Jump to content

རྗེ་འཇམ་དབྱངས་ཉི་མ་རྒྱ་མཚོ།

ཡོང་ཁུངས་Wikipedia
དམུ་དགེའི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་འཇམ་དབྱངས་ཉི་མ་རྒྱ་མཚོ།

མཚན།: འཇམ་དབྱངས་ཉི་མ།

འཁྲུངས་ལོ།: ཕྱི་ལོ་ ༡༩༣༧

འཁྲུངས་ཡུལ།: ཟངས་དཀར་སྟོད་མ།

འཁྲུངས་གཞིས།: རུ་སར་ཚང་།

ཡབ་ཀྱི་མཚན།: དགྲ་འདུལ།
ཡུམ་གྱི་མཚན།: འཕགས་སྒྲོན།

ཆོས་བརྒྱུད།: རི་བོ་དགེ་ལུགས་པ།

ཡིག་ཆ།: བཀྲིས་སྒོ་མང་ཡིག་ཆ།

དགོན་པ།: དམུ་དགེའི་དགོན།

མཚན་ཐོབ།: མཁན་པོ་དང་ཁྲི་བ།

འཆད་ཉན།: མདོ་སྔགས་ཟུང་འབྲེལ།

རྗེ་འཇམ་དབྱངས་ཉི་མ་(འཇམ་དབྱངས་ཉི་མ་རྒྱ་མཚོ་)མཆོག་ནི་མདོ་ཁམས་སྨད་ཀྱི་ཁོངས་གཏོགས་ཟངས་དཀར་སྟོད་མ་རུ་ཕྱི་ལོ་༡༩༣༧ ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་དམུ་དགེའི་དགོན་ནས་རབ་ཏུ་བྱུང་སྟེ་ཚོགས་ཞུགས་གནང་། ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་སྟེ་མཚན་ལྡན་གྱི་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན་ནས་མདོ་སྔགས་རིག་གནས་བཅས་ལ་བསླབ་པ་སློབ་གཉེར་དཔྱིས་ཕྱིན་པ་བྱས། རིམ་གྱིས་དམུ་དགེ་དགོན་གྱི་དཔེ་ཁྲིད་དགེ་རྒན་དང། རྡོ་རམས་པ། བླ་མ་གཞུང་ལས་པ། ཁྲི་བ། མཁན་པོ་སོགས་ཀྱི་ལས་འགན་ཆེ་ཕྲ་ཆུང་གསུམ་ལེགས་པར་བཞེས། ད་སྐབས་དགོན་དེ་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་དབང་དང་རྗེས་གནང་ལུང་དང་ཁྲིད་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པ་བཅས་སོ།།

སྐུ་འཁྲུངས་པའི་མཛད་པ།

[རྩོམ་སྒྲིག]

རྗེ་འཇམ་དབྱངས་ཉི་མ་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི་མདོ་ཁམས་སྨད་ཀྱི་ཆར་གཏོགས་ཟངས་དཀར་[](སྔོན་མ་བཙན་པོའི་དུས་སྐབས་སྟོད་མངའ་རིའི་ཡུལ་ནས་མཐའ་མཚམས་སྲུང་དམག་ཏུ་གཏང་བའི་མི་རྒྱུད།)ཁག་གསུམ་གྱི་ནང་ཚན་ཟངས་དཀར་སྟོད་མའི་རི་སར་ཚང་ཞེས་པའི་ཁྱིམ་ཚང་ཞིག་ཏུ་ཡབ་དགྲ་འདུལ་དང་ཡུམ་འཕགས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་མོ་གླང་སྟེ་ཕྱི་ལོ་༡༩༣༧ ལོའི་ཟླ་་་་་ཚེས་བཟང་བོར་སྐུ་འཁྲུངས། ཁོང་ཚོ་མིང་སྲིང་གསུམ་ཡོད་པའི་ཆུང་བ་ཡིན། ཁོང་གི་བྱིས་དུས་ཀྱི་མཚན་ལ་ཚེ་རས་ཞེས་འབོད། རྗེས་སུ་བྲ་ཁྱོམ་ཆོས་མཛད་ཀྱིས་ཁོང་གི་མཚན་ལ་འཇམ་དཔལ་ཆོས་ཀྱི་ཉི་མ་ཞེས་མཚན་བརྗེས་འདུག

