Jump to content

དམུ་དགེའི་དགོན་གྱི་ངོ་སྤྲོད།

ཡོང་ཁུངས་Wikipedia
དམུ་དགེའི་དགོན། རིག་གནས་གསར་བརྗེའི་རྗེས་སུ་༡༩༨༧ ལོར་དགོན་པའི་རྒྱབ་རིའི་ངོས་ནས་བཏབ་པའི་དམུ་དགེའི་དགོན་པའིའདྲ་པར་ཞིག

དགོན་པའི་མིང་།: དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན།

དགོན་པ་བཏབ་ལོ།: ཕྱི་ལོ་ ༡༣༩༩

ཕྱག་འདེབས་མཁན།: ཚ་ཁོ་ངག་དབང་གྲགས་པ།

ཆོས་ལུགས།: ནང་པ་སངས་རྒྱས་པའི་ཆོས་ལུགས།

གྲུབ་མཐའ།: རི་བོ་དགེ་ལུགས་པའི་གྲུབ་མཐའ།

ཡིག་ཆ།: ཀུན་མཁྱེན་ཡིག་ཆ།

དགོན་གནས།: དམུ་དགེ།

འཆད་ཉན།: མདོ་སྔགས་ཟུང་འབྲེལ།

དགོན་བདག: ཀུན་མཁྱེན་འཇམ་དབྱངས་བཞད་པ།

དམུ་དགེའི་དགོན་ནམ་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ནི་ཕྱི་ལོ་ ༡༣༩༩ ལོ་སྟེ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་དགུང་ལོ་ཞེ་གསུམ་ཡས་མས་ཤིག་གི་སྐབས་སུ། རྗེ་ཉིད་ཀྱི་ཐུགས་སྲས་སྔ་ཚལ་བཞིའི་ཡ་གྱལ་རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས་མདོ་སྨད་ཕྱོགས་སུ་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་ཁྲོད་ཀྱི་གཅིག་དང། རྗེ་རང་ཉིད་ཀྱི་ལུང་གིས་ཟིན་པ་དང་རབ་གནས་མཛད་པའི་དགེ་ལུགས་ཀྱི་དགོན་རྙིང་ཞིག་ཡིན། སྤྱིར་བོད་ཀྱི་དགོན་པ་ཆེ་གྲས་གང་མང་ཞིག་ལ་མདོ་ཕྱོགས་སློབ་གཉེར་གྱི་ལྟེ་བར་འཛིན་པའི་མཚན་ཉིད་གྲྭ་ཚང་དང་། སྔགས་ཕྱོགས་རྒྱུད་སྡེ་བཞི་སོགས་སློབ་གཉེར་གྱི་ལྟེ་བར་འཛིན་པའི་རྒྱུད་གྲྭ་བཅས་དགོན་པ་གཅིག་ལ་རྩ་བའི་གྲྭ་ཚང་གཉིས་རེ་ཡོད་མོད། དམུ་དགེ་དགོན་པར་མཚོན་ན་དམིགས་བསལ་གྱིས་མཚན་ཉིད་གྲྭ་ཚང་དང་རྒྱུད་གྲྭ་ལོགས་སུ་མེད་པར་གཉིས་ཆ་ཟུང་འབྲེལ་གྱིས་སློབ་གཉེར་བྱེད་བཞིན་ཡོདཔས་ཚོགས་དང་ཆོས་གྲྭ་ཧ་ཅང་ལྕི།

ཕྱི་ལོ་༢༠༡༧ ལོར་དགོན་པའི་མདུན་རིའི་ངོས་ནས་བཏབ་པའི་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་འདྲ་པར།

དགོན་པའི་གྲྭ་གྲངས།[རྩོམ་སྒྲིག]

དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ལ་རིག་གནས་གསར་བརྗེའི་སྔོན་གྲྭ་གྲངས་༦༧༠ [༡]ཙམ་ཡོད་ཅིང་། ཕྱི་ལོ་༢༠༢༠ ལོར་ཁྱོན་བསྡོམས་པའི་གྲྭ་གྲངས་བཞི་བརྒྱ་མ་ཟིན་ཙམ་ཡོད།

ས་གནས།[རྩོམ་སྒྲིག]

