྒྱལ་པོ་གོ་དན་གྱིས་བོད་དུ་བཏང་བའི་དམག་དེ་མིན་ཞེས་ཏཱ་ལའི་བླ་བྲང་སྐུ་ཕྲེང་ལྔ་པས་གསུངས་པས་དམག་འདི་མོང་གོལ་གྱི་རྒྱལ་པོ་སུས་བཏང་བའི་དམག་ཡིན་མིན་སྐོར་ཞིབ་འཇུག་མཛད་དགོས)བོད་དུ་འབྱོར་ནས་འཕན་པོ་རྒྱལ་ལྷ་ཁང་སོགས་དགོན་པ་མང་པོ་མེར་བསྲེགས་སྐབས་རྭ་སྒྲེང་དགོན་འདིར་སྐུ་གསུང་ཐུགས་རྟེན་མང་ཆེ་བ་ཚིག་ནས་ཇོ་བོ་ འཇམ་དཔལ་རྡོ་རྗེ་དང་། སྒྲོལ་མ་གསུང་བྱོན། བླ་མ་གསེར་གླེང་པའི་གདུང་ཁང་དངུལ་གདུགས་ཅན་ཆེ་ཆུང་། རྒྱ་དཔེ་ཁག ཐུགས་དམ་གཤིན་རྗེ་གཤེད་ཀྱི་སྐུ་ཐང་བཅས་མེས་གཏན་ནས་མ་ཚིག་པར་ལུས་ཞེས་ཡོངས་སུ་གྲགས། དེ་རྗེས་རབ་བྱུང་བཞི་པའི་ལྕགས་ཡོས(༡༢༣༡)ལོར་བྱ་བཏང་རིན་ཆེན་བཟང་པོ་དང་། འཇམ་དབྱངས་རིན་ཆེན་གྲགས་གཉིས་ཀྱིས་གཙུག་ལག་ཁང་ཉམས་གསོ་གསར་བཞེངས་མཛད། རབ་བྱུང་བཅུ་གཅིག་པའི་ལྕགས་སྟག(༡༦༥༠)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཆོད་ཁང་ཀ་བ་བརྒྱད་ཅུ་དང་ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཆེ་ཆུང་གཉིས། གྲྭ་ཤག་བདུན་ཅུ་ལྷག་ཙམ་གསར་བསྐྲུན་ཐོག དགེ་འདུན་ཞལ་གྲགས་སུམ་བརྒྱ་ལྷག་ཙམ་བར་འཕེལ་རྒྱས་བཏང་ཞིང་། མཆོད་གཞིས་སུ་མི་སེར་ཐེམ་དུད་ཤོག་ཁ་བཅུ་གཉིས་ཀྱི་བདག་དབང་གནང་། རྭ་སྒྲེང་དགོན་པ་འདི་ཉིད་དེ་སྔོན་བོད་ས་གནས་སྲིད་གཞུང་བཙུགས་པ་ནས་གཞུང་སྐྱོང་དགོན་པའི་ཁོངས་སུ་གཏོགས་པ་ལས། དགའ་ལྡན་ཁྲི་ཐོག་ལྔ་བཅུ་ང་བཞི་པ་ངག་དབང་མཆོག་ལྡན་གྱིས་ཡུན་རིང་བར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་གནང་སྟེ། སྐུ་མ་འདས་གོང་ཙམ་དུ་རྭ་སྒྲེང་དགོན་པ་སྒེར་འཛིན་དུ་གསོལ་རས་ཞུས་པ་གནང་དོན་ལྟར། རབ་བྱུང་བཅུ་གཉིས་པའི་ས་ལུག(༡༧༣༩)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་རྭ་སྒྲེང་དགོན་པ་དེ་བཞིན་ཁོང་ལ་སྒེར་འཛིན་དུ་འབུལ་བ་གནང་ཞིང་། ཁོང་སྐུ་གཤེགས་རྗེས་སྤྲུལ་སྐུ་ཁྲི་ཆིན་བསྟན་པ་རབ་རྒྱས་ལ་ཆིང་རྒྱལ་རབས་ཀྱི་གོང་མ་ཅ་ཆིང་ཁྲི་ལོ་ཉི་ཤུ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག(༡༨༡༥)ལོར་གོང་མ་ཅ་ཆིང་གིས་སླར་ཡང་རྭ་སྒྲེང་དགོན་པ་དེ་རྭ་སྒྲེང་ཧོ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་ལ་སྒེར་འཛིན་གཏན་འཇགས་སུ་གནང་ དེ་ནས་བཟུང་ཡོངས་འཛིན་ཁྲི་ཆིན་གྱི་སྐུ་ཕྲེང་རིམ་བྱོན་ལ་རྭ་སྒྲེང་སྤྲུལ་སྐུ་ཞེས་པའི་མཚན་ཐོགས་པ་ཡིན། དགོན་པ་འདིར་ཨ་ཏི་ཤ་རང་ཉིད་སྐུ་འཚོ་བཞུགས་སྐབས་བྲིས་གནང་བའི་འདྲ་ཐང་། རྒྱབ་ཡིག་ཏུ་དགེ་བཤེས་ནག་ཚོ་ལོ་ཙྰ་བས་བརྩམས་པའི་ཇོ་བོའི་རྣམ་ཐར་བསྟོད་པ་བརྒྱད་ཅུ་པ་བྲིས་པ་ཡོངས་གྲགས་སུ་འདྲ་ཐང་དབུ་ཡོན་མ་ཟེར་བ་དེ་དང་། ཇོ་བོ་རྗེའི་ཐུགས་དམ་རྟེན་ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་རིན་ཐང་བྲལ་བའི་གནའ་ཤུལ་དངོས་རྫས་མང་པོ་ཡོད་ སྔར་རྭ་སྒྲེང་དུ་གྲྭ་ཁང་སྟོང་། རྟེན་ལུགས་མ་ངོ་མཚར་ཆེ་བ་ལྔ་བཅུ་སྐོར་དང་། ཐང་ཀ་སུམ་སྟོང་དྲུག་བརྒྱ་ལྷག་ཙམ། གསུང་རྟེན་པོ་ཏི་ས་ཡ་བཅུ་ལྷག་ཙམ། གདུང་རྟེན་བདུན་བརྒྱ་དང་བདུན་ཅུ་དོན་ལྔ་ཡོད་ཅེས་རྭ་སྒྲེང་གི་ལོ་རྒྱུས་ལས་བཤད།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།