རབ་ཏུ་བྱུང་སྟེ་སློབ་གཉེར་གྱི་མཛད་པ།

[རྩོམ་སྒྲིག]

ཕྱི་ལོ་༡༩༤༨ ལོ་སྟེ་ཁོང་དགུང་ལོ་༡༡ ཐོག་དམུ་དགེའི་དགོན་(དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་)ལ་ཕེབས་ནས་འདུལ་བ་འཛིན་པ་འཇམ་དབྱངས་ཐབས་མཁས་མཆོག་གི་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དགེ་ཚུལ་གྱི་མཚན་ལ་འཇམ་དབྱངས་ཉི་མ་ཞེས་གསོལ། དམུ་དགེ་དགོན་ནས་ཚོགས་ཞུགས་གནང་སྟེ་ཆོས་མཛད་བཏང་། དེ་ནས་བཟུང་ཁོང་གིས་ཁས་བླངས་པའི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ཚུལ་བཞིན་བསྲུང་བའི་འགོ་བརྩམས། ཡག་སྐྱའི་ཆོས་མཛད་ཚང་གནས་ཀྱི་སློབ་དཔོན་དུ་བསྟེན། རྡོ་རམས་པ་འཇམ་དབྱངས་ཐབས་མཁས་སང་། ལྷ་རམས་པ་དཀོན་མཆོག་བསྟན་འཛིན་ཚང་། གངས་ལྗོངས་ཐོན་མི་གཉིས་པ་མ་ཧཱ་པཎྜི་ཏ་ཆེན་མོ་༧རྗེ་བཙུན་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་དཔལ་བཟང་བོ་མཆོག་སོགས་དགེ་བའི་བཤེས་གཉེན་རྣམས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནས། ཀ་ཁའི་སྦྱོར་ཀློག་ནས་བཟུང་ཚོགས་ཀྱི་འདོན་ཆའི་སྐོར་གང་ཡོད་ཐུགས་འཛིན་དང་། ཆོས་གྲྭའི་སྐབས་ཀྱི་བརྩི་བཞག་སོགས་ཐུགས་འཛིན་ཡོད་པའི་སྟེང་ནས་སློབ་སྦྱོང་ལ་རྡོ་རུས་ཐུག་པ་སྦྱངས། དེ་ལས་གཞན་དུ་ཕྱག་དང་ཁ་འདོན་སྒྲིབ་སྦྱོང་ཀུན་སྤྱོད་སོགས་ལ་ཉིན་མཚན་ཀུན་ཏུ་ཕལ་བས་དཔག་པར་དཀའ་བ་ཞིག་གནང་བ་གྲྭ་རྒན་ཁུངས་ཐུབ་རྣམས་ཀྱིས་གླེང་བ་ལན་མང་བོར་ཐོས།