བོད་རང་གི་ལོ་རྒྱུས་ཁྲོད་ཀྱི་ས་ཁུལ་བགོ་སྟངས་ལྟར་བྱས་ན་“སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག བར་དབུས་གཙང་རུ་བཞི་” ཟེར་བའི་སྨད་མདོ་ཁམས་སྒང་དྲུག་གི་མདོ་སྨད་ཀྱི་ཤར་ཕྱོགས་སུ་གཏོགས་པ་དང་། ད་ལྟ་རྒྱ་ནག་གི་ས་ཁུལ་བགོ་སྟངས་ལྟར་བྱས་ན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ། ཟུང་ཆུ་རྫོང་དམུ་དགེ་ཡུལ་ཚོ་ཞེས་པའི་ཡུལ་དུ་ཆགས་ཡོད།

ས་བབ་མཐོ་ཚད།  རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ 3200m དང་བྱང་N32° ཤར་E103°མཚམས་སུ་ཆགས་ཡོད།

འཆད་ཉན།[རྩོམ་སྒྲིག]

སློབ་གཉེར་གྱི་ཡིག་ཆ་གཙོ་བོ་རྒྱལ་བ་ཤཀྱ་ཐུབ་པའི་གསུང་སྤྱི་དང་དེའི་དགོངས་འགྲེལ་རྒྱ་གར་གྱི་པཎ་གྲུབ་མཁས་པས་མཛད་པ་རྣམས་དང་། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་། རྗེ་བློ་བཟང་གྲགས་པ་ཡབ་སྲས་ཀྱི་ཡིག་ཆ་དང། ཀུན་མཁྱེན་ཡབ་སྲས་ཀྱི་ཡིག་ཆ་རྣམས་སློབ་གཉེར་གྱི་མཐིལ་ཏུ་འཛིན།

༡༽ རྒྱུད་གྲྭ་འཐུས་སྒོ་ཇེ་ཚང་དུ་བཏང་བའི་སྐོར། རབ་བྱུང་བཅུ་གསུམ་པའི་ས་ཁྱི་(1778)ལོའི་ཟླ་དྲུག་པའི་ནང་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་བོ་མཆོག་དམུ་དགེ་དགོན་པས་ཐེངས་གཉིས་པ་གདན་འདྲེན་ཞུས་ཏེ་རིམ་པས་ཟླ་བཅུ་བའི་ཟླ་མཇུག་ལ་དགོན་སྡེ་འདིར་ཕེབས་ཐུབ་པ་བྱུང་། འདི་ཕྱོགས་ཀྱི་སྐྱེ་བོ་ཀུན་གྱི་ཞིང་སར་རྒྱུད་གྲྭ་ཧ་ཅང་མི་མང་ཡང་དངོས་གཙང་བ་ཞིག་བྱུང་ན་ལེགས་ཚུལ་འདི་ཀའི་བླ་སྡེ་དང་རྒན་པོ་རྣམས་འདུས་ཐོག་ཏུ་བཀའ་ཕེབས་པར་ཐམས་ཅད་གྲོས་མཐུན་གྱིས་རྒྱུད་གྲྭ་འཛུགས་རྒྱུར་ཐག་བཅད། གསར་ཚུགས་ཀྱི་ཚེ་གྲྭ་བ་སུམ་ཅུ་སོ་གཉིས་བྱུང་བ་སྙན་སྒྲོན་ཕུལ་བས་རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པར་འདུག་པས་རྟེན་འབྲེལ་བཟང་ཞེས་ཤིན་ཏུ་མཉེས། བླ་མ་ལས་སྣེ་སོགས་བསྐོ་བཞག་མཛད་ཅིང་ཚོགས་པར་མང་འགྱེད་བསྩལ།

༢༽དགོན་འདིར་བཤད་གྲྭ་ཐོག་མར་བཙུགས་ཚུལ། ས་ཁྱི་(1778)ལོར་རྒྱུད་གྲྭ་བཙུགས་ནས་བགྲང་བྱ་བཅུ་དྲུག་པ་ཆུ་མོ་གླང་གི་(1793)ལོར་ཁྲིམས་དཔོན་པོ་ཚང་ལ་འཁྲུངས་པ་ཀློང་རྡོལ་རིན་པོ་ཆེའི་དངོས་སློབ་ཁྲིམས་ཆོས་མཛད་བསོད་ནམས་བཀྲ་ཤིས་དང་། དམུ་དགེ་རྒྱམ་ཁོ་ཚང་ལ་འཁྲུངས་པ་ལྷ་རམས་པ་ཟུང་ཆུ་བློ་བཟང་དགེ་ལེགས་གཉིས་ཀྱིས་སྒོ་མང་ཡིག་ཆའི་སྟེང་ནས་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ་རྒྱུད་སྨད་དང་ཟུང་འབྲེལ་བྱས། མདོ་སྔགས་ཟུང་དུ་འབྲེལ་བ་ལ་བསླབ། དང་བོར་ཁྲིམས་ཆོས་མཛད་ཀྱིས་འཆད་ཉན་གནང་། དེ་ནས་ཟུང་ཆུ་དགེ་ལེགས་ཏེ་རྒྱམ་ཁོ་ལྷ་རམས་པ་བློ་བཟང་དགེ་ལེགས་ཁྲིར་བཞུགས།