ཉིན་ཞིག་གཞུང་ལས་པ་ཨ་ཁུ་ཆོས་ལྡན་ཚང་གིས་བདག་ལ་གསུང་རྒྱུར། “འཇམ་དབྱངས་ཉི་མ་ཚང་ཆུང་དུས་ནས་སྤྱིར་བཏང་བ་ཞིག་གཏན་ནས་མིན། ང་ཚོ་ཟངས་དཀར་དང་ཨ་མཆོག་ཕྱོགས་ཀྱི་གྲྭ་རྒྱུན་ཚོ་ཆོས་མཚམས་སྐབས་དམུ་དགེ་དང་ཕ་ཡུལ་བར་ཕར་འགྲོ་ཚུར་ཡོང་སྐབས་རྟ་ལམ་ཉིན་གཉིས་གསུམ་གྱི་ལམ་ལ་མཉམ་དུ་འགྲོ་དགོས། འཇམ་དབྱངས་ཉི་མ་ཚང་དགོང་ལོ་དེ་འདྲ་ཆུང་རུང་ལམ་བར་ཞག་འདུག་སོགས་ཀྱི་སྐབས་སྔ་དགོང་གི་ཞལ་འདོན་འཆག་མེད་མཛད་པར་མ་ཟད། ཆུ་དང་ཆར་བ་ག་ཚོད་བབ་ཀྱང་རུང་སྔ་དགོང་གི་ཕྱག་འཚལ་རྒྱུ་ཡང་འཆག་མི་སྲིད། ངོ་མཚར་བ་ཞིག་ཡིན། ལྷག་པར་དུ་དེང་སང་ཁོང་གིས་ལམ་རིམ་འཆད་ན་ཁོང་ལ་འགྲན་ཐུབ་མཁན་བླ་བྲང་བཀྲ་ཤིས་འཁྱིལ་ལ་འང་མི་འདུག” ཅེས་བདག་ལ་དངོས་སུ་གསུང་།

གོ་ཆག་གི་ལོ་ཟླའི་ཁྲོད་གྲོང་ལས་ཀྱི་མཛད་པ།

[རྩོམ་སྒྲིག]

དུས་སྐབས་དེར་རྒྱ་ནག་དམར་དམག་གིས་བོད་ས་དབང་བསྒྱུར་གྱི་དམག་འཁྲུག་བརྒྱབ་སྟེ་མཐའ་མཚམས་མདོ་སྟོད་སྨད་གཉིས་དབང་འོག་བཅུགས་ཏེ་དབུས་ཁུལ་ཡོངས་རྫོགས་དབང་བསྒྱུར་ལ་ཉེ་བས། བོད་ཀྱི་ཕྱི་ནང་གི་སྣོད་བཅུད་གཉིས་དང་ཆོས་སྲིད་རིག་གནས་དང་བཅས་པར་གཏོར་བཤིག་དང་ཆག་འཇིག་ཚབ་ཆེན་འབྱུང་བའི་འགོ་བརྩམས། ཕྱི་ལོ་༡༩༥༨ ལོར་དམུ་དགེའི་དགོན་པ་ཡང་གཞན་ལྟར་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་སྟེ། དགོན་པའི་དགེ་འདུན་པ་རྣམས་ཀྱང་གྲོང་ལ་ལོགས་བཅུགས། ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་དགོན་རྙིང་དེ་ཡང་ཤུལ་ཙམ་ལས་ལྷག་མེད་པའི་གནས་སུ་བསྐྱལ། རྗེ་འཇམ་དབྱངས་ཉི་མ་ཚང་ཡང་ཕ་ཡུལ་ཟངས་དཀར་ལ་མི་ལོག་ག་མེད་བྱུང་། སྐབས་དེར་དགོན་པའི་སྐྱེས་ཆེན་ཚོས་ཁོང་ལ་དགོན་འདི་མ་འོངས་པར་བདག་སྐྱོང་གནང་དགོས་པའི་བཅོལ་དམ་ནན་པོ་ཡང་མཛད་རབས་འདུག དེ་ནས་བཟུང་ལོ་ངོ་བཅུ་ལྷག་གི་རིང་སྐྱ་ཆས་བསྣམས་ཏེ་རྟ་རྫི་བྱེད་པ་སོགས་གྲོང་ལས་སྣ་ཚོགས་མཛད་དགོས་ཐུག་ཀྱང་། ཁོང་གིས་སྡོམ་དམ་ཚིག་སྲོག་བཞིན་བསྲུང་སྟེ་ངོ་མཚར་རྨད་བྱུང་གི་རྣམ་ཐར་བཟང་བོ་མཛད་པའི་ལོ་རྒྱུས་གང་མང་ཐོས་རྒྱུ་གདའ།

༄༅།།དབང་ལུང་མན་ངག་གི་གཏེར་མཛོད་༧རྗེ་བཙུན་འཇམ་དབྱངས་ཉི་མ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དྲན་རྟེན་དུ། སློབ་བུ་ཡོངས་ཀྱིས། སྤྱི་ལོ་༢༠༡༦ལོར།།
ཁོང་གི་དགེ་བའི་བཤེས་གཉེན་རྣམས་ཀྱི་མཚན་གྱི་རེའུ་མིག
སྤྱིའི་ཨང་། མཚན། མཛད་འགན། མཚན་ཐོབ། བཞུགས་གནས།
འཇམ་དབྱངས་ཐབས་མཁས། རབ་བྱུང་གི་བླ་མ། རྡོ་རམས་པ། དམུ་དགེའི་དགོན།
ཡག་སྐྱའི་ཆོས་མཛད། གནས་ཀྱི་བླ་མ། ཆོས་མཛད། དམུ་དགེའི་དགོན།
དཀོན་མཆོག་བསྟན་འཛིན། དཔེ་ཁྲིད་དགེ་རྒན། ལྷ་རམས་པ། དམུ་དགེའི་དགོན།
བསམ་གཏན་རྒྱ་མཚོ། དབང་ལུང་ཁྲིད་གསུམ་གྱི་སློབ་དཔོན། བོད་ཀྱི་མཁས་པ་མི་བཞིའི་ཡ་གྱལ། དམུ་དགེ་དང་བླ་བྲང་སོགས།
འཇམ་དབྱངས་རྒྱ་མཚོ། དབང་ལུང་ཁྲིད་གསུམ་གྱི་སློབ་དཔོན། བླ་བྲང་བཀྲིས་འཁྱིལ་གྱི་དཔེ་ཁྲིད་དགེ་རྒན། བླ་བྲང་བཀྲ་ཤིས་འཁྱིལ།
ཁོང་གི་མཚན་གྱི་རྣམ་གྲངས།
སྤྱིའི་ཨང་། མཚན། སྐབས་ཐོག མཚན་གནང་མཁན།
ཚེ་རས། བྱིས་དུས་ཀྱི་གཅེས་མིང་། ཕ་མ།
འཇམ་དཔལ་ཆོས་ཀྱི་ཉི་མ། རབ་བྱུང་མ་སྒྲུབ་སྔོན་གྱི་མཚན། བྲ་ཁྱོམ་ཆོས་མཛད།
འཇམ་དབྱངས་ཉི་མ། དགེ་ཚུལ་གྱི་མཚན། འཇམ་དབྱང་ཐབས་མཁས།
འཇམ་དབྱངས་ཉི་མ་རྒྱ་མཚོ། དགེ་སློང་གི་མཚན། དམུ་དགེ་བསམ་གཏན་རྒྱ་མཚོ།
གསང་མཚན།
༄༅།།ཕྱི་ལོ་༢༠༡༦ ལོར་དམུ་དགེའི་སྐྱ་སེར་ཡོངས་ལ་དབང་གནང་བའི་སྐབས་བསྒྲོན་པའི་སྐུ་པར་ཞིག

ཆོས་སྒོ་ཕྱེས་རྗེས་སློབ་གཉེར་ལ་ཕེབས་པའི་མཛད་པ།

[རྩོམ་སྒྲིག]