2017 ལོར་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་གྲྭ་མང་གིས་སྨོན་ལམ་གསུང་བཞིན་པའི་སྐབས་ཀྱི་འདྲ་པར་ཞིག

དགོན་སྡེ་འདི་ཉིད་བསྐྱངས་མཁན་གྱི་བླ་མ་རིམ་བྱུང་། (རགས་བཤད།)[རྩོམ་སྒྲིག]

དགོན་པ་འདི་ཉིད་ཐོག་མར་རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས་ཕྱག་བཏབས་པ་དང་ཁོང་གིས་ཐོག་མར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲུལ་འཁོར་བསྐོར་ནས་གནས་བྱིན་རླབས་དང་ཆོས་ཕྱོགས་ཀྱི་བྱེད་སྒོའི་དབུ་ཚུགས།

དང་བོ། རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ།

གཉིས་པ། དགོན་སྡེ་འདི་ཉིད་སྟོང་སྐོར་རིམ་བྱུང་གིས་བསྐྱོང་ཚུལ།

2.1 སྟོང་སྐོར་སྐུ་འཕྲེང་གཉིས་པ་ཡོན་ཏན་རྒྱ་མཚོ། (1557-1587)

2.2 སྟོང་སྐོར་སྐུ་འཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོ། (1588-1639-

2.3 སྟོང་སྐོར་སྐུ་འཕྲེང་བཞི་བ་རྗེ་མདོ་རྒྱུད་རྒྱ་མཚོ། (-1683)

2.4 སྟོང་སྐོར་སྐུ་འཕྲེང་ལྔ་བ་རྗེ་ངག་དབང་བསོད་ནམས་རྒྱ་མཚོ། (1684-1752)

གསུམ་པ། ཧ་མཐའ་བླ་མ་སོགས།

བཞི་བ། ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན།

སྟོང་སྐོར་སྐུ་འཕྲེང་གཉིས་པ་ཡོན་ཏན་རྒྱ་མཚོ།[རྩོམ་སྒྲིག]

༡༽ སྟོང་སྐོར་སྐུ་འཕྲེང་གཉིས་པ་ཡོན་ཏན་རྒྱ་མཚོ་ནི། རབ་བྱུང་དགུ་བའི་མེ་སྦྲུལ་(1557) ལོར་འཁྲུངས། རྗེ་འདི་བ་དམུ་དགེ་དགོན་པར་ཕེབས་ཏེ་དགོན་སྡེ་བསྐྱངས། རབ་བྱུང་བཅུ་བའི་མེ་ཕག(1587) ལོར་འདས།

༢༽ དེ་ནས་སྐུ་འཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོ་རབ་ཕྱོགས་ས་བྱི་(1588) ལོར་འཁྲུངས། རྗེ་འདི་ཡང་དགོན་སྡེ་འདིར་ཕེབས་ཏེ་གཟིགས་སྐྱོང་གནང་། ང་གཉིས་པ་རབ་དྲག་ས་ཡོས (1639)ལོར་གཤེགས་ཀྱང་མངལ་དུ་སྲིད་པ་འཛིན་མ་དགོས་པར་སུག་ཆུའི་འགྲམ་དུ་རྒྱ་ཕྲུག་ལོ་བཅུ་དགུ་ཅན་ཞིག་གི་ཕུང་བོ་དུར་ཁྲོད་དུ་བསྐྱལ་བར་བྱ་འཕུར་བ་བཞིན་སྐད་ཅིག་ལ་འཕོས་ནས་ང་སྟོང་སྐོར་བ་ཡིན་ཞེས་ངོས་བཟུང་བར་བརྟེན། གོང་མའི་སྐུ་གདུང་དང་མཉམ་དུ་སྟོང་སྐོར་དུ་ཕེབས། ལམ་ནས་ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་བའི་དྲུང་ནས་རབ་བྱུང་གསར་སྒྲུབ་ཀྱིས་མཚན་ལ་འཇམ་དབྱངས་རྒྱ་མཚོར་བཏགས། དབང་ལུང་མན་ངག་མཐའ་ཡས་པ་གསན།