ཕྱི་ལོ་༡༩༧༦ ལོ་ནས་རིག་གནས་གསར་བརྗེ་ཆེན་མོ་མཇུག་བསྒྲིལ་བ་དང་རིམ་པས་དུས་ངན་གྱི་མུན་མཐའ་རིམ་གྱིས་བསལ་ཏེ་བོད་ས་ཡོངས་ནས་རང་དབང་ལ་ལོངས་སུ་སྤྱོད་པའི་བསྐལ་བཟང་བྱུང་བ་དང་བསྟུན། ཕྱི་ལོ་༡༩༨༡ ལོ་སྟེ་ཁོང་དགུང་ལོ་ཞེ་བཞིའི་ཐོག་རྒྱལ་བསྟན་སླར་གསོའི་ཐུགས་བསྐྱེད་སྨིན་ཏེ་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དཔེ་གཟིགས་ལ་ཕེབས། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་དང་རྗེ་དགེ་འདུན་རྒྱ་མཚོ་ཆེ་བ་སོགས་དགེ་རྒན་དུ་བསྟེན་ནས་མདོ་ཕྱོགས་གཞུང་བཀའ་པོད་ལྔས་མཚོན་པའི་གཞུང་ཆེ་ཕྲ་མང་བོའི་ཁྲིད་དང་ལུང་བཤད་ལུང་སོགས་ལ་གུས་རྟག་སྦྱོར་བའི་སྒོ་ནས་ཐོས་བསམ་གནད་སྨིན་མཛད། སྔགས་ཕྱོགས་ལའང་མ་ཧཱ་པཎྜི་ཏ་ཆེན་མོ་༧རྗེ་བཙུན་བསམ་གཏན་རྒྱ་མཚོའི་མདུན་ནས་དབང་དང་ལུང་མན་ངག་ཁྲིད་རྗེས་གནང་ཕྱག་ལེན་སོགས་ཆད་མེད་གསན་ནས་ཐུགས་རྒྱུད་ཕྱུག་པར་གྱུར།

ཕྱིར་རང་དགོན་དུ་ཕེབས་ཏེ་གདུལ་བྱ་སྐྱོང་བའི་མཛད་པ།

[རྩོམ་སྒྲིག]

རྗེ་རིན་པོ་ཆེ་བློ་བཟང་གྲགས་པས།

  • བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
  • ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །
  • སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །
  • ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག  །ཅེས་གསུངས་པ་བཞིན།

ཕྱི་ལོ་༡༩༨༦ ལོ་སྟེ་ཁོང་དགུང་ལོ་ཞེ་དགུའི་ཐོག་རང་དགོན་དམུ་དགེའི་བཀྲ་ཤིས་འཁོར་ལོའི་དགོན་དུ་ཕྱིར་ཞབས་སོར་བཀོད་དེ། སློབ་གཉེར་རྒྱུན་འཁྱོངས་དང་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་ཀྱིས་མཚོན་པའི་དགོན་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཉིན་མཚན་འདའ་བར་བྱས་དང་བྱེད་མོས་སུ་མཆིས། རྗེ་དམུ་དགེ་བསམ་གཏན་མཆོག་གི་མདུན་ནས་བསྙེན་རྫོགས་བསྐྱར་སྒྲུབ་གནང་སྟེ་མཚན་ལ་འཇམ་དབྱངས་ཉི་མ་རྒྱ་མཚོ་ཞེས་གསོལ། རིམ་གྱིས་ཕར་ཕྱིན་དམ་བཅའ་དང་། སྨོན་ལམ་རབ་འབྱམས་པ་དང་། སྨོན་ལམ་རྡོ་རམས་པའི་དམ་བཅའ་སོགས་ལ་བཞུགས།

དགོན་པའི་ཆོས་ཕྱོགས་ཀྱི་ཐུགས་འགན་བཞེས་པའི་མཛད་པ།

[རྩོམ་སྒྲིག]
  1. ༡ བླ་མ་གཞུང་ལས་པ་ལོ་གསུམ་དང་།
  2. ༢ མགོན་པོའི་གཏོར་སྒྲུབ་དང་ལྕགས་མཁར་གྱི་ཁྲིར་ལོ་གསུམ་རེར་ཕེབས།
  3. ༣ སྨོན་ལམ་ལྔ་མཆོད་ཀྱི་ཁྲི་ཚབ་ལོ་བརྒྱད་དང་།
  4. ༤ མཁན་པོའི་གོ་གནས་ལོ་བཞིར་བཞེས་པ་སོགས་ཀྱི་ལས་ཁུར་རྣམས་འཁོར་ལོ་གསུམ་གྱིས་སྒོ་ནས་བསྐྱངས།
  5. ༥ ཕ་མཐའ་ཚང་ཁྲི་བཟུར་ནས་ཨ་ཁུ་ཀླུ་སྒྲུབ་ཚང་ཁྲིར་བཞུགས་ཀྱི་བར་སླར་ཡང་ཁྲི་ཚབ་གནང་།
  6. ༦ དགེ་ཚུལ་སློང་གི་སྡོམ་པ་འབོག་པ་སོགས་ཀྱི་དགོས་བསྟན་པ་སྤེལ་པ་ནི་བརྗོད་ཀྱི་མི་ལང་།

དད་ལྡན་གདུལ་བྱའི་ཆེད་ཕྱོགས་ཕེབས་ཀྱི་མཛད་པ།

[རྩོམ་སྒྲིག]

ཟངས་དཀར་ཁག་གསུམ། ཨ་མཆོག མཛོད་དགེ། ཐང་སྐོར། ཤར་ཁོག ཞང་ངུའི་ཁོག ཁྲོ་ཆུ་སོགས་ཡུལ་གྲུ་མང་བོར་ཕེབས་ནས་མཆོད་ཡོན་གྱི་འབྲེལ་ལམ་བཟང་བོ་བཙུགས།

རྟེན་བཞེངས་པའི་མཛད་པ།

[རྩོམ་སྒྲིག]
  1. ༡ རང་དགོན་དུ་འོད་དཔག་མེད་ཀྱི་ལྷ་ཁང་གསར་བཞེངས་དང་།
  2. ༢ འདུ་ཁང་ནང་གི་བྱམས་ཆེན་གཙོ་འཁོར་གསུམ།
  3. ༣ རྗེ་ལྷ་ཁང་ནང་རྗེ་ཡབ་སྲས་དང་རྗེའི་ཚེ་འཛིན་མ་སྟོང་སྐུ་སོགས་གསེར་ཟངས་ལས་གྲུབ་པ་མང་བོ་བཞེངས་ཡོད། སྦྱོར་འཇགས་ཀྱི་སྐོར་ལའང་གྲངས་མེད་དོ། །

རྗེ་བླ་མས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན། །ཞེས་གསུངས་པ་ལྟར་གཞུང་བཀའ་པོད་ལྔས་མཚོན་པའི་དཔེ་ཁྲིད་སྐོར་གྲངས་མེད་ལ། མཁན་པོའི་ལས་ཁུར་མཐར་ཕྱིན་ནས་སླར་ཡང་ལོ་དུ་མའི་རིང་དབྱར་ཐོག་རྣམས་ལ་བླ་བྲང་བཀྲ་ཤིས་འཁྱིལ་དང་། གཙང་བཀྲ་ཤིས་ལྷུན་པོ་སོགས་སུ་ཕེབས་ནས་༧རྗེ་འཇམ་དབྱངས་རྒྱ་མཚོའི་མདུན་ནས་བརྒྱ་རྩ་གསུམ་དང་། རིན་འབྱུང་། མི་ཏྲ་རྡོར་འཕྲེང་སོགས་སྤྱི་ཟུར་གྱི་དབང་རྗེས་གནང་སོགས་གྲངས་མེད་པ་གསན།

རང་དགོན་དུ་དབང་ཁ་རྗེས་གནང་གི་མཛད་པ།

[རྩོམ་སྒྲིག]

བླ་མ་དམ་པ་རྣམས་ཀྱིས་དགོངས་ཁྲོལ་དང་བཀའ་བཞིན་དུ་རང་དགོན་དུ་དབང་ལུང་མན་ངག་གི་སྐོར་གནང་ཚུལ་ནི་རགས་རིམ་ཞིག་ཞུ་བ་ལ།