འདི་ནི་རྗེ་སྐལ་ལྡན་གྱིས།

“སྔགས་བསྟན་པའི་ཆོས་ཀྱི་བཅུད་བཟང་བོས། །

ཐུགས་བརྩེ་བས་གྲོང་འཇུག་བདེ་ལམ་ནས། །

དཔལ་མདོ་རྒྱུད་རྒྱ་མཚོའི་སྐྱེ་བ་བཞེས། །”” ཞེས་ཚད་ལྡན་དུ་བཞེད།

༣༽ སྟོང་སྐོར་སྐུ་འཕྲེང་སྔོན་མགཉིས་ཕེབས་པའི་འབྲེལ་གྱིས་དམུ་དགེ་དགེ་བཤེས་དཀའ་བཅུ་ཤཱཀྱ་རྒྱ་མཚོ་སོགས་ཀྱིས་རྗེ་མདོ་རྒྱུད་རྒྱ་མཚོ་དགོན་སྡེ་འདིར་གདན་དྲངས། དགོན་པ་ཕུལ། རྗེ་ཉིད་ནས་བྱམས་ཁང་། མགོན་ཁང་། འདུ་ཁང་། གཟིམ་ཁང་རྣམས་བསྐྲུན། བཀའ་འགྱུར། བསྟན་འགྱུར་གྱི་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་དང་། ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་དགོན་སྡེ་འདི་གཉེར་དུ་གཏད། རྗེ་འདིས་དམུ་དགེ་སྡེ་བཅོ་བརྒྱད། ཤར་ལེ་ཚོ་བཅོ་བརྒྱད། ནགས་རི་ཁག་གསུམ། ཟངས་དཀར་ཨ་མཆོག བྱམས་ཐང་ཁྲོ་ཁོ། ཁ་ནག་དབལ་ཤུལ། རྔ་བ་སོགས་ལ་དབང་བསྒྱུར། ཕྱོགས་འདིའི་རྒྱལ་བོ་ལྟ་བུ་བྱས། དགོན་འདིར་བཞི་སྐོར་དང་། ལ་བོང་སང་གི་ཁང་བ་དང་། གྲགས་པ་ཨ་རིགས་ཀྱི་ཁང་བ་སོགས་སྔོན་སྟོང་སྐོར་གྱི་ཡིན་ཞེས་གྱང་རྙིང་རྡོ་ཧྲུག་ཧ་ཅང་མང་བ་གྱང་ངོས་ལ་གྱང་རིས་ཡོད་པ་རིག་གནས་གསར་བརྗེའི་བར་དུ་གནས། དམུ་དགེའི་ཁོག་ཏུ་ཡང་རྡོ་ཏེའུ་འགབ་མའི་ཁང་བ་དང་། སྔོ་ཐེར་རྒྱ་སྒོའི་མན་གྱི་གདོང་སྣེའི་སྟེང་དུ་ལྷ་ཁང་ཆེན་པོ་དང་། སྨད་དུའང་དེ་ལྟ་བུའི་གདོང་སྣེར་ལྷ་ཁང་དང་། སྔོན་བོད་ཀྱིས་གདོང་སྣེའི་སྟེང་དུ་མཁར་རྩིག་པའི་སྲོལ་ལྟར་དམུ་དགེའི་ཁོག་སྟོད་སྨད་བར་གསུམ་དུའང་སྟོང་སྐོར་གྱི་ཁང་ཤུལ་མང་། རྗེ་འདི་ཞེ་ལྔ་བ་ཆུ་ཕག་(1683)ལ་གཤེགས།