❀ སྤྱི་ལོ༢༠༠༢ལོའི་ཧོར་ཟླ་དང་བོའི་ཚེས་བཅུ་དགུའི་ཉིན་ནས་གྲྭ་མང་ཡོངས་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྟ་གོན་དང་བཅས་པཎ་ཆེན་བསྟན་པའི་ཉི་མའི་གསུང་གི་རྗེས་ཆོག་སྟེང་ནས་སྒྲུབ་ཐབས་རིན་འབྱུང་གནང་བའི་དབུ་བཟུང་ནས་ཧོར་ཟླ་གསུམ་པའི་ཚེས་གསུམ་ཉིན་སྒྲུབ་ཐབས་རིན་འབྱུང་གནང་ཟིན་ལ་ཟླ་དེའི་ཚེས་བཅོ་ལྔའི་ཉིན་ཏཱ་ར་ནཱ་ཐའི་གསུང་གི་སྒྲུབ་ཐབས་རིན་འབྱུང་གི་ལུང་ཡང་གནང་ཟིན། ཚེས་ཉེར་གཉིས་ཉིན་གསང་འདུས་ཀྱི་དབང་ཡང་གནང་།

❀ སྤྱི་ལོ་༢༠༠༤ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་པཎ་ཆེན་ཨ་བྷྱཱ་ཀ་རས་ཆོག་སྒྲིག་མཛད་པའི་སྒྲུབ་ཐབས་རྒྱ་མཚོ་གནང་བའི་དབུ་བཟུང་ནས་ཧོར་ཟླ་བརྒྱད་པའི་ཚེས་གཉིས་ཉིན་སྒྲུབ་ཐབས་རྒྱ་མཚོ་གནང་ཟིན། ཟླ་དེའི་ཚེས་གསུམ་བཞི་ལྔ་རྣམས་ལ་འཇིགས་བྱེད། གསང་འདུས། མཁའ་སྤྱོད་མ། བདེ་མཆོག་རྣམས་ཀྱི་སྔགས་བཏུ་གནང་།

❀ ༢༠༠༥ལོར་ཟླ་བཅུ་གཅིག་པའི་ཚེས་དྲུག་ནས་ཚེས་བཅུ་གསུམ་བར་ལ་བ་རི་བརྒྱ་རྩའི་རྗེས་གནང་ལུང་བཅས་གནང་། ཚེས་བཅུ་བཞི་ནས་བཅུ་དྲུག་བར་ལ་སྣར་ཐང་བརྒྱ་རྩའི་རྗེས་གནང་ལུང་བཅས་གནང་།

❀ སྤྱི་ལོ་༢༠༠༦ལོའི་ཧོར་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ནས་ཟུར་བཀའ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་སྟ་གོན་བཅས་ཉིན་བཅུ་གསུམ་རིང་ལ་གནང་། བཅུ་གསུམ་ལ་སྟ་གོན་དང་བཅུ་བཞི་བཅོ་ལྔར་གདུགས་དཀར་བྱད་གྲོལ་དང་ལྷ་མང་གི་དབང་གནང་།

❀ སྤྱི་ལོ་༢༠༠༩ལོའི་ཧོར་ཟླ་གཉིས་པའི་ཚེས་ལྔ་ནས་གཉིས་པའི་ཚེས་བཅོ་བརྒྱད་བར་ཟུར་བཀའི་ཚེ་དབང་འཆི་མེད་རྡོ་རྗེ་སྲོག་ཤིང་གི་དབང་སོགས་དང་། ཚེ་དབང་བུ་སྟོན་གང་ཁུག་མའི་རྗེས་གནང་དང་སྐུ་ལྔའི་སྲོག་གཏད་སོགས་རྗེས་གནང་སུམ་ཅུ་ལྷག་དང་། ཟླ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ནས་བཅོ་བརྒྱད་བར་ལ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བསྩལ། ཟླ་དེའི་ཚེས་བཅུ་དགུ་ཉིན་ནས་ཉེར་གཉིས་བར་ལ་སྐྱིད་ཤོད་རྗེས་ཆོག་སྙིང་ནས་སྙིང་ཞུགས་མ་གཏོགས་པའི་མགོན་བཀའ་བཅུ་གཉིས་གནང་། ཉེར་གསུམ་ཉིན་ནས་ཉེར་བདུན་ཉིན་བར་ལ་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་བསྩལ། ཧོར་ཟླ་བཞི་བའི་ཚེས་དགུ་ནས་བཅོ་བརྒྱད་བར་ལ་ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་རྗེས་གནང་བསྩལ། དེའི་འཕྲོར་སྟག་ཕུ་སྒྲོལ་མ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་བཞི་བྱིན་རླབས་དང་བཅས་པ་སྟག་ཕུའི་ཆོས་སྐོར་གྱི་ལུང་བཅས་ཚེས་བཅོ་ལྔའི་ཉིན་རྫོགས། །

❀ ༢༠༡༤ལོའི་ཧོར་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ནས་བཅོ་ལྔའི་བར་ལ་བཀྲ་ཤིས་ཐང་དུ་རྫོང་ཁག་ལྔའི་མི་སྣ་མང་བོ་ལ་དུས་འཁོར་དབང་ཆེན་གནང་།

❀ ༢༠༡༦ལོའི་གནམ་ལོ་གསར་ཚེས་ཉིན་ཁོང་དགུང་ལོ་བརྒྱད་ཅུར་སླེབས་པའི་དགའ་སྟོན་དུ་གྲྭ་མང་ཡོངས་ནས་གནས་བཅུའི་སྒོ་ནས་བརྟན་བཞུགས་ཚད་ལྡན་ཕུལ་བས་རྟེན་འབྲེལ་ཕུན་སུམ་ཚོགས་པ་འཛོམས། ལོ་དེའི་ཧོར་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་ཟླ་བརྒྱད་པའི་ཚེས་ལྔའི་བར་ལ་རྡོ་རྗེ་འཕྲེང་བའི་དབང་ཡོངས་རྫོགས་གནང་།

❀ སྤྱི་ལོ༢༠༡༧ལོའི་ཧོར་ཟླ་གཉིས་པའི་ཚེས་ཉེར་ལྔ་ནས་ཧོར་ཟླ་གསུམ་པའི་ཚེས་བཅུ་དགུའི་བར་ལ་མི་ཏྲ་བརྒྱ་རྩའི་དབང་ཡོངས་རྫོགས་བསྩལ། དེ་དག་གིས་མཚོན་པའི་སྤྱི་ཟུར་གྱི་དབང་རྗེས་གནང་དང་། བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས། ལམ་རིམ་ཆེ་ཆུང་། བློ་སྦྱོང་སྐོར། ཁྲིད་རྒྱུན། ལུང་རྒྱུན་སོགས་དབང་ལུང་མན་ངག་གིས་མཚོན་སེར་སྐྱ་ཀུན་ལ་གང་ལ་གང་དགོས་ཀྱི་གདམས་པ་རྣམས་བསྩལ་དང་སྩོལ་བཞིན་སྐལ་ལྡན་གྱི་གདུལ་བྱའི་མགོན་དུ་བཞུགས་ནས་རྗེ་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་མཐར་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་བཞུགས་པ་འདི་ལགས་སོ། །

རྩོམ་ཁུངས།

[རྩོམ་སྒྲིག]

ལོ་རྒྱུས་ཀྱི་ཁུངས་གསལ་བཤད། རྩོམ་འདི་གཙོ་བོ་བསླབ་གསུམ་རྒྱ་མཚོས་བྲིས་ཤིང་དམུ་དགེའི་ལེགས་ཚོགས་རྒྱུན་དུས་དེབ་སྟེང་སྤེལ་བ་དེར་གཞི་བྱས་ཡོད། དེའི་སྟེང་བདག་གིས་རེ་ཟུང་ཁ་སྣོན་དང་གོ་རིམ་རེ་འགའ་ཡང་དཀྲུགས་ཡོད།

  1. ༡ བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་། ཤོག་ངོས་༢༢༧ ཐིག་ཕྲེང་༡༨ སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་བཀྲམ།