༤༽ དེའི་སྤྲུལ་སྐུ་མཉྫུ་ཤྲཱི་རྗེ་ངག་དབང་བསོད་ནམས་རྒྱ་མཚོ་སྣང་རར་ཤིང་བྱི་(1684)ལོར་འཁྲུངས། རྗེ་འདི་ཉིད་ཀྱིས་ཀྱང་གཟིགས་སྐྱོང་བླ་ན་མེད་པ་གནང་། རྗེ་འདིས་མཛད་པའི་དམུར་བསང་བཞི་སྐོར་ཆེན་མོའི་ཡང་རྩེར་སྦྱར་ཞེས་པའང་ཡོད། དེའི་དུས་དགོན་པ་ཧ་མཐའ་བླ་མ་ལ་གཏད། སྙེ་ཐང་གི་གཞིས་ཀ་ས་ཞིང་བཅས་བདེ་ཚང་ཁྲི་རྒན་ལ་གཏད་དེ་ཁོང་ཉིད་རང་དགོན་དུ་ཕེབས། དེ་དུས་བྱམས་ཁང་གི་ཚངས་པའི་སྐུ་བརྙན་འབྱོན་གྲབས་བྱས་ཤིང་སྤྱན་ཆབ་བྱུང་། ད་ལྟའང་ཞལ་གྱི་ཁ་དོག་ལ་མཐོང་སྣང་མི་འདྲ་བ་བྱུང་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས་པ་ལྟར་ཡིན་ལ། རང་དགོན་དུ་ཕེབས་ཞེས་པ་སྟོང་སྐོར་མདོ་རྒྱུད་རྒྱ་མཚོས། རབ་དྲག་མེ་ཁྱི(1646)ལོར་ཟི་ལིང་སྟོང་སྐོར་བཏབ་པ་དེར་ཕེབས། ཆུ་ཡོས་(1723)དུས་འཁྲུགས་སྐབས་གཡེར་ཤོང་དུ་བཞུགས། ཆུ་སྤྲེལ(1752)ནག་ཟླར་རྒྱ་ནག་ཏུ་ཆིབས་བསྒྱུར་བ་ལོ་དེའི་བདུན་པའི་བཅུ་གསུམ་ལ་དེར་གཤེགས་ཀྱང་ཟེར། སྟོང་སྐོར་ལྷ་གཉེར་དུ་གྲགས་པ་རིམ་བསྐོས་ལ་སྡེ་བཅོ་བརྒྱད་ཀྱིས་འབྲུ་བསོད་འབུལ་སྲོལ་སྣང་ཞེས་པའང་རྗེས་སུ་བྱམས་ཁང་དེ་ལྷ་ཁང་གོང་མར་བསྒྱུར། དེའི་ལྷ་གཉེར་ལ་སྨད་ཚོ་བརྒྱད་ཀྱིས་སྟོང་སྐོར་བྲེ་ཁྲལ་དང་། མགོན་ཁང་ལྷ་གཉེར་ལ་སྟོད་ཚོ་བརྒྱད་ཀྱིས་མགོན་པོའི་བྲེ་ཁྲལ་ཞེས་པ་བཅོས་བསྒྱུར་བར་ཕྲན་ཚེགས་རེ་འབུལ་སྲོལ་སྣང་།

ཧ་མཐའ་བླ་མ་ལ་གཏད་པ།[རྩོམ་སྒྲིག]

སྔར་སྟོང་སྐོར་ལྔ་བ་བསོད་ནམས་རྒྱ་མཚོས་དགོན་པ་ཧ་མཐའ་བླ་མ་ལ་གཏད་པ་ནས། ཀུན་མཁྱེན་སྐུ་ཕྲེང་ལྔ་བ་རྗེ་བཙུན་བློ་བཟང་འཇམ་དབྱངས་བསྟན་པའི་རྒྱལ་མཚན་འདིར་ཕེབས་དུས་ཁོང་ལ་ཕུལ་བ་ཡིན། འཁྲུངས་དུས།1916འདས་དུས།1947 དེའི་བར་དམུ་དགེ་དགོན་གྱི་སྨོན་ལམ་དང་ལྔ་མཆོད་ཀྱི་ཁྲི་བ་ཧ་མཐའ་རིམ་བྱོན་གྱིས་གནང་། དེའི་རྗེས་མཁན་པོ་རིམ་བྱོན་གྱིས་གནང།

དགོན་སྡེ་འདི་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་ཕེབས་ཚུལ། (མུ་མཐུད་ནས་སྒྲིག་མུས་ཡིན།)

རྩོམ་དང་ལུང་ཁུངས།[རྩོམ་སྒྲིག]

“དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་།” རྩོམ་པ་བོ། དམུ་དགེ་ཤེས་རབ་རྒྱ་མཚོའམ་མིང་གཞན་དབྱངས་ལྡན་གྲུབ་པའི་གོ་ཆ། ནས་ཁོལ་འདོན་དང་གཞིར་བཞག་བྱས་ཡོད། འགའ་རེ་བསྒྱུར་བཅོས་ཕྲན་བུ་རེ་བྱས་ཡོད་མོད་ནང་དོན་ལ་འགྱུར་གང་ཡང་བཏང་མེད།

  1. ཀུན་མཁྱེན་སྐུ་འཕྲེང་ལྔའི་རྣམ་པར་ཐར་བ། རབ་རྒྱལ་ས་བྱི་(1948)ལོར་ནན་ཅིན་ནས་དཔར་དུ་བཀོད་པ།